འཁྲབ་ཁྲིད་པ་གྲགས་ཅན་ཁྱེམ་ཁིས་དྷོའི་རྗེས་དྲན་རྩོམ་ཐུང་།(གཉིས།)

timg.jpg

ཆོབ་ཚ་བའི་གཞོན་ནུ།

                                                                  ——ལྷོ་ཁོ་རེ་ཡའི་གློག་བརྙན་འཁྲབ་ཁྲིད་པ་ཀེམ་ཁཱི་ཏི་ལ་ཕུལ།

ཡོན་ཏན།

             ཁྱེད་ཀྱི་སྤྱོད་པ་ཞི་ཞིང་དུལ།  ཁྱེད་ཀྱི་འཚོ་བ་དང་འགྲོ་འདུག་བག་ཡོད་ཤེས་བཞིན་ལྡན།  ཁྱེད་ཀྱི་གྲོང་གསེབ་ཀྱི་རྨ་སྲུབས་བརྩིགས་པའི་རྐང་རྗེན་གྱི་འགུལ་སྐྱོད་དེ་དག་ཡི་གར་འོང་།  ཁྱེད་ཀྱི་བརྩེ་གདུང་གི་གཏམ་རྒྱུད་ལ་བརྒྱུས་པའི་ཞལ་འཛུམ་དང་སྤྱན་ཆབ་སྙིང་ལ་ཟུག  ཁྱེད་ཀྱི་གཏམ་སྣ་ཐུང་ཞིང་ཤེས་རབ་ཀྱིས་ཕྱུག  ཁྱེད་ཀྱི་ལེགས་བཤད་རྡོག་གཅིག་ལའང་ཕལ་བའི་མི་ཡིས་ཐེག་དཀའ་བའི་བློ་གྲོས་ཀྱི་བར་སྟོང་མངའ།   ཁྱེད་རང་ལོ་ན་གཞོན། མི་ལོ་༥༩དེ་ཁྱེད་ཀྱི་རྣམ་དཔྱོད་ཀྱི་ས་བཅད་ཙམ་ཡིན།  མི་ལོ་༥༩ཡིས་ཁྱེད་ཀྱི་ཆོབ་ཚ་བའི་ལང་ཚོའི་གཟི་དཔལ་ལ་འགྲེལ་གཏན་ནས་ཕོག་མི་ནུས། 

         ཆོབ་ཚ་བའི་གཞོན་ནུ།  རྨི་ལམ་ནང་གི་ནོར་བུ།  ཁྱེད་ཀྱིས་འཇིག་རྟེན་གྱི་ཧམ་སེམས་དང་འདོད་ཆགས་ཞེ་སྡང་ཁོང་ཁྲོ་མཐའ་དག་གི་རྩ་ལམ་དག་ཕྱོགས་བསྡུས་བྱས་ཏེ་མིའི་རིགས་ངོ་མཚར་བའི་རྨི་ལམ་གྱི་ཞིང་ཁམས་སུ་ཁྲིད་ཡོད།  ཁྱེད་ཀྱི་ངོ་མཚར་བའི་རྨི་ལམ་གྱི་ཞིང་ནས་འདོད་པས་ཀུན་ནས་སྨྱོས་པའི་ང་ཅག་ལ་ངག་ལྐུགས་པར་བཅུག  ཁ་གདངས་མིག་ཅེར་དུ་བཅུག  

          ཀེམ་ཁཱི་ཏི།  ཁྱེད་ཀྱི་སྤྱོད་པ་ཞི་ཞིང་དུལ།  ཁྱེད་ཀྱི་ཞལ་རས་ལྷུན་ཆགས་ལྡན།  

        དེ་ལས་ཀྱང་། ཁྱེད་ཀྱི་རྨི་ལམ་ཆོབ་ཚ་བོ་ཡོད།  ཁྱེད་ཀྱི་ནང་སེམས་ཆོབ་ཚ་བོ་ཡོད།  ཁྱེད་ཀྱི་ཤེས་རབ་ལ་བརྒྱུས་པའི་རྨི་ལམ་གྱི་གཡུལ་འགྱེད་དག་གིས་ང་ཡི་འདས་པའི་དུས་ཚོད་དག་ལ་བསྐྱར་དུ་ཚད་འཇལ་བྱེད་དགོས་བྱུང་།  ཁྱེད་ཀྱི་ཆོབ་ཚ་བའི་རྨི་ལམ་གྱི་འགུལ་སྐྱོད་དག་གིས་ང་ཡི་སྟོང་འདང་ཁྲོད་ཀྱི་མ་འོངས་པའི་རྒྱང་རིང་ལ་ཇུས་གཏོགས་བྱེད་དུ་བཅུག  

       ང་རང་ཨ་རག་གིས་ར་བཟི་བར་གྱུར་དུས་ཁྱེད་རང་དྲན།   ཁྱེད་ཀྱི་མཐའ་ཡངས་བའི་སེམས་བསྐྱེད་ཀྱི་མཁའ་དབྱིངས་སུ་ང་ནི་རང་དབང་གི་རྒོད་པོ་ཞིག་དང་འདྲ་བར་ཚད་མེད་པའི་ལྡིང་སྐོར་རྒྱག་འདོད།  ང་རང་ཁེར་རྐྱང་གིས་རབ་ཏུ་གདུང་སྟེ་ལྷིང་འཇགས་ཀྱི་གནས་དང་དུར་ཁྲོད་ཀྱི་ཁ་གཏད་དུ་འགྲེང་སྐབས།  ཁྱེད་ཀྱི་རི་ཁུག་ལུང་ཀྱོག་གི་བབ་ཆགས་པའི་འཚོ་བ་སྟབས་བདེ་དེ་དག་གིས་ང་ལ་སློབ་སྟོན་ཡང་ཡང་གནང་།  ཁྱེད་ཀྱི་སྟབས་བདེ་ཞིང་གཏིང་ཟབ་པའི་བརྙན་མིག་གི་བར་སྟོང་རེ་རེས་འཇིག་རྟེན་འདིའི་སྣོད་བཅུད་ཚང་མ་སྤར་མོ་གང་རེ་གང་རེ་བྱས་ཏེ་མི་རེ་རེའི་འཇིགས་སྐྲག་གི་སྒོ་འགྲམ་དུ་འཇོག་གིན་ཡོད།  

         སྙིང་ཉེ་བའི་ཀེམ་ཁཱི་ཏི།  ཁྱེད་ཀྱི་གཞོམ་གཞིག་བྲལ་བའི་ལང་ཚོའི་གཟི་དཔལ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་མེད།  རྒ་ཤི་མེད།  ཁྱེད་རང་ལོ་ན་གཞོན། ཁྱེད་ཀྱི་རྣམ་དཔྱོད་དང་ཤེས་རབ་ལ་ཟླ་བདུན་པའི་མེ་ཏོག་གི་ཟེ་བ་སྨིན།  ཁྱེད་ཀྱིས་ང་རང་རེ་དོགས་ཀྱི་དྲ་རྒྱ་ལས་སྐྱོབ་སྟེ་ཐོགས་རེག་བྲལ་བའི་འོད་ཁམས་སུ་ཁྲིད་ཀྱིན་ཡོད།  ཁྱེད་ཀྱི་འཇིགས་ཞིམ་བྲལ་བའི་བློ་གྲོས་ཀྱིས་ང་ལ་ད་ལྟ་ད་དུང་ཡང་ཤེས་རབ་ཀྱི་དངོས་གྲུབ་སྩོལ་བཞིན་ཡོད།  

        ཀེམ་ཁཱི་ཏི།  ལྷོ་ཁོ་རེ་ཡའི་འཕགས་མི།  ཁྱེད་རང་མི་ལོ་༥༩ཡི་དུས་ཚོད་ལ་རྩིས་ཙམ་བརྒྱབ་སྟེ་ཕེབས་སོང་།  ཁྱེད་ཀྱི་མི་ལོ་༥༩ཡི་དུས་ཚོད་ཀྱིས་འཇིག་རྟེན་གྱི་སྨྱོན་པར་སྨད་པའི་སྐྱེ་བོ་དག་གི་གཉུག་གཤིས་ཀྱི་འཇིག་རྟེན་དེ་གཟུགས་སུ་བཞེངས།  ཁོ་ཚོའི་ཕྱི་རོལ་གྱི་འཇིགས་སྐྲག་དང་རེ་དོགས་ཀྱི་ཁ་གཏད་དུ་ལངས་ཏེ་ནང་སེམས་ལ་ཁང་བཟང་སྐྲུན།  ཁྱེད་ཀྱི་མི་ལོ་༥༩ཡི་དུས་ཚོད་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་གྱི་བརྡ་སྤྲོད་ཆེན་མོ་བརྩམས།  ཁྱེད་ཀྱི་མི་ལོ་༥༩ཡི་དུས་ཚོད་ཀྱིས་མི་སེམས་ཀྱི་གྲལ་རིམ་དང་དེའི་ཁ་དོག་སྣ་ཚོགས་ཀྱི་འབྱུང་རྩ་རྩད་འདོན་གནང་སྟེ་ང་ཅག་གི་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་ལྟར་བཞག་ཡོད།   ཁྱེད་ཀྱི་བརྩམས་ཆོས་ལ་མཇལ་ཚེ་ང་རང་མགོ་འཁོར་འགྲོ   ལམ་གྱི་ཁུག་པ་རེ་རེ་ནས་ཁྱེད་ཀྱིས་ང་རང་ཡང་ཡང་ལག་པས་འཐེན་ཞིང་ལམ་གྱི་དྲང་ཐིག་ལ་འཁྲིད་འགྲོ  ཡང་ང་རང་མགོ་འཁོར་འགྲོ   ཡང་ཁྱེད་ཀྱིས་ང་རང་ལག་པས་འཐེན་ཞིང་ལམ་གྱི་དྲང་ཐིག་ལ་འཁྲིད་འགྲོ   རེས་འཁོར་རེས་སྐྱོད་ཀྱི་ལམ་པ་དེ་ཡི་སྟོང་བའི་དབྱིངས་སུ་ང་ཡིས་ཚེ་སྲོག་གི་ངོ་བོ་གསལ་བའི་ལོངས་སྤྱོད་ཚད་མེད་པ་མྱངས་ཡོད།  

         ང་ཡི་སྙིང་ཉེ་བའི་ཀེམ་ཁཱི་ཏི་ལགས།  ད་ནི་ཁྱེད་རང་བདེ་བར་གཟིམས་ཆོག  ཁྱེད་ཀྱིས་ང་ཅག་ལ་གནང་བ་མང་དྲགས་མེད་ན་ཉུང་མེད།  ཁྱེད་རང་བདེ་བར་གཟིམས་ཆོག  ཁྱེད་ཀྱིས་ཟང་ཟིང་གི་འཇིག་རྟེན་ཁམས་ནས་འོ་བརྒྱལ་མང་པོ་མྱངས་སོང་།  ད་ནི་ཁྱེད་རང་རྨི་ལམ་ནང་གི་ལྷིང་འཇགས་བཞིན་སྐུ་ངལ་གསོ་ཆོག  ཀེམ་ཁཱི་ཏི།


2020-12-12སཾ་སཱརཿདཔེ་ཤག་ཏུ་བྲིས། 


          ཉིན་མོ་འདིར་ང་ཡི་སྐྱེས་སྐར་ལ་ཁེལ་ཡོད།  ཚེ་འདིར་ང་ཡིས་སྐྱེས་སྐར་ཞེས་པ་དེ་རོལ་མྱོང་མེད། འོན་ཏེ།  ཉིན་མོ་འདིར་ང་ཡི་མི་ཚེའི་ནང་ཤེས་རབ་ཀྱི་རྒྱགས་ཕྱེ་ཡང་ཡང་བསྩལ་མྱངས་བའི་ལྷོ་ཁོ་རེ་ཡའི་གློག་བརྙན་འཁྲབ་ཁྲིད་པ་ཀེམ་ཉིན་མོ་འདིར་ང་ཡི་སྐྱེས་སྐར་ལ་ཁེལ་ཡོད།  ཚེ་འདིར་ང་ཡིས་སྐྱེས་སྐར་ཞེས་པ་དེ་རོལ་མྱོང་མེད། འོན་ཏེ།  ཉིན་མོ་འདིར་ང་ཡི་མི་ཚེའི་ནང་ཤེས་རབ་ཀྱི་རྒྱགས་ཕྱེ་ཡང་ཡང་བསྩལ་མྱངས་བའི་ལྷོ་ཁོ་རེ་ཡའི་གློག་བརྙན་འཁྲབ་ཁྲིད་པ་ཀེམ་ཁཱི་ཏི་ལགས་སྐུ་གཤེགས་ཏེ་ཉི་མ་གཅིག་འགོར་བཞག  ཕངས་སེམས་དང་བདག་འཛིན་གྱི་བློས་དམ་དུ་བཅིངས་བའི་ང་ཡི་ཉིན་མཚན་འདི་ཡི་སེམས་ཀྱི་འགུལ་སྐྱོད་ལ་སྦྱར་ཏེ།   རྩོམ་ཐུང་འདི་ཉིད་ཀྱིས་ང་ཡི་དེ་རིང་གི་སྐྱེས་སྐར་འདི་རོལ་བའི་ཁུལ་བགྱིས་པ་ཡིན། 

 ___ཡོན་ཏན།

u=1173801099,4282129593&fm=26&gp=0.jpg

གློག་བརྙན་གྱི་ཁྱད་གཤིས། 

                                                                                                       ——ཁྱེམ་ཁིས་དྷོ་ལགས་ལ་ཕུལ་བ།

      གློག་བརྙན་གྱི་སྡེ་ནསཡ་ལི་ཧྲི་ཏོ་ཏུརུ་འབོད་པའི་བརྙན་དཔྱད་པ་ཆེན་མོ་པ་ཙཱན་ལགས་ཀྱིས། གློག་བརྙན་ཕབ་མཁན་ཚོས་རང་གི་ཁ་ཕྱོགས་རྙེད་དུས། བརྩམས་ཆོས་དེ་ལ་ཁྱད་གཤིས་ཤིག་ཆགས་ཡོད་ལ། ཁྱད་གཤིས་དེ་ཡིས་བརྗོད་བྱ་རྗོད་ལུགས་ཀྱང་བརྟན་འཇགས་སུ་གཏོང་ཐུབ། དེས་ན་ཁྱད་གཤིས་དེ་ནི། གཞན་གྱིས་དངོས་གྲུབ་བཞིན་བསྩལ་བ་ཞིག་མིན་པར། རང་གི་མྱོང་བའི་ངོས་ལ་འཐོབ་རྒྱུ་ཞིག་སྟེ། རང་ཉིད་ཀྱི་འདུ་ཤེས་ངོས་ལ་ཐོབ་པ་དེའོ།།

            ཟླ་འདིའི་ཚེས་བཅུ་གཅིག་ཉིན་གསར་ལམ་ཁག་ནས་ཁྱེམ་ཁིས་དྷོ་ལགས་འདས་གྲོང་སུ་སོང་བའི་གནས་ཚུལ་རིམ་གྱིས་སྤེལ་འོང་། ལ་ཤས་ཞིག་གིས་གཏམ་འདིའི་བདེན་ཁ་གསལ་བོར་ལྕོགས་མི་ཐུབ། ཁོ་རེ་ཡ་ནས་གནས་ཚུལ་གསལ་བསྒྲགས་ཅི་ཡང་མ་བྱུང་རབས་གླེང་གིན་འདུག གང་འགྱོགས་ངང་གསར་ལམ་ཁག་གི་གནས་ཚུལ་སློག་ཅིང་ཁོང་རང་ད་ལྟ་བཞུགས་ན་བསམ་པའི་རེ་སྨོན་ཅིག་གིས་ཁེངས་ནས་ཡོད་དུས། ཁོང་གིས་བཤད་པ་ནང་བཞིནའཆི་བ་ནི་འཇིག་རྟེན་གཞན་ཞིག་གི་སྒོ་ཕྱེ་བ་རེད། ཁོང་རང་དངོས་ནས་འཇིག་རྟེན་གཞན་དེར་གཤེགས་ཟིན། ཁོ་རེ་ཡ་ནས་དང་པོར་གནས་ཚུལ་ཕྱི་ལ་མི་སྒྲོག་མ་དེ་འང་རིམ་གྱིས་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཉིད་ཁོ་རེ་ཡ་ན་དེ་འདྲའི་མཚན་སྙན་རྒྱས་ཀྱིན་མི་འདུག་པ་འདྲ། ཁོང་གི་གློག་བརྙན་བརྩམས་ཆོས་མང་ཤོས་ཏུ་ཁོ་རེ་ཡ་སྤྱི་ཚོགས་ཀྱི་ཉམས་རྒུད་དང་། གཉུག་མ། མི་སེམས་ཀྱི་ཧམ་པར་གཞི་བཅོལ་ནས་ཕབ་པ་ཤེད་ཆེ། ཁོང་གིས་ཀྱང་ཉེ་ལམ་རང་ལ་ན་ཟུག་རབ་ཏུ་ལྕི་བ་ནི། རང་གི་བརྩམས་ཆོས་དག་ལ་རང་གི་རྒྱལ་ཁབ་ནས་དགའ་བསུ་དེ་འདྲ་མི་ཐོབ་པའི་སེམས་ཁྲལ་དེ་རེད་ཅེས་བརྗོད་མྱོང་ཡོད་ལ། ཁོ་རེ་ཡ་གློག་བརྙན་གྱི་ལོ་རྒྱུས་ཁྲོད་དུའང་ཁོང་དང་དཔུང་བ་མཉམ་ཀྱིས་གཤིབ་མཁན་ནི་ཕལ་ཆེར་འཁྲབ་ཁྲིད་པ་གཅིག་དང་གཉིས་ཡིན་ཚོད་རེད། ཁ་དཔེར་ཡང་“རང་ཉིད་རང་གིས་བསྟད་ན་དགའ”ཅེས་པ་བཞིན། ཁྱེམ་ཁིས་དྷོ་ནི་འཛམ་གླིང་གི་གློག་བརྙན་དུས་ཆེན་ཆེ་ཤོས་གསུམ་ན་སྙན་པའི་གྲགས་པ་རྒྱས་ཀྱིན་འདུག་ཀྱང་། ཕྱིར་རང་གི་ཕ་ཡུལ་དུ་ལོག་དུས་ཁོང་ནི་སྔར་བཞིན་ཉེས་ཅན་དང་སྤྱོད་པ་འཆལ་བོའི་འཁྲབ་ཁྲིད་པ་དེ་ཡིན་འདུག

          ཁྱེམ་ཁིས་དྷོ་ལགས་འདས་གྲོང་སུ་གྱུར་རྗེས་ཁོ་རང་གླེང་མཁན་མང་པོ་ཞིག་འདུག (འདིར་མང་པོ་ཅེས་པ་རྒྱའི་བརྙན་ཞེན་པ་མང་པོ་ཅིག་ལ་ཟེར་བ་ཡིན། རང་རིགས་ན་ཉུང་ཚོད་རེད།) ང་ཡང་དེའི་གྲས་ཀྱིས་ཅིག་ཡིན། རྒྱུ་མཚན་གློག་བརྙན་གྱི་ཆེད་ལས་ཡིན་དང་མིན། གློག་བརྙན་གྱི་ཤེས་བྱ་ཡོད་དང་མེད་ཙམ་གྱིས་ནི་ཁོ་རང་གླེང་དང་མི་གླེང་བ་ཙམ་ནི་མིན་ཏེ། གློག་བརྙན་ལ་དགའ་མཁན་ཞིག་ཡིན་པའི་ངོས་ཐད་ནས་ཁོང་ལྟ་བུའི་རྣམ་དཔྱོད་ཅན་གྱིས་འཁྲབ་ཁྲིད་པ་ཅིག་འདས་སོང་བ་ནི་འཛམ་གླིང་གློག་བརྙན་གྱི་གྱོང་གུད་ཅིག་ཡིན་པའི་ན་ཟུག་ཡོད་དགོས་པའོ།། གློག་བརྙན་ལ་དགའ་མཁན་ཞིག་ཡིན་ན་ཁྱེམ་ཁིས་དྷོ་ཡང་ངོ་མི་ཤེས། ཁོའི་གློག་བརྙན་བརྩམས་ཆོས་གཅིག་ལའང་བལྟས་མྱོང་མེད་ཟེར་ན། དེ་ཚོར་གློག་བརྙན་ནི་རོལ་རྩེད་ཀྱི་ཚོར་བའི་དབང་སྦྲིད་ཙམ(感觉刺激)ཁོ་ན་ཡིན་འདུག

          ང་ཡང་ཐོག་མའི་དུས་ནས་འཁྲབ་ཁྲིད་ཁོང་ལ་གསལ་ཆ་ཆེན་པོ་མེད་དེ། གཤམ་དུ་བཤད་འགྱུར་གྱི་དོན་དག་རེ་གཉིས་འང་དེ་སྔ་ཤེས་མེད། ཁོང་གི་བརྩམས་ཆོས་ལ་ཐོག་མར་བལྟ་དུས་དམའ་འབྲིང་གི་སྐབས་ཤིག་ཡིན་པ་ཡིད་ན་ཡོད། དེ་དུས་ཁ་པར་དང་དྲྭ་བའི་ཆ་རྐྱེན་དེ་འདྲ་མེད་དུས་རེད། གློག་བརྙན་ལ་བལྟ་བའི་ཐབས་ཉག་ཅིག་ནི་འོད་སྡེར་ཉོས་ཏེ་བལྟ་དགོས། དམའ་འབྲིང་གི་སྐབས་སུ་ཡིན་ན་ལོ་ཚོད་ཕལ་ཆེར་བཅུ་དྲུག་ཡས་མས་རེད། དེ་དུས་སྐྱེ་འཕེལ་གྱི་ཚད་ཡང་ཧ་ཅང་གི་འགྱོགས་པའི་དུས་ཤིག་ཡིན་པས། ཆགས་བསྲེད་ཀྱི་བརྙན་ལ་བལྟ་བ་དང་། དེ་འབྲེལ་གྱི་པར་ངོས་ལ་དགའ་ཞེན་དཔེ་མེད་ཅིག་ཡོད། ཉིན་ཞིག་སློབ་གྲྭས་ཟླ་གནང་བྱིན་ཏེ་ཡུལ་ལ་ལོག་གྲབས་བྱེད་སྐབས། གཙོད་གྲོང་ཁྱེར་གྱི་འོད་སྡེ་བཙོང་ས་ཞིག་ནས་ཆགས་བསྲེད་བསྐོར་ནས་ཅིག་ཉོ་འདོད་སྐྱེས་བྱུང་། འདང་བརྒྱབ་ན་དེ་ཡང་ཐལ་དྲགས་སོང་བ་འདྲ་བས། འོད་སྡེར་སོ་སོའི་རྒྱབ་ཀྱི་ཁ་ཡིག་ལ་བལྟས་ཏེ་ཕར་སློག་ཚུར་སློག་མང་པོ་བྱས་མཐར། འཁྲབ་ཁྲིད་པ་ཁོང་གིས༡༩༩༨ལོར་ཕབ་བསྐྲུན་བྱེད་པའི་གློག་བརྙན<<«ནར་མ་སོན་པའི་གཟུགས་འཚོང་མ>>ཅེས་དེ་མཐོང་བྱུང་། རྒྱ་ཡིག་གིས(雏妓)རུ་བྲིས་འདུག རྒྱབ་ཤོག་སོགས་གང་ཐད་ནས་ཀྱང་རང་ཉིད་ལ་མཁོ་བ་དེ་ཡིན་པས་འོད་སྡེར་དེ་བདམས། ཐོག་མར་གློག་བརྙན་དེའི་ངོས་ཀྱི་ཆགས་པ་བརྐྱངས་བར་སེམས་ཟུག་ནས་དེའི་གཞན་པའི་བསྟན་དོན་མང་པོ་ཞིག་ལ་སེམས་ཞིབ་མོས་བལྟས་མྱོང་མེད།

p462433074.jpg

        རིམ་བཞིན་ཁོང་གི་གློག་བརྙན<<ཁང་སྟོང་།>>ལ་བལྟ་རྒྱའི་གོ་སྐབས་རེག་བྱུང་། དེ་དུས་ཕལ་ཆེར་མཐོ་འབྲིང་ཡང་རྫོགས་ལ་ཉེ་བའི་དུས་ལ་འཁེལ་འདུག གློག་བརྙན་དེ་ནི“ཏུའུ་པན”(豆瓣)བརྒྱུད་དེ་བལྟ་འདོད་བྱུང་བ་ཡིན། མཐོ་འབྲིང་མཐར་ཕྱིན་ལ་ཉེ་བའི་སྐབས་ཡར་མར་ཤིག་ནས་བཟུང་གློག་བརྙན་ལ་བལྟ་རྒྱུར་དགའ་བ་དང་། རྩོམ་རིག སྒྱུ་རྩལ་གྱིས་ང་ཚོར་བསླུ་བྲིད་མང་པོ་ཐེབས་མྱོང་ཡོད། དེ་ཡང་ཁོར་ཡུག་དང་འབྲེལ་བ་ཟབ་མོ་ཡོད། དེ་དུས་ང་ཚོའི་འཛིན་གྲྭའི་ནང་དུ་རང་མོས་ཀྱིས་བསམས་གཞིགས་བྱེད་མཁན་མི་འགའ་རེ་ཡོད། ཚོགས་གཏམ་དང་བསྒྲགས་ཡིག་བཀྲམས་པའང་ཡོད། <<ཁང་སྟོང་།>>ལ་ཏུའུ་པན་དུ་སྐར་མ་མཐོན་པོ་ཞིག་བྱིན་ཡོད་པས་བལྟས་པ་ཡིན། དེར་བལྟས་རྗེས་སུ་རིམ་བཞིན་ཚོང་རར་བྲིན་པའི་གློག་བརྙན་མང་ཤོས་ཞིག་ལ་རེ་བ་དེ་འདྲ་མེད་པ་ཞིག་ཏུ་ཆགས་སོང་། དེ་དུས་དྲྭ་བ་དང་ཁ་པར་གང་ཡིན་ཡང་ཆ་རྐྱེན་ཅུང་འཛོས་པས། འཁྲབ་ཁྲིད་པ་ཁོང་དང་ཁོའི་བརྩམས་ཆོས་དག་དྲྭ་ལམ་ནས་བཙལ་བ་ན། དམའ་འབྲིང་སྐབས་སུ་བལྟས་མྱོང་བའི་གློག་བརྙན་དེ་ཡང་ཁོང་གི་བརྩམས་ཆོས་ཡིན་པ་དང་། དེ་དུས་ཀྱི་པར་ངོས་རེ་རེ་ཡིད་ན་བག་ཆགས་ཧ་ཅང་ཟབ། རིམ་བཞིན་སློབ་ཆེན་གྱི་དུས་སུ་ཁ་ཕྱོགས་མེད་པའི་སྒོ་ནས་ཡང་བསྐྱར་ནུས་ཚོད་ཀྱིས་གློག་བརྙན་མང་པོར་བལྟས། ཉིན་ཞིག་ལ་ཁོང་གི་གློག་བརྙན<<དཔྱིད་དབྱར་སྟོན་དགུན།>>ཅེས་པར་བལྟས་རྗེས་སུ། ཡིད་ལ་སྣ་ཚོགས་ཀྱི་དྲི་བ་མང་པོ་ཞིག་གི་འདབ་རྒྱ་གྲོལ་བྱུང་།

         དེ་ལྟར་ད་ལ་ཐུག་གི་བར་དུ་ཁོ་ལ་རྒྱུས་མེད་པ་ནས་བརྩས་ཆོས་དག་གི་བར་གསེང་ནས་ཁོང་གི་གྲིབ་གཟིགས་བཙལ་ཅིང་བསྙེག་ནས་འོང་དུས། ཉིས་སྟོང་བཅོ་བརྒྱད་ལོའི་ཡས་མས་ཤིག་ལ་ཁྱེམ་ཁིས་དྷོ་ཡིས་ནང་བསྟན་གྱིས་བརྗོད་བྱ་བྱེད་པའི་ཀྲུང་གོའི་གློག་བརྙན<<ལྷ་མེད>>(无神)ཅེས་པ་ཞིག་ཕབ་རྒྱུའི་གྲབས་བཤམས་བཞིན་འདུག་རབས་གོ་བས། སྔར་ལས་རེ་སྒུག་ཆེན་པོས་བརྩོམས་ཆོས་དེ་ལ་ངེས་མེད་ཀྱིས་བརྗོད་བྱ་རྗོད་ལུགས་ཀྱི་ཐད་ལ། ཁོང་གི་བརྩམས་ཆོས་སྔ་མ་དག་དང་རིགས་འགྲེ་ནས་བསྡད། ཡིན་ཡང་དེར་རོལ་མྱོང་བྱེད་པའི་བསོད་ནམས་ང་ཚོར་མེད་སོང་བ་རེད། ཁོང་ལ་གློག་བརྙན་བརྩམས་ཆོས་ཉི་ཤུ་ལྷག་ཡོད་ལ། ཁོ་རང་འདས་གྲོངས་སུ་གྱུར་རྗེས་སྔར་བལྟས་མ་མྱོང་བའི་གློག་བརྙན་རེ་བཙལ་ནས་བལྟས་ལ། སྔ་མའི་བག་ཆགས་གསབ་པ་དག་ལ་ཡང་བསྐྱར་བལྟས་པས། ཁོང་རང་འདས་གྲོངས་སུ་གྱུར་པ་ནི་འཛམ་གླིང་གློག་བརྙན་གྱི་གྱོང་གུད་ཅིག་ཅི་ལ་མིན། ཅེས་པའི་སྡོམ་ཚིག་འདི་འགོད་དགོས་སོང་།

༢༠༢༠·༡༢·༡༣ཉིན་བཙན་པོ་ནས།

u=1733453662,3198113186&fm=26&gp=0.jpg

ཁྱེམ་ཁིས་དྷོ་ལ་ཕུལ་བ།

                                      ——བཙན་པོ།

ཧ་ཅང་གི་ལྷིང་འཇགས་ཡིན་པས།

ངས་སྙིང་གི་འཕར་སྒྲ་ཐོས་བྱུང་།

ཨེན་ཙམ་གྱི་སྐྲག་སྣང་དེས།

 ངས་བེམ་པའི་རི་ཁྲོད་གང་ཞིག་ན།

ཁྱེམ་ཁིས་དྷོ་ཟེར་བའི་སློང་མོ་བ་ཞིག་ཡོད་པ།

ལྷིང་འཇགས་ཀྱི་ཁང་སྟོང་འདི་ནས་དྲན་གསོ་དགོས་བྱུང་།

ཁྱོས་ཀྱང་ཁང་སྟོང་དེ་རུ།

ད་དུང་རང་རྣམ་རྩོམ་ལ་བྲེལ་བཞིན་འདུག་གམ།

 

དེ་རིང་ཧ་ཅང་ལྷིང་འཇགས་ཡིན་པས།

མཚམས་ལན་རེར་ངས་ཁྱོད་ཀྱི་ཆིག་ལབ་རེ་གཉིས་འང་ཐོས་ཐུབ།

གློག་བརྙན། རྨི་ལམ། འདོད་པ།

དུས་རབས་འདིར།

རླབས་ཆེན་གྱི་མི་བུ་དག་བཞུད་སླ་བས།

ངས་ནི་ནམ་ཞིག

ཁྱོད་ཀྱང་དེ་འདྲ་ཡིན་ངེས་པར་འདོད།

ཡིན་ཙང་ཁྱོད་ནི་ཁོང་ཚོ་དང་མི་འདྲ།

ཁྱོད་ནི་སྔར་བཞིན་ཁང་སྟོང་ནང་གི་སློང་མོ་བ་དེ་ཡིན།

          ༢༠༢༠•༡༢•༡༡ཉིན་ལ།

  • ཟུར་བཀོད།

              ཁྱེམ་ཁིས་དྷོ་ཡི་གློག་བརྙན་དྲན་ཐོ།(ཁག་དང་པོ།)http://www.filmtbt.com/news/dok/2020-12-12/1109.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།


དཔྱད་མཆན་ཡོད།