ཁ་སང་དགོང་མོ་སྟེ། སྤྱི་ལོ༢༠༡༤ལོའི་ཟླ༡༢པའི་ཚེས༨ཉིན་གྱི་དགུང་མོའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཡར་མར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནུབ་ཀྱི་ཤེས་རིག་ཐོག་ཁང་གི་གསུམ་ཐོག་ན། བོད་མི་མང་བོ་ཞིག་འཚང་ཁ་ཤིག་ཤིག་གིས་སློབ་ཁང་ཞིག་གི་སྒོར་འདུས་ཏེ། སྐོར་དང་སྐོར་བྱས་ནས་ཁ་བརྡ་དང་ཀུ་རེ་གློད་ཅིང་། སློབ་ཁང་དེའི་ནང་གི་ཕྱི་དྲོའི་སློབ་ཁྲིད་གྲོལ་བར་སྒུག་འདུག
སློབ་ཁྲིད་གྲོལ་མ་ཐག་མི་ཚོགས་རླབས་རྒྱུན་བཞིན་སློབ་ཁང་ནང་དུ་འཕྱོ་ཞིང་། འདུག་སྟེགས་བཞི་བརྒྱ་ལྷག་ཡོད་པ་སྐད་ཅིག་དེ་མུར་གང་འདུག མི་མང་པོ་ཞིག་གིས་འདུག་སྟེགས་མ་རེག་པས། སྣང་དོགས་མེད་པར་སྐྱིལ་གྲུང་གོར་གོར་རེ་བཅིངས་ནས་ཐང་ལ་ཙོག་ཅིང་། ཆུ་ཚོད་བདུན་པར་མ་སླེབས་པའི་ཡར་སྔོན་དུ་སློབ་ཁང་ནང་དུ་འདུག་སྟེགས་ཕར་ཞོག་གོམ་པ་སྤོས་ནས་འགྲོ་འོང་བྱ་ས་མེད་པའི་ཚད་དུ་ལོངས། སློབ་ཁང་ནང་གི་དྲོད་ཚད་ཀྱང་དེ་མུར་ཡར་འཕར་ནས་བར་འཚང་ཅན་གྱི་ལྭ་བ་གྱོན་ཡོད་མཁན་ཚོར་རྔུལ་ནག་བརྡོལ་མགོ་བརྩམས། སྐབས་དེར་སློབ་ཁང་ནི་འབུ་ཚང་ཞིག་དང་འདྲ་བར་ཅབ་ཅོབ་ཀྱིས་ཁེངས།
ཆུ་ཚོད་བདུན་པ་སླེབས་སོང་། ཏག་ཏག་སྐབས་དེར་བོད་རིག་པ་ཞིབ་འཇུག་གླིང་གི་རྒན་ཚེ་རིང་ཐར་དང་བཀྲ་བྷ། རྒན་པད་མ་ཚེ་བརྟན་སོགས་ མདུན་སྒོ་ནས་རིམ་པར་བུད་པས། ཤོག་སྐྱ་ལ་སྣུམ་ཐིགས་ཟགས་པ་བཞིན་ཐབ་མོའི་རྡེབ་སྒྲ་མི་རེ་ཟུང་ནས་མཐར་སློབ་ཁང་འདིིའི་མི་རེ་རེའི་ལག་ཟུང་ལ་མཆེད། ཅབ་ཅོབ་ཀྱིས་ཁེངས་པའི་ཚོགས་ར་དེ་མུར་ལྷིང་འཇགས་དང་གཟབ་ནན། གཟི་བརྗིད་ཅིག་གི་ཚན་ཁ་འབར།
རྒན་ཚེ་རིང་ཐར་གྱིས་པད་མ་ཚེ་བརྟན་ལགས་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་རྗེས། རེབ་འདིའི་འཆད་ཁྲིད་ཀྱི་རྣམ་པ་ནི་ཐོག་མར་གློག་བརྙན་འགྲེམ་སྟོན་དང་དེ་ནས་བགྲོ་གླེང་བྱ་བའི་རིམ་པ་ཡིན་ཚུལ་ངོ་སྤྲད་པས། སྒུག་སྒུག་པའི་རྒན་པད་མ་ཚེ་བརྟན་གྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར༼གཡང་མདའ༽སྟོན་མགོ་བརྩམས་བྱུང་། དེ་དང་བསྟུན་སློབ་ཁང་ནང་གི་གློག་ཀྱང་གཟིམ་པས། ཚོགས་ར་གློག་བརྙན་ཁང་ཆུང་ཆུང་ཞིག་གི་ཚུལ་དོད། རྒྱབ་ལྗོངས་ཀྱི་དབྱངས་རྟ་དང་ཚད་མཐོ་བའི་པར་མིག་སྐོར་སྟངས། ཉམས་སྟོབས་པའི་མི་སྣའི་ཚུགས་ཀ་སོགས་ཀྱིས་མི་རེ་རེ་མཚོ་སྔོན་གཅན་ཚའི་ཡུལ་གྱི་མདའ་རྩལ་འགྲན་སྡུར་གྱི་ལྟད་མོར་ཁྲིད་ཅིང་། གཟིགས་མོ་བ་ལྷན་རྒྱས་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་གཏམ་གླེང་ལས་དགོད་སྒྲའང་མཚམས་དང་མཚམས་སུ་བརྡོལ་བས། སེམས་ཁམས་ཀྱང་གྲོང་ཁྱེར་གྱི་ཟང་ཟིང་ལས་གནས་མལ་གཞན་གང་ཞིག་ཏུ་ཁྲིད་སོང་བའི་ཉམས་སྣང་སྟེར།
ཆུ་ཚོད་གཉིས་ལྷག་འགོར་རྗེས་གློག་བརྙན་གྱི་བྱུང་རིམ་མཇུག་རྫོགས་ནས་བརྙན་ཡོལ་ངོས་སུ་འཁྲབ་སྟོན་པ་སོགས་ཀྱི་མིང་བྱང་འཁུར་བའི་ཡིག་ཚོགས་བཞུར་བས། ཚོགས་རའི་ཐབ་མོའི་རྡེབ་སྒྲ་ཡང་བསྐྱར་རླབས་སུ་གཡོས་ཤིང་། ཞིང་ནང་གི་ལོ་རྟ་བཞིན་མདུན་ཕྱོགས་སུ་མཆེད་གྱིན་འདུག སློབ་ཁང་གི་གློག་འོད་ཀྱང་རྒྱབ་ནས་མདུན་དུ་རེ་རེ་བཞིན་བཀར་ཡོང་བས། རྒན་པད་མ་ཚེ་བརྟན་ཁྲིད་སྟེགས་སུ་བསྡད་འདུག་པ་མཐོང་ཡོང་ལ། བརྗོད་དོན་གྱི་གླུ་དབྱངས་དང་འགྲོགས་པའི་ཐབ་མོའི་རྡེབ་སྒྲས་ཁོང་གི་བཞིན་ལ་འཛུམ་མདངས་ཅི་ཡང་བསྩལ་མ་སོང་། ཁོང་ད་དུང་གཟབ་ནན་དང་ཞི་ལྷོད་ཀྱིས་གློག་བརྙན་གྱི་མཐའ་མའི་འཁྲབ་སྟོན་པ་སོགས་ཀྱི་མིང་བྱང་འཁུར་བའི་ཡིག་ཚོགས་དེ་དག་ཡོངས་སུ་རྫོགས་རག་བར་ཅི་ཡང་མི་སྨྲ་བར་བསྡད།
"རེད། ད་གློག་བརྙན་འདི་ང་ལ་མཚོན་། ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼འཚོལ༽ ༼ཁྱི་རྒན༽གསུམ་གྱི་འཕྲོར་མཐུད་པའི་བརྩམས་ཆོས་ཐེངས་བཞི་བ་རེད། " ཅེས་གཏམ་བཤད་གནང་མགོ་བརྩམས་ཤིང་། རང་ཉིད་ཀྱི་གློག་བརྙན་ལ་གསལ་བཤད་ཐུང་ཐུང་ཞིག་གནང་རྗེས་བགྲོ་གླེང་གི་དབུ་ཚུགས། བགྲོ་གླེང་གི་བརྒྱུད་རིམ་ཁྲོད། ཁོང་གིས་རང་ཉིད་ཀྱི་གློག་བརྙན་བྱ་བའི་ལས་རིམ་ཁྲོད་འཕྲད་པའི་དཀའ་ཁག་ལས་གཞན་རང་ཉིད་ཀྱིས་གློག་བརྙན་དང་རྩོམ་རིག་ལ་བཟུང་བའི་ལྟ་ཚུལ་དང་མོས་པ། སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་འགལ་འདུ། མི་རིགས་རིག་གནས་ཀྱི་མིག་སྔའི་གནས་བབ་དང་མ་འོངས་པའི་ལམ་ཁ། གློག་བརྙན་རང་སྟེང་གི་སྒྱུ་རྩལ་མཛེས་སྙེག་དང་གློག་བརྙན་ཁྲོམ་རའི་བར་གྱི་འགལ་ཟླ། བོད་ཀྱི་སྤྱི་སྐད་དང་ཡུལ་སྐད། ཆོས་དང་འཇིག་རྟེན་གྱི་སྦྲེལ་མཐུད་སོགས་དྲི་བ་འདྲ་མིན་སྣ་ཚོགས་ལ་ལན་བཏབ་ཅིང་། མ་འོངས་པར་ཁམས་དང་དབུས་གཙང་སོགས་སུ་ཕྱིན་ནས་ས་གནས་ཀྱི་ཁྱད་ཆོས་དོད་པའི་གློག་བརྙན་ཕབ་འདོད་པ་མ་ཟད། བརྒྱ་ལ་གོ་སྐབས་འགྲིག་ན་དྲག་རྩལ་གློག་བརྙན་རེའང་ཕབ་འདོད་ཟེར།
སྤྱིར་ང་རང་ཉིད་ཁོང་གི་བརྩམས་སྒྲུང་ཀློག་རྒྱུར་དགའ་བའི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་ཁོང་དང་མཉམ་དུ་ཁོང་གི་གློག་བརྙན་ལ་གཟིགས་པའི་གོ་སྐབས་རེག་པ་དང་། ཁོང་དང་དངོས་སུ་མཇལ་ནས་བགྲོ་གླེང་བྱ་བའི་ཚོགས་རར་ཞུགས་ཐུབ་པ་དངོས་གནས་བསྐལ་བ་བཟང་བོ་ཞིག་ཏུ་སྒོམ་ཡོད། སྤྱིར་གློག་བརྙན་བརྩམས་ཆོས་ནི་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན་ཤ་ལས་ཆད་པའི་བུ་ཕྲུག་དང་འདྲ་བར་བཤད་པས། ༼གཡང་མདའ༽འགྲེམ་སྟོན་བྱས་རྗེས་ཀྱི་དྲི་བ་སྣ་ཚོགས་པས་ཁོང་ཉིད་ཀྱི་ནང་སེམས་སུ་དགའ་སྐྱོའི་དྲོད་འཁྱག་བསྲེས་ནས་བླུགས་ཡོད་སྲིད་ཕྱིར། ངས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་གཟོད་གསོལ་ཞུ་སྙིང་འདོད། རེབ་འདིའི་བགྲོ་གླེང་ཁྲོད་སྲོལ་རྒྱུན་དང་དེང་རབས་ལ་དགག་སྒྲུབ་གང་འདྲ་བྱ་དགོས་སྐོར་དྲི་བ་ཐེངས་གཉིས་ལ་འཕངས་མོད། ཁོང་ཉིད་ནས་མིག་སྔའི་སྲོལ་རྒྱུན་གྱི་གནས་བབ་སྐྱ་བོ་ཡང་དང་བསྐྱར་དུ་གླེང་བ་ལས་དེ་གཉིས་གཅིག་ལས་གཅིག་འདོར་བའི་དགག་སྒྲུབ་ཀྱི་ལམ་ཁ་སྟོན་པའི་ནུས་པ་མིག་སྔར་ང་རང་ཉིད་ལ་མེད་ཅེས་ལན་བཏབ་པ་མ་ཟད། དེ་ནི་ཁྱེད་ཚོ་ཚང་མས་རང་རང་གིས་གཅོད་དགོས་པའི་རིག་ལམ་གྱི་གདམ་ག་ཡིན་པའི་ཚུལ་བསྟན། དེར་མ་ཟད་ཁོང་ཉིད་ཀྱིས་དྲི་བ་མང་དག་ཅིག་ཕྱོགས་ལྷུང་མེད་པའི་དབུས་སུ་བསྐྱོད་ཅིང་། དགེ་སྐྱོན་གཉིས་གྱི་ཕྱོགས་ལ་མཐོང་ལམ་གྱི་གསལ་ཁ་དོད་འདུག་པས། ཁོང་གི་ཞི་བ་ནི་ངེས་པ་དོན་གྱི་ཞི་བ་ཞིག་རེད་ཅེས་བཤད་ཆོག་འདུག
མཇུག་མཐར་འཇིག་རྟེན་མི་རྟག་པ་ཚོགས་ར་འདིར་ཡང་མངོན་དུ་ཤར་བས། དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་ཐལ་མོའི་རྡེབ་སྒྲས་རྒན་པད་མ་ཚེ་བརྟན་ལགས་དང་གྱེས་ཕྱག་ཕུལ། ངས་རང་ཉིད་ཀྱིས་བླུས་པའི་རྒན་ལགས་ཀྱི༼བསླུ་བྲིད༽ཅེས་པའི་སྒྲུང་གཏམ་གྱི་དེབ་ཐོག་ལ་ཁོང་གི་མཚན་བཀོད་དུ་བཅུག་རྗེས་ཕྱིར་ཉལ་ཁང་དུ་ལོག་མོད། དགའ་སྐྱོ་གཉིས་འདྲེས་གྱིས་བརླམས་པའི་ཡིད་སྔར་བཞིན་འཇགས་ཐབས་མེད་པས། ཁ་པར་གྱི་སྒོ་ཕྱེ་ནས་སྐད་འཕྲིན་ཐོག་ཏུ་ཚོགས་ར་ནས་བསྐྱོན་པའི་ཁོང་གི་པར་ཞིག་དང༼ཏག་ཏག་མཛེས་སྡུག་གི་བསླུ་བྲིད་དེའི་དབང་གིས་ཞབས་རྗེས་ཁ་བ་དང་གངས་རི་ལ་སྤོས་ནས་ཞི་ལྷོད་ཀྱིས་འགྱིང་བའི་རྒན་པད་མ་ཚེ་བརྟན་ལགས།༽ཞེས་པའི་ཚིག་ཐུང་འདི་གཉིས་སྤེལ་མར་བསྒྲགས་ཏེ་སྦྱར་བ་ཡིན།
དཔྱད་མཆན་ཡོད།