ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནས་ཡོང་བའི་འཕྲིན་བཟང་།

  སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་དགོང་མོར་རེབ་གཉིས་པའི་ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཟེངས་རྟགས་སྤྲོད་པའི་དགོང་ཚོགས་ཀྱི་འགོ་བརྩམས་བྱུང་། དུས་དེར་གློག་བརྙན་ལས་རིགས་ཀྱི་མི་སྣ་དང་ཡུལ་ངོས་སུ་འབྱོར་བའི་ལྟད་མོ་བ་རྣམས་ཀྱིས་རེབ་འདིའི་ཆེས་མཐོ་བའི་གཟེངས་རྟགས་ཏེ“གསེར་གྱི་བེ་ཏ་རྟགས་མ”གཙོ་འགྲན་སྡེ་ཚན་དུ་ཚུད་པའི་གློག་བརྙན་གང་ཞིག་ལ་ཐོབ་པར་རེ་སྒུག་དང་དོགས་འདྲི་སྣ་ཚོགས་བྱས།

  གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་འབུལ་བའི་དགོང་ཚོགས་མཇུག་སྒྲིལ་ལ་ཉེ་བའི་སྐབས་སུ། རྒྱའི་འཁྲབ་སྟོན་པ་ཏིན་ཁྲོ་དང་ཞོས་ཀྲིན་གཉིས་ཀྱིས་ཐེངས་འདིའི་ཆེས་མཐོ་བའི་གཟེངས་རྟགས“གསེར་གྱི་བེ་ཏ་རྟགས་མ”པདྨ་ཚེ་བརྟན་གྱི་གློགབརྙན་གསར་བ«དབུགས་ལྒང»ལ་ཐོབ་པ་གསལ་བསྒྲགས་བྱས། ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲས་གནམ་ས་སྐྱོམས་པ་ལྟར་བྱས་པ་དང་མཉམ་དུ། རྒྱའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞེ་ཧྥེ་དང་རེབ་འདིའི་གློག་བརྙན་དུས་ཆེན་གྱི་དཔྱད་འདེམས་སྤྱི་བ་ཡེ་སཱ་བྷེ་ལི་ཧོ་ཕེར་ཁྲི་རྣམས་གཉིས་ནས་བོད་ཀྱི་གློག་བརྙན«དབུགས་ལྒང»ལ་གློག་བརྙན་དུས་ཆེན་འདིའི་ཆེས་མཐོ་བའི་གཟི་བརྗིད་བསྩལ་བྱུང་།

ཕབ་སྐྲུན་མཁན་ཀྲོ་ཞོ་བིན་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན། འཁྲབ་སྟོན་པ་བསོད་ནམས་དབང་མོ།སྦྱིན་པ།ཀུན་བདེ་བཅས་མི་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་དང་ལྷན་དུ་བྱ་དགའ་ལེན་དུ་སོང་པ།

ཀྲོ་ཞོ་བིན་ལགས་ཀྱི་བཀའ་དྲིན་ཞུ་ཚིག:
ཚང་མ་བདེ་མོ། ང་ནི་ཕབ་སྐྲུན་མཁན་ཀྲོ་ཞོ་བིན་ཡིན། འདི་ནི«དབུགས་ལྒང»ད་ལོར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བཅུ་ལྷག་ལ་སོང་ནས་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཆེས་ཐོག་མར་ཐོབ་པའི་བྱ་དགའ་རེད། འདི་ནི་ང་ཚོར་མཚོན་ན་སྐུལ་ལྕག་དང་གདེང་འཇོག་ཅིག་རེད།ངས་འདི་ནས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ཁོའི་ལས་གྲོགས་ཚང་མར་བཀའ་དྲིན་ཆེ་ཞུས་པ་ཡིན།«དབུགས་ལྒང»ནི་ང་ཚོའི་ཐེངས་གཉིས་པའི་མཉམ་འབྲེལ་གྱི་གློག་བརྙན་ཡིན། ཐེངས་དང་པོའི་མཉམ་འབྲེལ་གྱི་གློག་བརྙན«ལག་དམར»ལའང་རྒྱལ་སྤྱིའི་སྒང་ནས་བྱ་དགའ་མང་པོ་ཐོབ་མྱོང་པ་རེད།ངས་ཁོ་ཚོར་མཉམ་འབྲེལ་བྱས་པའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་གློག་བརྙན་ལས་རིགས་པ་ཞིག་ལ་ཡོད་འོས་པའི་རྣམ་འགྱུར་མཐོང་སོང་།དེ་མིན་ངས་ཀྲུང་གོའི་གློག་བརྙན་ལྟད་མོ་བ་རྣམས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁྱེད་ཚོས་པཱ་སེ་རེ་རེ་བྱས་ནས་ཀྲུང་གོའི་གློག་བརྙན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ཁྱེད་ཚོའི་རྒྱབ་སྐྱོར་གྱིས་ཀྲུང་གོ་ནི་གློག་བརྙན་གྱི་རྒྱབ་ཁབ་ཆེན་མོ་ནས་གློག་བརྙན་གྱི་རྒྱལ་ཁབ་སྟོབས་ལྡན་ཅན་དུ་གྱུར་བ་རེད། བཀའ་དྲིན་ཆེ།

པདྨ་ཚེ་བརྟན་གྱི་བཀའ་དྲིན་ཞུ་ཚིག:
ཚང་མ་མཚན་མོ་བདེ་ལེགས།ང་ནི་གློག་བརྙན«དབུགས་ལྒང»གི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཡིན།ངས་འདི་ནས་ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱིས་ང་ཚོའི་གློག་བརྙན་འདི་འདྲའི་སྟེགས་བུ་ཡག་པོ་ཞིག་ནས་རྒྱ་ཆེ་བའི་ལྟ་མཁན་རྣམས་པ་དང་ཐུག་ཕྲད་བྱུང་བའི་གོ་སྐབས་སྤྲད་པར་བཀའ་དྲིན་ཆེ་ཞུས་པ་ཡིན།དེ་མིན་དཔྱད་འདེམས་པ་རྣམས་པར་ཡང་བཀའ་དྲིན་ཞུས་པ་ཡིན།ཁྱེད་ཚོས་འདི་འདྲའི་བྱ་དགའ་ཆེན་པོ་ཞིག་ང་ཚོར་གནང་བར་བཀའ་དྲིན་ཆེ།གོ་སྐབས་འདི་སྤྱད་ནས་གློ་བརྙན་འདིའི་གཙོ་སྐྲུན་པ་དང་ལས་བཟོ་ཡོངས་ལའང་བཀའ་དྲིན་ཞུས་པ་ཡིན།ཁྱེད་ཚོས་དཀའ་སྤྱད་དང་འབད་བརྩོན་མིན་ཚེ་གློག་བརྙན་འདི་ཡོད་སྲིད་པ་མ་རེད།ད་དུང་ཕབ་སྐྲུན་ལས་ཁུངས་དག་གིས་གློག་བརྙན་འདི་ལེགས་འགྲུབ་བྱུང་དུ་བཅུག་པར་བཀའ་དྲིན་ཆེ།ངའི་གྲོགས་པོ་དང་ཉེ་མི་ཀུན་གྱིས་རྣམ་ཀུན་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ།མཐའ་མཇུག་ངས་རང་གི་རྒྱབ་ཀྱི་ཕ་ཡུལ་དང་དེའི་རིག་གནས་ཀྱིས་ང་ལ་གཉོར་སྐྱོང་དང་ཚོར་འདུ་སྤྲད་པ་བཀའ་དྲིན་འདོད་བྱུང་།བཀའ་དྲིན་ཆེ།ཚང་མ་ལ་བཀའ་དྲིན་ཆེ།

བྱ་དགའི་དཔང་ཡིག་དང་བྱ་དགའ།

  འགྲན་རྩོད་ཀྱི་མཛའ་དྲག་ཁྲོད་རྒྱའི་གཞོན་སྐྱེས་འཁྲབ་ཁྲིད་པ་ཁྲིན་སུ་ཁྲིན་དང་འཁྲབ་སྟོན་པ་ཧྲིན་ཐིན་གཉིས་ཀྱིས་ཐེངས་འདིའི་གསེར་གྱི་བེ་ཏ་རྟགས་མའི“སྐྱེ་མའི་འཁྲབ་སྟོན་རྩེ་གྲ”བསོད་ནམས་དབང་མོ་ལ་ཐོབ་པ་གསལ་བསྒྲགས་བྱས། དེ་རྗེས་སྐུ་ཞབས་བྷོ་རུན་སྒྲེན་ཧྥ་རན་སིར་དང་ཐང་ཅིས་ལིས་རྣམས་གཉིས་ཀྱིས་གཟེངས་རྟགས་སྤྲད།


སྐྱེ་མའི་འཁྲབ་སྟོན་རྩེ་གྲའི་དཔང་ཡིག

བསོད་ནམས་དབང་མོས་བཀའ་དྲིན་ཞུ་ཚིག:
ཚང་མ་བདེ་མོ།ང་ནི་འཁྲབ་སྟོན་པ་བསོད་ནམས་དབང་མོ་ཡིན།ངོ་མ་དགའ་སོང་།འདི་ནི་བློ་ཡིད་ལ་མ་ཤར་བ་ཞིག་རེད།འདི་འདྲའི་བྱ་དགའ་ཆེན་པོ་ཞིག་ལེན་ཐུབ་པ་ནི་ངའི་གཟི་བརྗིད་ཅིག་རེད།བཀུར་འོས་པའི་དཔྱད་འདེམས་པ་རྣམས་པས་ང་ལ་བྱ་དགའ་འདི་གནང་པར་བཀའ་དྲིན་ཆེ།ངའི་ཕ་མ་ཟུང་དང་ཁྱིམ་མི་དག་ལ་བཀའ་དྲིན་ཆེ།ཁོ་ཚོས་ཡུན་རིང་གི་རྒྱབ་སྐྱོར་གྱིས་ང་རང་ད་བར་དུ་རང་ཉིད་ཀྱི་ལམ་དུ་འགྲོ་བའི་སྐལ་བ་ལྡན་བྱུང་བ་རེད།ཁྱད་པར་དུ་ང་ཡི་འཁྲབ་ཁྲིད་པ་དགེན་པདྨ་ཚེ་བརྟན་ལགས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།དགེན་ལགས་ཐུགས་རྗེ་ཆེ།ངས་ད་དུང་རང་གི་ལས་ཁུངས་བོད་ལྗོངས་གཏམ་བརྗོད་ཚོགས་པར་བཀའ་དྲིན་ཆེ་ཞུ་དགོས།ཁྱེད་ཚོ་ཡོད་པས་ང་རང་ཧྲང་ཧྭེ་ཟློས་གར་སློབ་གླིང་ནས་སློབ་སྤྱོང་བྱེད་པའི་སྐལ་བ་ལྡན་སོང་བ་རེད།མཐར་ངས་བཤད་འདོད་པ་ནི་ང་ཚོའི་གློག་བརྙན་འདི་སང་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ནས་གཟིགས་འབུལ་བྱ་འཆར་ཡོད་པས།ཚང་མས་ང་ཚོའི་གློག་བརྙན་འདི་ལ་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཆེ།མཇུག་མཐར་ང་ཚོའི་གློག་བརྙན«དབུགས་ལྒང»ཨ་སྔོན་དབྱིངས་སུ་འཕུར་བར་ཤོག

དཔྱད་མཆན་ཡོད།