སྦུ་སན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་(Busan International Film Festival བསྡུས་མིང་ BIFF) སྤྱི་ལོ་༡༩༩༦ལོར་དངོས་སུ་དབུ་བརྙེས་པ་ཡིན་ལ། ཨེ་ཤ་ཡ་གླིང་གི་གློག་བརྙན་དུས་ཆེན་གཙོ་གྲས་ཤིག་ཡིན། ལོ་རེའི་ཟླ་༩པ་ནས་ཟླ་༡༠པའི་བར་ཁོ་རི་ཡ་ལྷོ་མའི་གྲུ་ཁའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་སྟེ་སྦུ་སན་ནས་དུས་ཆེན་འདི་འཆར་ཅན་ཐོག་སྤེལ་གྱིན་ཡོད། གློག་བརྙན་དུས་ཆེན་འདིར་ཨེ་ཤ་ཡའི་གློག་བརྙན་སྒེའུ་ཁུང་དང་རླབས་རྒྱུན་གསར་པ། ཁོ་རི་ཡ་ལྷོ་མའི་གློག་བརྙན། འཛམ་གླིང་གློག་བརྙན། སྒོ་འབྱེད་གློག་བརྙན། དམིགས་བསལ་ཁེ་ལས་ཀྱི་འཆར་གཞིའི་རྣམ་གྲངས་སོགས་སྡེ་ཚན་ཆེན་པོ་བདུན་འདུས་ཡོད་པ་རེད།
ཡ་གླིང་གློག་བརྙན་གྱི་ཐེབས་རྩ་(Asian Cinema Fundབསྡུས་མིང་ACF)ནི་ཐེངས་༢༡པའི་སྦུ་སན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ལས་རིམ་གལ་ཆེན་ཞིག་ཡིན་ལ། ཐེངས་འདིའི་ལས་རིམ་ལ་གློག་བརྙན་༢༢ཚུད་ཡོད་པའི་ནང་། ཡ་གླིང་གི་གློག་བརྙན་རྣམ་གྲངས་༡༥དང་། ཁོ་རི་ཡ་ལྷོ་མ་རང་གི་གློག་བརྙན་རྣམ་གྲངས་༧ཡོད་པ་རེད། དེ་ཡང་ཡ་གླིང་གི་གློག་བརྙན་ལས་རིགས་དར་སྤེལ་གཏོང་ཆེད་སྦུ་སན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་དངོས་བཤུས་གློག་བརྙན་རྩེ་གྲ་དག་ཧྲག་འདེམ་བྱས་ཏེ་ཐེབས་རྩ་གཏོང་གིན་ཡོད་འདུག
ཐེངས་འདིའི་གློག་བརྙན་ཐེབས་རྩའི་རྣམ་གྲངས་ANDསྡེ་ཚན་དུ་བསྡོམས་པས་གློག་བརྙན་༨བདམས་ཐོན་བྱུང་ཡོད་པ་ལས། གཟེངས་རྟགས་མཐོ་ཤོས་གཉིས་ནི་བོད་ཀྱི་སྒེར་ཚུགས་གློག་བརྙན་པ་གདུགས་དཀར་ཚེ་རིང་(DukarTserang)གི་བརྩམས་ཆོས་༼ ཁོང་ཚོ་དགུང་ལོ་བརྒྱ་རེད།༽ (They are one hundred years old)དང་ཝེ་ཐི་ནམ་གྱི་Hang PHAM THUགཉིས་ལ་ཐོབ་ཡོད་པ་རེད། གཟེངས་རྟགས་ཐོབ་པའི་གློག་བརྙན་འདི་གཉིས་ལ་ཡ་གླིང་གློག་བརྙན་གྱི་ཐེབས་རྩའི་རོགས་དངུལ་ཁོ་རི་ཡ་ལྷོ་མའི་སྒོར་མོ་ཁྲི་༡༠༠༠གཏོང་རྒྱུ་ཡིན་པར་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་དུ་གདན་འདྲེན་ཞུས་ཏེ་ANDརྣམ་གྲངས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་ཐོག་གཏམ་བཤད་གནང་རྒྱུ་སོགས་བཀོད་སྒྲིག་བྱས་ཡོད་པ་རེད།
སྒེར་ཚུགས་གློག་བརྙན་པ་གདུགས་དཀར་ཚེ་རིང་།
ཕབ་སྐྲུན་ཡུལ་དངོས།
དཔྱད་མཆན་ཡོད།