ལམ་ནང་གི་སྨུག་པ།

 ལམ་ནང་གི་སྨུག་པ།

                 ཚེས་རིས།  ཀན་ལྷོ།

 

ཕྱི།  ཞོགས་པ།  ཡུལ་ལྗོངས།

       དུད་ཁྱིམ་དག་གི་ཁང་ཀླད་ལས་དུ་བའི་རྦ་རླབས་དལ་གྱིས་འཕྱུར་བ་མཐོང་ཐུབ་ཅིང་། སྐབས་དང་སྐབས་སུ་ཁྱི་སྐད་དག་ཀྱང་ཧ་ཅང་མངོན་གསལ་དོད་པོར་ཟུག་པ་གོ་ནུས། སྒོ་དར་རླུང་གིས་སྐྱོད་པའི་སྒྲ་དང་རླངས་འཁོར་དང་འཕྲུལ་རྟའི་དུང་བརྡ། ཚོང་ཁང་དག་གི་སྒོ་འགྲམ་ན་འདུར་བའི་མི་དག་གི་སྣང་བརྙན་ཧ་ཅང་གསལ་ལ། དེ་ལས་ཀྱང་མངོན་པར་གསལ་བ་ནི་ཚོང་ཁང་ཞིག་གི་སྒོ་འགྲམ་ན་མདུན་ཅོག་རྙིང་བ་ཞིག་མདུན་ལ་བཞག་ནས་སྡོད་པའི་མི་དེ་གཉིས་ཀྱི་སྣང་བརྙན་རེད། མི་དེ་གཉིས་ཕར་འགྲོ་ཚུར་འགྲོ་ཆེས་མང་བའི་རླངས་འཁོར་དག་ལ་བལྟས་ནས་འདུག་ཅིང་། སྐབས་རེར་མདུན་དུ་མི་རེ་ཐོན་ཚེ་དེ་མ་ཐག་རང་ཉིད་ཅི་ཞིག་བྱེད་མཁན་ཡིན་པ་གསལ་བཤད་བྱེད་སྲིད། གཅིག་གིས་རྟག་པར་འབྲི་དེབ་ཅིག་ཏུ་མིང་ཐོ་འགོད་བཞིན་ཡོད་ལ་གཞན་དེས་ཀྱང་རོགས་རམ་བྱེད་མུས་སུ་ཡོད།

                     

                         འཁྲབ་གཞུང་དངོས།

 

ཕྱི།  ཕྱི་དྲོ།  ར་སྐོར་ནང་། 

       མགོན་པོས་ར་སྐོར་ནང་གི་གད་སྙིགས་དང་ཁང་བའི་སྒེའུ་ཁུང་གི་ཤེལ་སྒོ་ཆག་འཕྲོ་དག་ལ་བལྟས་ཀྱིན་དངན་པ་ཞིག་འཐེན།  གློ་བུར་ཁ་པར་ཞིག་འབྱོར་བྱུང་།  དེ་ནི་གཞན་མིན་པར་རྡོ་རྗེ་རེད།


            “ཏིང་ཏིང་ཏིང་ཏིང་།”

རྡོ་རྗེ།   ཁྱོད་གང་དུ་ཡོད་དམ།(སྐད་མགོ་ཅུང་མཐོ།)

མགོན་པོ། ང་ཚོའི་སློབ་ཁྲིད་བྱེད་སའི་ར་སྐོར་ནང་དུ་གཙང་སྦྲ་བྱེད་རྩིས་ཡིན།  ཁང་བ་དང་སྒེའུ་ཁུང་། ར་སྐོར་ནང་ཚང་མ་གད་སྙིགས་རེད།  ད་ཅི་བྱེད་དམ།(ཅུང་འདང་རྒྱག་ནང་ལྷུང་བའི་བཟོ་ལྟ་སྟོན་ཞོར།)

རྡོ་རྗེ།  ཅུང་ཙམ་སྒུགས་དང་། ངས་སྒྲོལ་དཀར་དང་རྣམ་རྒྱལ་ཁྲིད་ནས་ཡོང་།

མགོན་པོ།   ཨོ་ཡ།


            ཅུང་ཙམ་འགོར་རྗེས་ཚང་མ་ར་སྐོར་དུ་འཛོམ་ཞིང་ཡར་ལྟ་མར་ལྟ་བྱས། (ཡུད་ཙམ་ལ།)


མགོན་པོ།  ར་སྐོར་འདི་ངས་ངོ་ཤེས་ཤིག་ལ་གཡར་བ་ཡིན། ཡིན་ནའང་།  སྒེའུ་ཁུང་གི་ཤེལ་ཚང་མ་བཅག་འདུག  ད་དུང་ཁང་བའི་ནང་ལ་གཞན་གྱིས་གཅིན་སྐྱག་བཏང་འདུག་པས། ང་ཚོ་དཀའ་ལས་ཆེན་པོར་འཕྲད་འདུག  ད་ཅི་བྱེད།

སྒྲོལ་དཀར། ད་ང་ཚོས་སློབ་ཁྲིད་བྱེད་དགོས་ཚེ། སྒོ་སམ་དང་རྐུབ་སྟེགས་སོགས་མེད་མི་རུང་མོད། ཅི་ཡང་མེད་ཚེ་ཇི་ལྟར་བྱ།

མགོན་པོ།  དེ་སློབ་གཙོར་བཤད་ནས་ཨེ་གཡར་བལྟས་ཆོག  དྲང་མོར་བཤད་ན་གཞན་དོན་དུ་བྱ་བ་ཞིག་སྒྲུབ་དགོས་ཚེ་དེ་སླ་བོ་མ་རེད། ང་ཚོ་མི་སུར་མཚོན་ནའང་ཐོག་མའི་སེམས་ཤུགས་གལ་ཆེན་རེད། ང་ཁྱོད་ཚོར་ཡིད་ཆེས་ཡོད་ཅེས་འཛུམ་ཙམ་བྱས།(གཞན་དག་གིས་ཀྱང་ཅི་ཡང་མི་ཟེར་བར་ར་སྐོར་ནང་གི་གད་སྙིགས་ལ་བདག་བྱས་རྗེས་སོ་སོར་གྱེས།)

 

ནང་། ཞོགས་པ། ཁང་བའི་ནང་།

 

མགོན་པོ།  ཨ་རོ། རྡོ་རྗེ་ཡིན་ནམ། (ཅུང་མ་རངས་པའི་ཉམས་དང་བཅས།)

རྡོ་རྗེ།   ཡིན།  ཅི་ཞིག་རེད་དམ།

མགོན་པོ།  ངས་ཁྱོད་ཚོར་བཤད་ཡོད་པ་མིན་ནམ། ད་སོ་མར་མིང་ཐོ་འགོད་སར་སོང་མོད། དེ་ན་མི་མི་འདུག  ཁང་བའི་ནང་ན་ཡང་མི་འདུག  དེ་ཅི་རེད།

རྡོ་རྗེ། (སྐད་ཤུགས་ཆུང་ངུ་དང་བཅས།) མགོན་པོ། སྒྲོལ་དཀར་དང་རྣམ་རྒྱལ་གཉིས་ཀྱིས་མདང་ནུབ་ཁ་པར་ཡོང་སྟེ་ང་ཚོར་མདུན་ཅོག་དང་སྒོ་སམ་ཙམ་ཡང་མེད་པར་སློབ་ཁྲིད་ཇི་ལྟར་བྱེད་ཟེར་མ་མོས་པའི་སྐད་ཆ་མང་པོ་བཤད་སོང་། དེ་བས། དེ་རིང་ནས་ཁ་པར་ཅི་བྱས་བཏང་ནའང་ལེན་གི་མི་འདུག ང་ལའང་ཐབས་ཤེས་མི་འདུག  ད་ཅི་བྱས་ན་དགའ། ཡང་མིན་ན་བསྐྱུར་འཇོག  འུ་གཉིས་འདི་ལྟར་སོང་ཚེ་དཀའ་ཁག་མང་པོ་འཕྲད་ངེས།

མགོན་པོ།  ཁྱོད་ཚོ་མ་འཐད་ནའང་ཆོག  ང་རང་གིས་འབད་ཆོག(སྐད་ཆ་དེ་བརྗོད་སྐབས་ཕར་ཆེར་སྤོ་ལངས་ཡོད། ཁ་པར་སྒོ་གཏན།)

 

ཕྱི། ཞོགས་པ། ར་སྐོར།

     མགོན་པོས་སློབ་གཙོར་མདུན་ཅོག་དང་རྐུབ་སྟེགས་འགའ་གཡར་ནས་ཁང་བ་ཐབས་ཆག་དེར་རང་ཚོད་ཀྱིས་གཙང་སྦྲ་བྱས་རྗེས། མིང་ཐོ་བཀོད་ཟིན་པའི་ཡུལ་མི་ཚོར་ཁ་པར་བཏང་ནས་ཉིན་གཉིས་འཕྲོར་སློབ་མགོ་རྩོམ་པའི་བརྡ་བརྒྱབ།

 

ནང་། ཞོགས་པ།  སློབ་ཁང་།

     དེ་རིང་ནི་སློབ་མགོ་རྩོམ་པའི་ཉིན་མོ་ཡིན་མོད། མི་གསུམ་ལས་ཐོན་མེད། ཐོན་ཡོད་པ་དག་ཀྱང་ལོ་ན་རྒན་ཤོས་དང་། སློབ་གྲྭར་འགྲོ་བའི་གོ་སྐབས་ཤོར་བའི་འབྲོག་པ་འགའ་རེད། ཁོ་ཚོས་དགེ་རྒན་མགོན་པོར་བལྟས་ནས་འཛུམ་ཙམ་རེ་བྱས།


མགོན་པོ།  ཁྱོད་ཚོ་བདེ་མོ། ད་ང་ཚོས་གནས་འདི་ནས་མཉམ་དུ་སློབ་སྦྱོང་བྱས་ཆོག  ངའི་རེ་བ་ཡང་ཕ་ཡུལ་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་ཤོར་ཟིན་པའི་མི་དག་ལ་ཡིག་ངོ་ཙམ་ཟིན་ཆེད་དུ་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་སློབ་ཁྲིད་ཅིག་བྱེད་བསམ་པ་ཡིན། ང་ཚོའི་ཁྲིད་བྱ་ནི་རྒྱ་ཡིག་དང་བོད་ཡིག  རྩིས་རིག་བཅས་ཡིན། བོད་ཡིག་དང་རྩིས་རིག་ངས་ཁྲིད་ཆོག  རྒྱ་ཡིག་སློབ་ཆེན་མཐར་ཕྱིན་པའི་བུ་མོ་འདིས་ཁྲིད་ངེས་ཅེས་འཁྲིས་ཀྱི་རང་གི་ཚ་མོ་དེ་སྟོན་ཙམ་བྱས།(སྐབས་འདི་ནས་བཟུང་སློབ་ཁྲིད་བྱེད་པའི་ངོས་དང་ཟུར་མི་འདྲ་བ་དག་རེ་རེ་བཞིན་འཆར་ལ། རིམ་བཞིན་སློབ་གྲྭར་འགྲོ་སྐལ་མ་ལྡན་པའི་འབྲོག་པ་འགས་ཉིན་བཅོ་ལྔར་སློབ་སྦྱོང་བྱས་པ་དང་། སློབ་མ་རེ་ཟུང་གིས་ཀློག་ཀྱང་ཡག་པོ་ཤེས་པའི་རྣམ་པ་སོགས་མདོར་ན་གོ་ཅུང་ཆོད་པའི་རིགས་མཐོང་ཐུབ།)

 

ལོ་བཅུའི་རྗེས་སུ།

 

ཕྱི།  ཞོགས་པ།   ར་སྐོར། 

      འདིའི་སྐབས་སུ་སྡེ་བ་གཞུང་ནས་ཁང་པ་ཞིག་གཡར་ཡོད་མོད། ཡིན་ནའང་། ཁང་པ་གཡར་ཡོད་པ་དག་གི་སྒོ་དང་སྒེའུ་ཁུང་། ཤེལ་ཁང་ཚང་མ་བཅག་ནས་ཕར་བལྟས་ཚེ་མཚེལ་ཤུལ་ལྟ་བུ་ཞིག་ཏུ་བཏང་ཡོད། མ་ཟད། ཁང་པའི་སྒོ་ཟྭ་དག་གཏོར་ནས་ནང་གི་མདུན་ཅོག་དང་རྐུབ་སྟེགས། སྒོ་སམ་སོགས་ཚང་མ་བཅག་པའམ་ཁྱེར་ནས་ཁང་པའི་ག་ས་གང་དུ་གཅིན་སྐྱག་སོགས་བཏང་ཡོད་ཅིང་། ཕར་བལྟས་ཚོད་ལ་སློབ་བྱོལ་དུ་ཕྱིན་པའི་བྱིས་པ་དག་འཛུལ་ནས་པྲ་ཚགས་བྱས་པའམ་རྐུན་མ་དག་གིས་བཅོམས་སོང་བ་ལྟ་བུ་ཞིག་ཏུ་མངོན་ཡོད།

 

ནང་།   ཞོགས་པ།  སློབ་ཁང་།

     མགོན་པོས་ཤུགས་རིང་ནར་ནར་ངང་གཙང་སྦྲ་བྱེད་ཀྱིན་ཡོད་ཅིང་། རོགས་བྱེད་དུ་ཡོང་བའི་སྡེ་བ་གཞུང་གི་སློབ་མ་བཅུ་གྲངས་ཤིག་ཐོན་ཡོད། དེ་དག་ཚང་མ་སློབ་ཆེན་གྱི་དངོས་གཞིའི་སློབ་མ་རྐྱང་རེད། དེ་དག་གིས་ཀྱང་མགོན་པོའི་ལྷད་མེད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རང་དང་བཅས་སྐྱིད་སྡུག་མཉམ་མྱོང་བྱེད་གི་ཡོད།

 

མགོན་པོ། ཚང་མ་འདིར་ཤོག་ཅེས་བོས།(ལག་པས་གདོང་གི་རྔུལ་ཆུ་ཕྱི་བཞིན།)ཡ་ད་ཚང་མས་ངལ་གསོ་བྱོས། སྔ་དྲོའི་ལས་ཀ་མཚམས་འདི་ནས་འཇོག ཚང་མར་བཤད་རྒྱུ་ཞིག་ཡོད་པ་ནི་ང་ཚོས་རང་གི་ཕ་ཡུལ་གྱི་སློབ་གྲྭར་འགྲོ་སྐལ་མ་ལྡན་པའི་འབྲོག་པ་ཚོར་རྒྱ་ཡིག་དང་བོད་ཡིག རྩིས་རིག་བཅས་ཀྱི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད་པས། ཚང་མས་རང་སེམས་སུ་གྲ་སྒྲིག་ཡོད་པར་ཡིད་ཆེས་ཡོད། ལྷག་པར། ང་ཚོར་ཚད་ལྡན་གྱི་སློབ་གྲྭའི་མིང་ཐོབ་དང་སློབ་ཁྲིད་ཞུས་ཆོག་གི་ཡི་གེ་སོགས་མེད་པས། ཚང་མས་རང་ས་ནས་གཟབ་གཟབ་དང་སློབ་མ་དག་ལའང་ཕན་གང་ཐོགས་ཐོགས་བྱེད་དགོས་ལུགས་ཞུས། (དེ་ནས་རང་རང་སར་སོང་།)

 

ཕྱི།  ཕྱི་དྲོ།  ར་སྐོར། 

       དགེ་རྒན་དག་འདུས་ནས་མི་རེས་སྒོར་བརྒྱ་རེ་གཞུང་ལ་བསྡུས་རྗེས། སྒོ་སམ་དང་ས་སྨྱུག  ལྕགས་ཐབ་རེ་ཟུང་ཉོས་རྗེས་སློབ་ཁང་དག་ལ་གད་བདར་དང་བར་ཁྱམས་སོགས་ཡོད་ཚད་གཙང་མར་བཟོས།  དེ་དག་ཚར་རྗེས་ཚང་མ་གཅིག་ཏུ་འདས་རྗེས་སློབ་ཁྲིད་བཀོད་སྒྲིག་བྱས།

 

ཕྱི།  ཞོགས་པ།   ར་སྐོར། 

      དེ་རིང་ནི་ལོ་བཅུའི་རྗེས་ཀྱི་སློབ་མགོ་ཚུགས་པའི་ཉིན་མོ་རེད། སྔར་དང་བསྡུར་ན་སློབ་མ་ལྡབ་ཀྱིས་ཇེ་མང་ལ་སོང་འདུག   ཕལ་ཆེ་བ་ལོ་ན་ཆེར་སོན་པའི་སྐྱེས་པ་དང་། ཅུང་གཞོན་ཉམས་ལྡན་པའི་བུད་མེད་ཀྱང་འགའ་རེ་མཆིས།  ཁོ་ཚོ་ཚང་མ་མགོན་པོས་བཤད་པ་ལྟར་འཛིན་གྲྭ་འགར་བགོས་ཤིང་ཕྱི་དྲོ་ནས་སློབ་ཁྲིད་ཞུ་རྒྱུ་ཡིན་པའི་གནས་ཚུལ་བཤད།

 

     (གསལ་བཤད།) དེའི་ཕྱི་དྲོ་ནས་བཟུང་སློབ་ཁྲིད་མགོ་ཚུགས་ཤིང་དགེ་རྒན་དག་ལ་ལས་བགོས་བྱས་པ་ལྟར་རང་རང་གི་ཁྲིད་བྱ་ལ་འབད་པ་ཆེན་པོ་བྱས། ཞོགས་པ་ནས་ཕྱི་དྲོའི་སློབ་ཁྲིད་གྲོལ་རག་བར་སོ་སོའི་འབད་པ་སྔར་མུས་བཞིན་རྒྱུན་བསྐྱངས། སློབ་ཁང་ནང་ལ་གཙང་སྦྲ་དང་སློབ་ཁང་སོ་སོར་མེ་ཁ་གསོ་བའང་དགེ་རྒན་དག་གིས་འགན་ཁུར་ནས་ཉིན་བཅོ་ལྔའི་དུས་ཚོད་ཕར་འདས།

 

མཇུག་མཐའི་སྙིང་གཏམ།

 

ཕྱི།  ཕྱི་དྲོ། ར་སྐོར། 


མགོན་པོ། 

     དགེ་རྒན་ཚང་མ་བདེ་མོ། སློབ་གྲོགས་ཚང་མ་བདེ་མོ།  དེ་རིང་ནི་ང་ཚོའི་ཉིན་བཅོ་ལྔའི་སློབ་ཁྲིད་བྱས་ཚར་བའི་མཇུག་མཐའི་ཉིན་མོ་རེད། ངས་བརྗོད་འདོད་པ་ནི་ལོ་འདི་འགར་ང་ཚོ་དཀའ་ཁག་མང་པོ་ཞིག་ལ་འཕྲད་མྱོང་། 

     འོན་ཀྱང་། དཀའ་ཁག་དང་བཤད་ཡམས་འདི་དག་ལ་གདོང་གཏད་ནས་མཚམས་འདིར་འཐོན་རྗེས། ང་ཚོར་ཐོབ་པའི་གྲུབ་འབྲས་ཀྱང་ཡག་པོ་འདུག་སྙམ་སོང་། དཔེར་མཚོན་ལ། སྔོན་ཆད་ཉིན་བཅོ་ལྔའི་སློབ་ཁྲིད་ཐོག་མར་མགོ་ཚུགས་དུས་ཀྱི་སྐབས་སུ་ཐོན་པའི་སློབ་མ་སངས་བཀྲ་ལྟ་བུར་མཚོན་ན་སྤྱིར་བཏང་གི་མི་དང་བསྡུར་ན་རྣའི་དབང་ཚོར་ཉམས་ཡོད་རྐྱེན་གཅིག་པུར་གནས་ཤིག་ནས་སློབ་ཁྲིད་མ་བྱས་ན་མི་གོ་མོད། ད་བར་དུ་ཁོ་རང་གི་རྒྱུན་མཁྱོངས་ལ་བརྟེན་ནས་བོད་ཡིག་གིས་ཉིན་ཐོ་ལྟ་བུ་རེ་བྲིས་ནའང་ཆེས་ཚེགས་མེད་དུ་འབྲི་ནུས་ཤིང་། ལྷག་པར། ཕྱིས་ཀྱི་སློབ་མ་སྒྲོལ་མཚོར་མཚོན་ནའང་ལོ་བཞི་བཅུར་སོན་ཡོད་ནའང་འབད་པ་བྱས་རྐྱེན་ད་ལྟ་རྒྱ་ཡིག་དང་བོད་ཡིག་ཅུང་འགྲིག་བསྡད་ཡོད་པའི་གནས་སྟངས་ཆགས་ཡོད། འདི་དག་ཚང་མ་ང་དང་ངའི་དགེ་གྲོགས་ཚང་མའི་རེ་བ་ཡིན་ལ། ཕ་ཡུལ་གྱི་སྲིད་གཞུང་དང་མང་ཚོགས་དག་གིས་ཀྱང་སྔར་དང་བསྡུར་ན་ང་ཚོར་ཐོག་མཐའ་ཀུན་ཏུ་རྒྱབ་སྐྱོར་དང་རོགས་རམ་ཞུས་པའི་བཀའ་དྲིན་ཡིན། ཚང་མར་བཀའ་དྲིན་ཆེ། (སྐབས་འདིར་མགོན་པོའི་སྐད་ཇེ་གཉོམ་དུ་ཕྱིན་ཡོད་ལ། མིག་མཐར་དགའ་སྐྱོ་ཟུང་གི་མཆི་མ་ཞིག་ཉི་འོད་ཀྱི་འོད་དང་བསྡེབས་ནས་ཇེ་གསལ་དུ་ཕྱིན་འགྲོ།)

 

མཇུག་བརྙན།                       

         སྐབས་འདིར་དགེ་རྒན་དག་གིས་སློབ་མ་ཚོར་མིག་སྐྱེལ་གཏོང་བའི་རྣམ་པ་ཞིག་མཐོང་འོང་ལ། སློབ་མ་ཚོ་སོང་ཚར་རྗེས། དགེ་རྒན་མགོན་པོ་ཁོང་ཡང་སྲ་མཁྲེགས་ཀྱི་རྡོ་གཅལ་ལས་དལ་གྱིས་འགྲོ་བ་མཐོང་ཐུབ་ཅིང་། རིམ་གྱིས་རྒྱུས་ཡོད་ཀྱི་རྒྱབ་གཟུགས་དེ་རབ་རིབ་མག་མོག་ཏུ་གྱུར་པའི་རྣམ་པ་མཐོང་ཐུབ།


        གསལ་བཤད། འཁྲབ་གཞུང་འདིའི་སྐོར་རྩོམ་པ་པོ་ཚེས་རིས་ཁོང་ལ་འབྲེལ་བ་གནང་རོགས། འབྲེལ་གཏུགས་བྱ་ཡུལ། 15390624741


དཔྱད་མཆན་ཡོད།