སྒྲོལ་མའི་ཞལ་ཐང་ཟེར་བའི་གློག་བརྙན་ཞིག་ཕབ་འཆར་འདུག

1240409942.jpg

           ཉེ་ཆར་བོད་ཀྱི་སློབ་ཆེན་སློབ་མ་དང་རྩོམ་པ་པོ། གློག་བརྙན་འཁྲབ་སྟོན་པ་སོགས་ཀྱིས་རྩ་འཛུགས་བྱས་པའི་ཐང་དཀར་གློག་བརྙན་ཚོགས་པས་སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་དང་པོའི་ཚེས༥ཉིན་དབལ་ཤུལ་གསེར་རྟ་རུ་བོད་ཀྱི་གནའ་རབས་གློག་བརྙན་ཞིག་གི་ཕབ་སྐྲུན་མཛད་སྒོ་སྤེལ་འཆར་འདུག་ལ།    གློག་བརྙན་གྱི་མིང་ལ་སྒྲོལ་མའི་ཞལ་ཐང་ཟེར་ཞིང་འཁྲབ་གཞུང་རྩོམ་པ་པོ་ནི་གསེར་རྟའི་ན་གཞོན་སྙན་ངག་པ་དང་གློག་བརྙན་འཁྲབ་སྟོན་པ་དུ་བ་དང་། འཁྲབ་ཁྲིད་པ་ནི་ཀན་སུའུ་དགེ་འོས་སློབ་གླིང་གློག་བརྙན་རྩོམ་རིག་སྡེ་ཁག་གི་སྒོམ་པ་བཀྲ་ཤིས་ལགས་རེད་འདུག
           དེ་མིན་ད་དུང་ཁམས་ཁུལ་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དུག་ཚེར་ལགས་དང་ཟི་ཁྲོན་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པའི་གསེར་རྟའི་སྒྱུ་རྩལ་པ་འཛུམ་དཔལ་དང་། སྒྲིག་སྦྱོར་ཆེད་ལས་པ་བན་རྒྱ་བསོད་ནམས་ལྷུན་འགྲུབ། བརྙན་ལེན་ཆེད་ལས་པ་མགོན་པོ་བཀྲ་ཤིས་སོགས་འཁྲབ་སྟོན་པ་དང་སློབ་གཉེར་བ་དུ་མས་མཉམ་ཞུགས་གནང་འདུག    
           གློག་བརྙན་འདི་ནི་གནའ་རབས་བོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་སུ་བྱས་ནས་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་དཔོན་ཤ་ར་བླ་མ་སྐྱབས་ཀྱིས་རང་གི་འདོད་ཧམ་གྱི་མེ་ལྕེ་དེ་སྒྲོལ་མའི་ཐང་ཁ་ཞིག་ལ་ཁ་གཡར་ནས་མཆེད་མགོ་བརྩམས་ཤིང་སྟག་ནག་རིག་འཛིན་དོན་གྲུབ་ལ་གོད་ཆགས་ཀྱི་མཚོ་མོ་ཞིག་ཀྱང་སྐབས་དེ་ནས་བསྐྱིལ་མགོ་ཚུགས།  མཚོ་མོ་དེ་ནི་གཏིང་ཟབ་པའི་ན་བུན་གྱི་ཁུག་པ་ཡིན་པས་ཆེས་མཇུག་མཐའི་མི་རབས་ཤིག་ལ་འགྱོད་གདུང་གི་རྨ་ཁ་བྲིས་པའི་སྐོར་བརྗོད་ཡོད།

          གལ་སྲིད་ཁྱེད་ཀྱིས་གློག་བརྙན་འདིའི་ཁྲོད་ཀྱི་ཁྲག་དྲི་འཐིལ་བའི་གཏམ་རྒྱུད་ཀྱི་བྱུང་བ་དང་རྙོག་འཛིང་ཁྲོད་ཀྱི་གནའ་བོའི་བརྩེ་དུང་གི་ཉིང་ཁུ།  དེ་མིན་ད་དུང་མི་རིགས་ཤིག་དང་མི་རིགས་དེའི་གནའ་དྲི་འཐིལ་བའི་དཔའ་ངར་དང་འཚོ་བ་ལ་རོལ་མྱོང་བྱ་འདོད་ན་སྒྲོལ་མའི་ཞལ་ཐང་ཞེས་པའི་གློག་བརྙན་འདིའི་ཕབ་སྐྲུན་ལ་སྒུག་རྒྱུ་མ་བརྗེད་ལགས།
           ༼   ཆེད་ཞུ།   ངེད་ཐང་དཀར་གློག་བརྙན་ཚོགས་པ་ནི་བོད་ཀྱི་སློབ་ཆེན་སློབ་མ་དང་རྩོམ་པ་པོ་རྐྱང་བས་གྲུབ་པ་ཞིག་ཡིན་པས་དཔལ་འབྱོར་གྱི་ཡོང་ཁུངས་སོགས་ཅི་ཡང་མེད་པས་ད་ལན་གྱི་གློག་བརྙན་འདི་ལ་ཡང་སོ་སོས་དཀའ་ངལ་མང་པོ་ཞིག་ལ་གདོང་གཏུགས་དགོས་བྱུང་ཡོད་པས། བོད་ཀྱི་གློག་བརྙན་ལས་རིགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་དག་གིས་ངེད་ཅག་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་རེ་བྱེད་རྒྱུའི་རེ་བ་ཞུ་བ་ཡིན།  ༽ 
འབྲེལ་གཏུག་ཁ་པར། 
             དྲན་གསལ་རང་གྲོལ། ༡༥༡༡༧༡༧༣༧༡༠
             པད་མ་རིན་ཆེན། ༡༨༢༨༣༦༤༤༧༤༠
             སྒོམ་པ་བཀྲ་ཤིས། ༡༧༣༩༤༢༨༦༩༨༡

དཔྱད་མཆན་ཡོད།