«ལམ་གྱི་རྨི་ལམ»ལ་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་པ།

 


unnamed.jpg

འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་བྱ་དགའ་ལེན་བཞིན་པ། (གཡོན་གྱི་དང་པོ། )


          སྤྱི་ཟླ༡༢བའི་ཚེས༢༠ཉིན། ཀྲུང་གོའི་གསེར་གྱི་བྱ་དེ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན(中国金鸡百花电影节)གྱི༢༠༡༤ལོའི་སློབ་གླིང་གི་གློག་བརྙན་ཐུང་ངུའི་འགྲན་བསྡུར་བྱེད་སྒོའི་བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་གློག་བརྙན་སློབ་གླིང་དུ་ཚོགས་ཡོད་ཅིང་། བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི《ལམ་གྱི་རྨི་ལམ》ཞེས་པའི་བརྙན་ཐུང་ལ་གློག་བརྙན་དུས་ཆེན་དེའི་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་འདུག

unnamed (1).jpg

《ལམ་གྱི་རྨི་ལམ》ལ་གློག་བརྙན་དུས་ཆེན་འདིའི་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་པ།

       ཀྲུང་གོའི་གསེར་གྱི་བྱ་དེ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་ཞེས་པ༡༩༩༢ལོ་ནས་འཚོགས་མགོ་ཚུགས་ཤིང་། ད་ལྟ་ལོ་རེར་ཐེངས་རེ་འཚོགས་བཞིན་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། ཀྲུང་གོའི་ཨོ་སི་ཁཱ་གློག་བརྙན་དུས་ཆེན་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

unnamed (2).jpg

གློག་བརྙན《ལམ་གྱི་རྨི་ལམ》གྱི་འདྲ་པར་བདམས་བཀོད།

unnamed (3).jpg
གློག་བརྙན《ལམ་གྱི་རྨི་ལམ》གྱི་འདྲ་པར་བདམས་བཀོད།


      《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་འདི་ནི་ཡར་རྒྱས་ཀྱི་སློབ་སྐབས་ལས་བྱ་ཞིག་ཡིན་ཞིང་། གློག་བརྙན་ནང་གཙོ་བོ་སློབ་གྲྭར་དགའ་བའི་སྤྲུལ་སྐུ་ཆུང་ཆུང་ཞིག་གི་འཚོ་བ་དང་རེ་འདུན་བརྗོད་པ་བརྒྱུད། དགོན་པའི་སྲོལ་རྒྱུན་སློབ་གསོར་དུས་སྐབས་གསར་བའི་ནང་འཕྲད་པའི་དཀའ་ངལ་སོགས་མཚོན་ཡོད།

unnamed (4).jpg

གཞོན་སྐྱེས་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས།

       གློག་བརྙན་འདིའི་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཨ་སྒང་ཡར་རྒྱས་ནི༡༩༩༡ལོར་མདོ་སྨད་རྔ་བ་རུ་སྐྱེས་ཤིང་། སྔ་གཞུག་ཏུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དང་རྔ་བ་ཁུལ་མཐོ་འབྲིང་སློབ་གྲྭ་སོགས་འགྲིམ་ཞིང་། ད་ལྟ་པེ་ཅིང་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་འཁྲབ་ཁྲིད་ཆེད་ལས་ལ་སློབ་གཉེར་བྱེད་བཞིན་ཡོད། ད་སྔ་ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ལ《ལམ་གྱི་རྨི་ལམ》ཕུད། ད་དུང《བསོད་ལྷ》ཞེས་པའི་བོད་ཀྱི་ཡུལ་སྡེ་ཕལ་བ་ཞིག་ཏུ་བྱུང་བའི་ཕོ་མོའི་བར་གྱི་ཡ་ང་བའི་བརྩེ་དུང་མཚོན་པའི་གློག་བརྙན་ཞིག་ཀྱང་ཡོད།

unnamed (5).jpg

གློག་བརྙན《ལམ་གྱི་རྨི་ལམ》གྱི་འདྲ་པར་བདམས་བཀོད།

unnamed (6).jpg

གློག་བརྙན《ལམ་གྱི་རྨི་ལམ》གྱི་འདྲ་པར་བདམས་བཀོད།

        ཁོང་གི《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་འདིར་གོང་བརྗོད་བྱ་དགའ་ཕུད། ད་དུང་ཞིས་ཁོའུ་ཡུལ་སྐོར་བུམ་པའི(溪口旅游杯)འཁྲབ་གཞུང་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་སོགས་ཐོབ་མྱོང་ཞིང་། དུས་མཚུངས་སུ་གློག་བརྙན་འདི་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་འགྲེམ་སྟོན་བྱེད་སྒོ་དང་། ཧྲང་ཧའེ་སློབ་གྲྭ་ཆེན་མོ་བའི་བརྙན་འཕྲིན་དུས་ཆེན་སྐབས་བདུན་པའི་བརྙན་ཐུང་འགྲན་བསྡུར། ཅིན་ཧྲན་ཡེ་བརྙན་ཐུང་འགྲན་བསྡུར་སོགས་ཀྱི་དངོས་གཞིའི་གློག་བརྙན་ནང་བདམས་ཐོན་བྱུང་ལ། ༢༠༡༤ལོར་གློག་བརྙན་འདིའི་ཕབ་སྐྲུན་ཚོགས་ཆུང་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ནང་ཚན་བརྙན་ཐུང་འགྲན་བསྡུར་གྱི་གཟེངས་བསྟོད་ཚོགས་ཆེན་སོགས་ལའང་ཞུགས་མྱོང་བ་དང་། གློག་བརྙན་འདིར་གཤམ་གྱི་དྲ་གནས་བརྒྱུད་གཟིག་ཀྱང་ཆོག  
http://www.iqiyi.com/w_19rsa9bxap.html#vfrm=2-3-0-1

 


 

དཔྱད་མཆན་ཡོད།