འཁྲབ་ཁྲིད་པ་འཇིགས་དབང་གིས་ཕབ་བསྐྲུན་བྱས་པའི་གློག་བརྙན།

    དེང་གི་སྐབས་འདིར་ས་སྒང་རིལ་མོ་འདི་ཚན་རྩལ་རིག་པའི་འཕྲུལ་གྱི་འཁོར་ལོས་ཡོངས་སུ་བསྐོར་བ་དང་ལྷན། མདོ་སྨད་ས་ཡི་ཐིག་ལེའི་ཕྱོགས་འདིར་གློག་བརྙན་ལས་རིགས་ཀྱི་ཚ་རླབས་ཤིག་ཐོལ་གྱིས་ལངས་ཤིང་། གློག་བརྙན་ཕབ་བསྐྲུན་གྱི་ལས་ཀར་འཇུག་དང་འཇུག་གིན་པའི་གཞོན་སྐྱེས་བརྙན་ཞེན་པ་འགའ་ཞིག་ཀྱང་སྐྱེན་པར་འཚར་ལོངས་བྱུང་། ཁོ་ཚོ་ནི་གློག་བརྙན་ལ་འཇུག་གིན་པའི་ལས་དང་པོ་བ་ཞིག་ཡིན་པའི་ཆ་ནས་བཤད་ན། ཤིང་ཏོག་ཨ་མྲ་བཞིན་ནང་སྨིན་ན་ཕྱི་མ་སྨིན་པའམ་ཡང་ན་ཕྱི་སྨིན་ན་ནང་མ་སྨིན་པ་ལ་སོགས་པའི་བསམ་བློ་ཡི་བཅུད་ཀྱིས་དབེན་པའམ་ཡང་ན་ལག་རྩལ་མཚོན་སྟོབས་ཀྱིས་མ་ལྡེང་བ་ལ་སོགས་པའི་སྐྱོན་ཡོན་དང་བླང་དོར་སོགས་ཅི་རིགས་མཆིས་པ་སྨྲས་མ་དགོས་ནའང་། ལས་དང་པོ་བ་ཞིག་ལ་མཚོན་ན། དེ་ནི་བྱ་རིམ་དེའི་ཁྲོད་ངེས་པར་དུ་གནས་སྲིད་པ་ཞིག་དང་ངེས་པར་དུ་བརྒྱུད་དགོས་པ་ཞིག་ལོས་ཡིན།

         ཐེངས་འདིར་འཁྲབ་ཁྲིད་པ་འཇིགས་དབང་གིས་ཕབ་བསྐྲུན་བྱས་པའི་གློག་བརྙན་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་གཡུ་འོད་འབུམ་མེའི་སྐོར་གྱི༼ དོལ་གླིང་གཡུལ་འགྱེད ༽ཞེས་པ་འདི་ལ་མཚོན་ནའང་། གློག་བརྙན་འདི་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོར་བརྗོད་པའི་དོལ་གླིང་གཡུལ་འགྱེད་ཀྱི་སྐོར་ཡིན་ལ། གློག་བརྙན་འདིའི་ནང་དོན་ནི། གནམ་ལྕགས་ཐོག་གི་རྒྱལ་པོ་དེས།། དོལ་དམག་ཁྲ་མོ་གླིང་ལ་དྲངས།། གོང་མ་ལྷ་ཡི་བཀའ་ལུང་བཞིན།། འདན་སྲས་དཔའ་བོས་བདུད་རྒྱལ་བཏུལ།། ཞེས་དྲག་པོ་མངོན་སྤྱོད་མཛད་པའི་སྐོར་ཡིན། གློག་བརྙན་འདི་ནི་བོད་ཀྱི་དཔའ་བོའི་ཟློས་གར་གྱི་རྣམ་པ་དུས་རབས་ཀྱི་གར་སྟེགས་སུ་བསྐྱོད་པའི་ཚོད་ལྟ་ཆེས་ཐོག་མའི་གྲས་ཤིག་ཡིན།    འཁྲབ་ཁྲིད་པ་འཇིགས་དབང་གིས་རྒྱུ་དངོས་ཀྱི་ནུས་ཤུགས་འབོར་ཆེན་ཕུད་ཐོག་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་། གློག་བརྙན་འདི་ནི་འཇིགས་དབང་གློག་བརྙན་འཕྲིན་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་ཨ་མའི་བུ་གློག་བརྙན་འཕྲིན་སྒྱུར་སྒྲིག་ལྟེ་གནས་ནས་པར་དུ་བསྐྲུན་ཤིང་སྒྲིག་སྦྱོར་བྱས་པ་ཡིན། གློག་བརྙན་འདི་སྔོན་ཆད་བོད་ལྗོངས་བརྙན་འཕྲིན་ཁང་ནས་ཐད་གཏོང་བྱས་མྱོང་། གློག་བརྙན་འདིའི་རང་སྟེང་ན་སྐྱོན་དང་ཡོན་ཏན་ཅི་རིགས་མཆིས་སྲིད་མོད། འདིར་བོད་བརྙན་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཀོད་པའོ།། 

                                                        IMG_3975_副本.jpg

          ན་གཞོན་འཁྲབ་ཁྲིད་པ་འཇིགས་དབང་ལགས་ནི། ཆུང་ངུའི་དུས་ནས་གློག་བརྙན་སྒྱུ་རྩལ་ལ་སྤྲོ་བ་ཆེས་ཆེར་རྒྱས་ཤིང་། ༢༠༠༨ནས་བཟུང་བརྙན་གཞུང་ཕབ་ལེན་དང་འཁྲབ་ཁྲིད་སོགས་ཀྱི་ལས་རིགས་ལ་ཆེད་གཉེར་གྱིས་སྦྱོང་མགོ་བརྩམས། ༢༠༡༠ལོར་ཁོ་རང་རང་ལོ་ཉི་ཤུར་སོན་པའི་བརྩམས་ཆོས་ཐོག་མ༼ དོལ་གླིང་གཡུལ་འགྱེད ༽ཀྱི་གློག་བརྙན་འདི་ཚོད་ལྟའི་རྣམ་པས་ཕབ་མགོ་བརྩམས་པ་རེད། ༢༠༡༡ལོར༼ གྲོང་ཁྱེར་གྱི་བརྩེ་བ ༽ཞེས་པའི་གློག་བརྙན་འཁྲབ་ཁྲིད་བྱས་ཤིང་རང་ཉིད་མཉམ་ཞུགས་ཀྱིས་གཙོ་འཁྲབ་བྱས། ༢༠༡༢ལོར་མཚོ་སྔོན་སྦྲ་ནག་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིའི་གཙོ་བསྒྲུབས་བྱས་པ་དང་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་སོགས་ཀྱིས་གཙོ་ཁྲིད་མཛད་པ་ཆེས་ཐོག་མའི་བོད་ཀྱི་གློག་བརྙན་ཟབ་སྦྱོང་འཛིན་གྲྭ་རུ་ཞུགས་པ་རེད། དེང་རབས་བརྙན་ཐུང་དང་ཁ་བརྡ་ལེ་ཚན། གླུ་གཞས་གར་ཆུང་དང་ཆེད་བསྒྲིགས་འོད་འཁོར་གང་མང་ཞིག་ལ་འཁྲབ་སྟོན་དང་སྒྲིག་སྦྱོར་བྱས་མྱོང་བ་རེད། ད་དུང་མུ་མཐུད་འབད་འབུངས་གྲངས་མེད་ཀྱིས་རང་གི་གློག་བརྙན་སྒྱུ་རྩལ་གྱི་ཕུགས་བསམ་མངོན་འགྱུར་ཡོང་བར་བརྩོན་མུས་སུ་མཆིས་སོ།།

 

དཔྱད་མཆན་ཡོད།