སོག་པོའི་རྩྭ་ཐང་གི་གནམ་གཤིས་དྭངས།

1136969972.jpg

སོག་པོའི་རྩྭ་ཐང་གི་གནམ་གཤིས་དྭངས།

ཕུར་སྲུང་སྐྱབས་ཀྱིས་བསྒྱུར།

1543848059.jpg

1234868361.jpg

       ༡༩༩༩ལོའི་སྟོན་ཀར། ཉི་ཧོང་གི་མྱུལ་དཔྱད་པ་སེ་ཁི་ནོ་ཡོ་ཞི་ཧ་རུ་ཟེར་བ་ཞིག་ལྕགས་རྟ་བཞོན་ནས་གླིང་ཆེན་ཨ་ཧྥེ་རི་ཀར་མྱུལ་དཔྱད་བྱེད་པར་འགྲོ་བའི་ལམ་བར་དུ་སོག་པོ་བརྒྱུད་དེ་སོང་། ཁོ་ལམ་བར་ནས་ལོ་ན་༦ལ་སོན་པའི་བུ་མོ་ཆུང་ཆུང་ཕུར་སྐྱེས་ཀྱིས་རྟ་བཞོན་ཏེ་ནོར་ལུག་འཚོ་བཞིན་པ་དང་འཕྲད། སེ་ཁི་ནོ་ཡིས་མྱུར་དུ་པར་ཆས་བླངས་ཏེ་ཁོ་མོའི་བཟོ་ལྟ་པར་ལེན་མགོ་རྩོམ་སྐབས་ཕུར་སྐྱེས་ཀྱིས་"ཁྱེད་རང་གནས་འདི་རུ་པར་རྒྱག་གི་ཡོང་པ་ཡིན་ན། པར་རྒྱག་མ་ཡོང་"ཞེས་བཤད་མོད། འོན་ཀྱང་བུ་མོ་ཕུར་སྐྱེས་ཀྱིས་ཐུན་མིན་གྱི་ཕྱི་ཚུལ་དེས་སེ་ཁི་ནོར་སྤྲོ་སྣང་འཕེལ་བར་བྱས་ནས་ཁོ་གཉིས་བར་གྱི་མཛའ་བརྩེའི་སྒོ་མོ་ཕྱེ།

589243381.jpg

159387251.jpg

       ཉིན་འགའི་རྗེས་ནས་ཁོ་ཚོས་ཕུར་སྐྱེས་ཚང་གི་ཁྱིམ་བཙལ་ནས་རྙེད་ལ། གཉེན་ཉེ་འཐད་པ་བྱུང་རྗེས་བུ་མོ་ཕུར་སྐྱེས་ཚང་ལ་འཚམས་འདྲིར་སོང་། ཕུར་སྐྱེས་ཀྱི་རྨོ་བོ་ལགས་ཀྱིས་བཤད་རྒྱུར། ཕུར་སྐྱེས་ཀྱི་ཨ་ཕ་ལོ་ཁ་ཤས་ཀྱི་སྔོན་ནས་ཁལ་ཁ་ཁུ་རལ་དུ་ལས་ཀར་སོང་ནས་ད་ལྟའི་བར་དུ་གནས་ཚུལ་ཅི་ཡང་གོ་རྒྱུ་མ་བྱུང་ཟེར་ལ་ཨ་མ་ཟླ་བ་གསུམ་གྱི་སྔོན་ནས་རྟ་༣༩བོར་སོང་བ་དག་འཚོལ་དུ་སོང་བས་ད་དུང་ཕྱིར་སླེབས་མ་བྱུང་ཟེར། དེའི་ཕྱིར་ཕུར་སྐྱེས་ཀྱིས་ཕ་མ་མེད་པའི་སྐབས་དེར་ཁྱིམ་ཚང་གི་འགན་ཁུར་ཡོད་ཚད་ཁོ་མོའི་ཕྲག་ཏུ་བབས། མྱུལ་དཔྱད་པ་སེ་ཁི་ནོ་•ཡོ་ཞི་ཧ་རུ་ཕུར་སྐྱེས་ཀྱི་མཚར་སྡུག་ལྡན་པའི་འཛུམ་མདངས་ལ་དགའ་ཞེན་སྐྱེ་ནས་ཡུལ་དེར་ཉིན་ཁ་ཤས་ཤིག་བསྡད་དེ་ཕུར་སྐྱེས་ཀྱི་འཚོ་བ་ཡོད་ཚད་གློག་བརྙན་དུ་ཕབ་མགོ་བརྩམས།

895576634.jpg

587592253.jpg

455238672.jpg

        ཡུན་རིང་མ་སོང་བར་ཕུར་སྐྱེས་ཀྱི་ཨ་མ་ཕྱིར་ཁྱིམ་དུ་སླེབས་ཀྱང་རྟ་གཅིག་ཀྱང་བཙལ་ནས་རྙེད་མ་བྱུང་། དགུན་ཁ་སླེབས་པ་དང་མཉམ་དུ་བུ་མོ་ཕུར་སྐྱེས་ཚང་དགུན་ས་ལ་གནས་སྤོ་མགོ་བརྩམས་ལ་སེ་ཁི་ནོ་ཡང་གླིང་ཆེན་ཨ་ཧྥེ་རི་ཀར་འགྲོ་རྩིས་བྱས། མཇུག་མཐར་སེ་ཁི་ནོ་ཡིས་རྗེས་དྲན་གྱི་ཚུལ་དུ་ཕུར་སྐྱེས་ཀྱི་ཁྱིམ་མི་གང་བོ་མཉམ་པར་ཁ་ཤས་བླངས། ཕུར་སྐྱེས་ཀྱིས་སེ་ཁི་ནོ་ལ་རྟ་ར་ར་ཞིག་ལེགས་སྐྱེས་སུ་བྱིན་ནས་"ཁྱེད་རང་རྟ་དེར་བཞོན་ནས་གླིང་ཆེན་ཨ་ཧྥེ་རི་ཀར་འགྲོ་ཆོག་"ཅེས་བཤད། སྐབས་དེར་ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེ་ནས་རྟ་དེ་གླིང་ཆེན་ཨ་ཧྥེ་རི་ཀར་འཁྲིད་ཐབས་མ་རྙེད་པས་ཁོས་ཕུར་སྐྱེས་ལ་གསོ་སྐྱོང་བྱ་དགོས་པའི་རེ་བ་བྱས་ཤིང་། སང་ལོའི་དཔྱིད་ཀར་ཁོ་རང་ད་དུང་ཡོང་རྒྱུའི་དམ་བཅའ་བྱས།

1030112232.jpg

1432539427.jpg

     སེ་ཁི་ནོ་འགྲོ་ཁར་ཕུར་སྐྱེས་ལ་ཁྱེད་རང་ནར་སོན་རྗེས་བྱ་བ་ཅི་ཞིག་སྒྲུབ་འདོད་ཅེས་དྲིས་པ་ན། ཕུར་སྐྱེས་ཀྱིས་ང་རང་སློབ་གྲྭར་སོང་ནས་མ་འོངས་པ་ན་དགེ་རྒན་ཞིག་བྱེད་འདོད་ཅེས་བཤད།རྨོ་བོ་དང་ཨ་མ་གཉིས་ཀྱིས་ཀྱང་མོ་ལ་རྒྱབ་སྐྱོར་བྱེད་བཞིན་འདུག ཕྱིའི་འཇིག་རྟེན་ལ་མཚར་སྣང་གིས་ཁེངས་པའི་བུ་མོ་ཕུར་སྐྱེས་ཀྱི་རང་གི་མ་འོངས་པའི་འཚོ་བར་རེ་སྒུག་ཆེན་པོ་བྱེད་བཞིན་འདུག

676148561.jpg

        ལོ་སར་གྱི་སྐབས་སུ་སེ་ཁི་ནོ་ལ་ཕུར་སྐྱེས་ཀྱི་ཨ་མས་བསྐུར་ཡོང་བའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ཅིག་འབྱོར།

ཁྱོད་བདེ་མོ་ཡིན་ནམ།

ང་ཚོ་ཚང་མ་སྐྱིད་པོ་བདེ་མོ་ཡིན།

ཁྱོད་རང་བདེ་འཇགས་ངང་ཕྱིར་ཉི་ཧོང་དུ་ལོག་ཡོད་དམ།

ད་ལོའི་དགུན་ཁ་གནམ་གཤིས་ཅུང་ཙམ་འཁྱགས་ནའང་ང་ཚོ་ཚང་མ་སྐྱིད་པོ་བདེ་མོ་ཡིན། ཁྱོད་ཀྱི་རྟ་ར་ར་དེའང་ཧ་ཅང་བདེ་མོ་སྐྱིད་པོ་རེད། ང་ཚོས་ད་དུང་བོར་སོང་བའི་རྟ་བཙལ་ནས་མ་རྙེད་པ་དང་། ད་ལོ་ནས་བཟུང་ཕུར་སྐྱེས་ཀྱང་སློབ་གྲྭར་འགྲོ་དགོས་པས་ཁོ་མོས་ཉིན་རྒྱུན་དུ་ཁྱོད་རང་གླེང་བཞིན་འདུག ཡང་ལོ་གསར་པ་ཞིག་རེད། ཁྱོད་དང་ཁྱེད་ཀྱི་གཉེན་ཉེ་ཚང་མ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།

ཁྱོད་ཀྱིས་མི་ཞིག་བཙལ་ནས་ཉི་ཧོང་གི་ཡི་གེར་བསྒྱུར་རོགས། ཐེངས་རྗེས་མར་མཇལ་ཡོང་། སྐུ་གཟུགས་ལ་གཅེས་སྤྲས་གནང་རོགས།

1374821764.jpg

686360527.jpg

       ཕྱི་ལོའི་དཔྱིད་ཀར་སེ་ཁི་ནོས་རང་གིས་དམ་བཅའ་བྱས་པ་ལྟར་སླར་ཡང་སོག་པོའི་རྩྭ་ཐང་གི་ཁྱིམ་ཚང་དེར་སླེབས། བུ་མོ་ཕུར་སྐྱེས་ཀྱིས་ཁོ་རང་སླེབས་པ་མཐོང་ཡང་གདོང་ལ་འཛུམ་མདངས་མེད་ཅིང་ངོ་མི་ཤེས་པའི་ཟོལ་ཞིག་བསྟན་པས་སེ་ཁི་ནོའི་སེམས་ལ་དོགས་པ་ཞིག་བྱུང་། སེ་ཁི་ནོས་རྨོ་བོའི་ཁ་ནས་ཕུར་སྐྱེས་ཀྱི་ཨ་མ་ཚེ་ལས་འདས་པའི་གནས་ཚུལ་ཤེས་རྟོགས་བྱུང་། 

      རྨོ་བོས་དགོང་མོ་ཞིག་ལ་ཕུར་སྐྱེས་ཀྱི་ཨ་མས་དང་ཐོག་ཁོ་མོར་རྟ་འཚོལ་རོགས་བྱེད་མཁན་གྱི་མི་དེར་བལྟ་རུ་འགྲོ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་མོ་རྟ་ཐོག་ནས་མར་ལྷུང་བ་མ་ཟད་རྗེས་ནས་ཡོང་བའི་རྟ་ཞིག་གིས་མོ་རང་རྡོག་བརྫིས་བྱས་པ་རེད། ཁྱིམ་དུ་ལོག་རྗེས་རྒྱབ་ན་བ་ཙམ་ལས་སྐྱོན་མི་འདུག་བསམ་ནས་དོ་སྣང་ཆེན་པོ་མ་བྱས། ཉིན་འགའི་རྗེས་ནས་རྨས་སྐྱོན་ཚབས་ཇེ་ཆེར་གྱུར་ནས་མོ་རང་ཟུག་གཟེར་ཚད་མེད་ཀྱིས་མནར་ལ། ང་ཚོས་ཉིན་གསུམ་ལ་མྱུར་སྐྱོབས་རླངས་འཁོར་བོས་ཀྱང་མ་ཐོན། དེ་བས་ཁོ་ཚོ་རང་ཉིད་ཀྱིས་རླངས་འཁོར་བཙལ་ནས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་མོད། འོན་ཀྱང་སྨན་ཁང་དུ་ཁོ་ཚོར་ཉེན་འགོག་འགན་ལེན་མ་བྱས་པའི་རྐྱེན་གྱིས་སྨན་བཅོས་དང་ལེན་མ་བྱས་པ་དང་ཉིན་དེར་ཕུར་སྐྱེས་ཀྱི་ཨ་མའང་ཚེ་ལས་འདས་ཅེས་བཤད།

47065800.jpg

         ཕུར་སྐྱེས་ནི་སྔོན་དང་བསྡུར་ན་ཞི་འཇམ་དུ་གྱུར་པ་དང་། མ་གཞི་གདོང་ལ་འཛུམ་མདངས་ཀྱི་ཁེངས་པའི་བུ་མོ་ཆུང་ཆུང་སྙིང་རྗེ་མོ་དེའི་གདོང་ལ་སྐྱོ་སྣང་གི་ཁེངས་འདུག རྨོ་བོས་ཨ་མ་ཚེ་ལས་འདས་རྗེས་ཕུར་སྐྱེས་ཀྱི་ཉིན་བཅུ་ཕྲག་ལྷག་གི་རིང་དུ་ངུས་ལ། ཞང་པོ་ཕྱིར་ཁྱིམ་དུ་སླེབས་རྗེས་སྔོན་དང་བསྡུར་ན་ཅུང་ཙམ་ཇེ་བཟང་དུ་གྱུར་ཟེར། ཕུར་སྐྱེས་ཀྱིས་སྔོན་དང་འདྲ་བར་ཕྱུགས་འཚོ་བ་དང་བུད་ཤིང་འཐུ་བ། ཁྱིམ་ལས་སོགས་ལས་བཞིན་ཡོད། མོ་ནི་མི་བསམ་ཤེས་ཞིག་དང་འདྲ་བར་ཤ་ཚ་མཁན་ཞིག་རེད། སེ་ཁི་ནོ་ཕུར་སྐྱེས་ཀྱི་གམ་དུ་སོང་ནས་མོ་ལ་སེམས་གསོ་བྱེད་པ་དང་མཉམ་དུ་གཞེས་ནིང་བརྒྱབ་པའི་འདྲ་པར་ཁ་ཤས་བླངས་ཏེ་བྱིན། འདྲ་པར་དེ་དག་ལས་ཨ་མ་ཞིག་གི་འཛུམ་པའི་ཞལ་རས་ཀྱང་མཐོང་ནུས་པས་བུ་མོ་ཕུར་སྐྱེས་ཀྱི་སེམས་ལ་དགའ་སྐྱོ་ཟུང་གི་སྣང་བ་དབང་མེད་དུ་ཤར། ཁོས་ད་དུང་བུ་མོ་ཕུར་སྐྱེས་ལ་རྩེད་འཕྲུལ་ཞིག་ལེགས་སྐྱེས་ཀྱི་ཚུལ་དུ་བྱིན་པ་དང་ཁོ་མོར་འོས་འཚམས་ཀྱི་ལྷོད་གཡེང་ཞིག་བྱེད་དུ་བཅུག་ནས་མོའི་ཡིད་དུ་འོང་བའི་གདོང་ལ་ད་གཟོད་འཛུམ་མདངས་ཀྱིས་ཁེངས།

491354582.jpg

859466964.jpg

       ཡུན་རིང་མ་འགོར་བར་ཨ་མའི་རེ་འདུན་ལྟར་ཕུར་སྐྱེས་སློབ་ཆུང་འགྲིམས་པའི་བསྐལ་བ་ལྡན་སོང་། ཉིན་དེར། ཞང་པོས་ཕུར་སྐྱེས་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ཡོང་བར་རེ་སྒུག་བྱེད་མ་ཐུབ་པར་སྔོན་ལ་ལྕོག་ལེའི་ཀ་ར་ཞིག་འཁྱེར་ནས་ཕུར་སྐྱེས་ལ་སློབ་མགོ་ཚུགས་པའི་ལེགས་སྐྱེས་སུ་བྱིན། ཁྱིམ་མི་གང་བོས་ཕུར་སྐྱེས་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་གདོང་ལ་དགའ་སྤྲོས་ཁེངས་འདུག

        སེ་ཁི་ནོ་མུ་མཐུད་དུ་གླིང་ཆེན་ཨ་ཧྥེ་རི་ཀར་ལྟ་སྐོར་དུ་འགྲོ་དགོས་ལ། ཁོ་འགྲོ་ཁར་ཡང་བསྐྱར་ཕུར་སྐྱེས་ལ་ཁྱེད་རང་ནར་སོན་རྗེས་བྱ་བ་ཅི་ཞིག་སྒྲུབ་འདོད་ཅེས་དྲིས་པ་ན། ཕུར་སྐྱེས་ཀྱིས་ངས་ཉི་ཧོང་གི་སྐད་སྦྱངས་རྗེས་ཉི་ཧོང་གི་ལོ་ཙཱ་བ་ཞིག་བྱེད་འདོད་ཟེར། ཁོ་ཚོས་ཁ་ཆད་བཞག་ནས་ཕུར་སྐྱེས་ཀྱིས་ཉི་ཧོང་གི་སྐད་ཤེས་རྗེས་ཉི་ཧོང་ནས་ཐུག་འཕྲད་གནང་རྒྱུ་བྱས།

991964380.jpg

2027518150.jpg

707461690.jpg

     ལོ་ངོ་བཞིའི་རྗེས་སུ་སེ་ཁི་ནོ་སླར་ཡང་རང་ཉིད་ཆ་རྒྱུས་ཡོད་པའི་ས་ཆ་དེར་སླེབས། ད་ཐེངས་ཁོ་ལ་བསུ་བ་བྱེད་མཁན་ནི་བུ་མོ་ཆུང་ཆུང་ཕུར་སྐྱེས་ཀྱི་མ་སྤུན་གཅུང་པོ་ཡིན་པ་དང་ཁོ་གཞི་ནས་ནར་སོན་ཞིང་། ཁོས་རྟ་ལ་བཞོན་པའི་ཚུགས་ཀ་ནི་ཁོ་རང་དང་ཐོག་ཕུར་སྐྱེས་འཕྲད་དུས་དང་ཧ་ཅང་འདྲ། རྨོ་བོའང་རྒས་ནས་ངོ་གདོང་ལ་སྐྱོ་གདུང་གི་གཉེར་མས་གང་འདུག 

        དུས་དེ་ནས་བཟུང་བུ་མོ་ཕུར་སྐྱེས་ཁོའི་མིག་ལམ་དུ་མངོན་རྒྱུ་མ་བྱུང་ལ། རྒྱུ་མཚན་ནི་བུ་མོ་ཕུར་སྐྱེས་སློབ་ཆུང་ནས་མཐར་ཕྱིན་རྗེས། འབྲིང་རིམ་སློབ་གྲྭར་རྒྱུགས་མ་སྤྲད་པའི་སྔོན་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་འཇིག་རྟེན་མི་ཡུལ་དང་ཁ་བྲལ། ཕྱིའི་འཇིག་རྟེན་ལ་མཚར་སྣང་གིས་ཁེངས་པའི་བུ་མོ་ཕུར་སྐྱེས་ཀྱི་རང་གི་མ་འོངས་པའི་ཕུགས་བསམ་མངོན་འགྱུར་བྱེད་མ་ཐུབ་པར་འཇིག་རྟེན་གཞན་ཞིག་ཏུ་རང་ཉིད་ཀྱི་ཨ་མ་བཙལ་དུ་སོང་། གློག་བརྙན་ཡང་འདི་ལྟར་མཇུག་རྫོགས་སོ། །

 

འཇིག་རྟེན་འདིར་ཐག་ཆོད་པའི་བྱ་བ་ཅི་ཡང་མེད། །

གཏན་འཁེལ་གཅིག་ཡོད་པ་ནི་འཆི་བ་མི་རྟག་པའོ། །

                                                                                                      _____རྫོང་སར་མཁྱེན་བརྩེ་རིན་པོ་ཆེས།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།