སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་བཞུད་ལམ།


     སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་མདོ་ཁམས་སྡེ་དགེ་རྫོང་གསར་དགོན་པའི་སྤྲུལ་སྐུ་ཞིག་ཡིན། འོན་ཀྱང་ཁོང་གི་སྐུ་གོང་མ་རྒྱ་གར་དུ་སྐུ་གཤེགས་པས་ཁོང་ཉིད་འབྲུག་ཡུལ་ནས་ཡང་སྲིད་དུ་གདན་འདྲེན་གྱིས་རྒྱ་གར་ནས་ཁྲི་འདོན་བྱས་པ་རེད། དེ་ཡང་རྫོང་གསར་དགོན་པ་ནི་སྔར་གཡུང་དྲུང་བོན་དང་དེ་རྗེས་སྔགས་རྙིང་མ། ཕྱིས་སུ་བཀའ་གདམས་པ་དང་འགྲོ་མགོན་ཆོས་འཕགས་པའི་སྐབས་ནས་ས་སྐྱ་པའི་དགོན་སྡེ་ཆེ་ཤོས་སུ་གྱུར་པར་མ་ཟད་ཆོས་རྒྱལ་སྡེ་དགེའི་ནང་གི་དབུ་བླ་ཁག་གཉིས་ཀྱི་ཡ་གྱལ་ཡིན། དགོན་འདིར་དུས་རབས་ ༡༩ པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་/༡༨༢༠/༡༨༩༢/ཞུ་བའི་བླ་མ་སྙན་གྲགས་ཅན་དེ་བྱོན་ཞིང་། བླ་མ་དེ་ནི་མཁས་གྲུབ་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཡོངས་རྫོགས་ཀྱི་རྩ་བའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་གཉིས་པ་ལྟ་བུ་ཡིན། ཁོང་གི་སློབ་མར་ཁོང་དང་འདྲ་བའི་རིས་མེད་ཀྱི་སྐྱེས་ཆེན་འཇམ་མགོན་ཀོང་སྤྲུལ/1813/1899/། ས་སྐྱའི་སྐབས་དེའི་བླ་མ་ཡོངས་དང་འཇམ་མགོན་བློ་གཏེར་དབང་པོ་/1847/1914/སོགས། རྙིང་མའི་འཇུ་མི་ཕམ་/1846/1912/སོགས་སྐབས་དེའི་བོད་ཡོངས་ཀྱི་རྙིང་མའི་བླ་མ་ཀུན། བཀའ་བརྒྱུད་ཀྱི་ཀརྨ་པ་བཅུ་བཞི་པ་/1871/1922/དང་བཅོ་ལྔ་པ་/1871/1922/སོགས་སྐབས་དེའི་བཀའ་བརྒྱུད་བླ་མ་ཐམས་ཅད། དགེ་ལྡན་པའི་གདོང་ཀོམ་པན་ཊི་ཏ་ངག་དབང་དམ་ཆོས་རྒྱ་མཚོ། བྲག་གཡབ་སྐྱབས་མགོན་ནོ་མི་ཧན་དྲུག་པ་ཆེན་པོ། ལི་ཐང་དགེ་བཤེས་བྱམས་ཕུན། མི་ཉག་ཀུན་བསོད་སོགས་དགེ་ལྡན་པའི་བླ་མ་མང་པོ་སོགས་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཐ་ན་བོན་ཚུན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱུང་། སྐུ་དངོས་དང་བརྒྱུད་ནས་ལྗགས་རྩོམ་དང་བསྡུ་བསྒྲིགས་གནང་བ་གསུང་རབ་པོད་སུམ་བརྒྱ་བརྒལ་བ་བཞུགས། ཁོང་སྐུ་གཤེགས་རྗེས་ས་རྙིང་བཀའ་གསུམ་གྱི་གདན་ས་གཙོ་བོ་དང་ཆོས་རྒྱལ་སྡེ་དགེའི་དབུ་བླ་བཅས་ཡིན་པའི། དགོན་ཆེན། དཔལ་སྤུང་། ཀཿཐོག །རྫོགས་ཆེན། ཞེ་ཆེན། གདན་ས་དངོས་བཅས་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ཡང་སྤྲུལ་ངོས་འཛིན་ཞུས། སྐུ་སྤྲུལ་གདན་སའི་ཆུང་སྲིད་རིན་པོ་ཆེ་མཛད་པ་བརྟུལ་བས་གོང་མའི་སྐུ་དབོན་ཀཿཐོག་སི་ཏུ་པན་ཆེན་ནས་ཞལ་བདག་དང་འཇམ་མགོན་ཀོང་ཆེན་པས་ངོས་འཛིན་མཚན་གསོལ་གནང་བ་འཕྲིན་ལས་མཆོག་སྤྲུལ་གདན་སར་སྤྱན་དྲངས། ཕྱིས་སུ་རྗེ་འདི་ཉིད་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་/༡༨༩༦/༡༩༥༩/ཞེས་ས་རྙིང་བཀའ་གསུམ་གྱི་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་གྱུར་པའི་ཡང་སྲིད། ད་ལྟ་ཞལ་བཞུགས་པ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་འམ་མཁྱེན་བརྩེ་ནོར་བུ་མཆོག་ཁོང་ཡིན། རྗེ་འདི་ /༡༩༦༡/ལོའི་ཟླ་/༧/པའི་ཚེས་/༧/ཉིན་འབྲུག་ཤར་ཕྱོགས་སུ་བོད་ཀྱི་བཙན་པོའི་གདུང་བརྒྱུད་དྲི་མ་མེད་པ་སྤོ་བོ་ཀཿགནམ་སྡེ་པའི་སྲས་གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་/༡༩༠༤/༡༩༨༧/གདུང་སྲས་སྐྱབས་རྗེ་འཕྲིན་ལས་ནོར་བུ་དང་། འབྲུག་སློབ་དཔོན་བསོད་ནམས་བཟང་པོའི་སྲས་མོ་གཉིས་ཀྱི་རིགས་ཀྱི་ཐིག་ལེར་འཁྲུངས། དགུང་གྲངས་བདུན་/༡༩༦༨/ཐོག་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་༧རྒྱལ་དབང་བཅུ་བཞི་པ། ཀརྨ་པ་བཅུ་དྲུག་པ་སོགས་སྐྱེས་ཆེན་དུ་མས་དགོངས་མཐུན་ཐོག་གོང་མའི་ཡང་སྤྲུལ་དུ་མངའ་གསོལ་ཞུས། དིལ་མཁྱེན་རྡོ་རྗེ་འཆང་/༡༩༡༠-༡༩༩༡/སོགས་གོང་མའི་ཞལ་སློབ་མཁས་གྲུབ་དག་ལས་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཡོངས་ལ་ཐོས་བསམ་ཉམས་བཞེས་གནང་བར་མ་ཟད། རྗེ་གོང་མ་གཉིས་ཀྱི་མཛད་འཕྲོ་བཤད་སྒྲུབ་ཀྱི་སྡེ་དག་བསྐྱར་གསོ་རྒྱ་བསྐྱེད་དང་འཛམ་གླིང་ཡུལ་གྲུ་གང་སར་ནང་བསྟན་གྱི་ལྟ་གྲུབ་ངོ་སྤྲོད་དང་ཁྱབ་སྤེལ་གནང་གི་ཡོད།


     ལྷག་པར་དགུང་ལོ་བཅུ་གསུམ་ཐོག་བརྙན་འཕྲིན་ལ་གཟིགས་རྒྱུ་བྱུང་ཞིང་། དགུང་ལོ་བཅུ་བདུན་བཞེས་སྒང་ནས་གློག་བརྙན་ལ་མོས་པ་ཆེར་འཕེལ། རྒྱ་གར་གྱི་མེ་འཁོར་འབབ་ཚིགས་ཤིག་ནས་པོ་ལེ་ལྦུ(Bollywood)ཡིས་བཟོས་པའི་གློག་བརྙན་ཐོག་མར་གཟིགས་ཤིང་། དེས་ཁོང་གི་གློག་བརྙན་བཟོ་བཞེད་ཀྱི་ཐུགས་འདུན་རྨང་ནས་བསླངས་པས། ལོན་ཌོན་དང་ཉིག་ཡོ་སོགས་སུ་ཆོས་སྤེལ་བའི་གླགས་དང་བསྟུན་ནས་གློག་བརྙན་ལ་སྦྱོང་བའི་གོ་སྐབས་བརྩོན་ལེན་སྒོས། ཉིག་ཡོར་གློག་བརྙན་སློབ་གླིང་སོགས་ནས་གློག་བརྙན་སྐོར་གྱི་ཆེད་ལས་ལ་སྦྱངས། ༡༩༩༣ལོར་དབྱི་ཐ་ལིའི་འཁྲབ་ཁྲིད་པ་པེ་ཐོ་ལུའུ་ཁེའི«ཆུང་སྲིད།»(LittleBuddha)ཅེས་པའི་གློག་བརྙན་གྱི་བློ་འདྲི་ས་གནང་ཤིང་འཁྲབ་སྟོན་ལ་ཡང་ཞུགས་མཛད། ཁོང་གིས་གློག་བརྙན་བཟོ་བསྐྲུན་གྱི་ཕྱོགས་ནས་ཕེ་ཐོ་ལུའུ་ཁེ་ཉིད་རང་གི་དགེ་རྒན་ལྟ་བུར་བརྩིས། ཁོང་གི་གློག་བརྙན་ཐོག་མ་ནི་ཕྱི་ལོ/1999/ལོའི«ཕོར་པ།»དང་གཉིས་པ་ནི/2003/ལོའི«ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།»རེད། སྔོན་མས་བོད་ཀྱི་གྲྭ་པ་ཆུང་ངུ་འགས་རྐང་རྩེད་སྤོ་ལོར་དགའ་དྲགས་ཏེ་བརྙན་འཕྲིན་ནང་འཛམ་གླིང་ཕོར་པའི་རྟིང་རྩོད་འགྲན་བསྡུར་ལ་བལྟ་བར་ཧུར་ཐག་གང་མང་བྱས་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་འགལ་འབྲེལ་མཚོན་ཡོད་པ་དང་། ཕྱི་མས་ནི་འབྲུག་པ་ཞིག་འབྲུག་ཡུལ་ནས་ཨ་མེ་རི་ཀར་སྐྱོད་འདོད་སྐོར་བྲིས་པའི་འཁྲུལ་སྣང་རང་བཞིན་གྱི་གློག་བརྙན་ཞིག་རེད། ཕབ་བསྐྲུན་པ(Jeremy Thomas)རྗེ་བྷུ་མེའི་ཁྲོ་མན་སའི་སོགས་ཀྱིས་སྐུལ་སློང་ཞུས་པ་བརྒྱུད་གློག་བརྙན་དེ་འཛམ་གླིང་སྒང་བཀྲམས་པ་དེས་འབྲུག་ཅེས་པའི་རྒྱལ་ཁབ་ཆུང་ཆུང་འདིར་མི་རྣམས་ཀྱིས་དོ་སྣང་བྱ་མགོ་བརྩམས་ཤིང་། ལོ་དེའི་ཁཱ་ཎ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཡང་ཞུགས། «ཡ་གླིང་གཟའ་དེབ»སོགས་ཀྱིས“གཏམ་རྒྱུད་གནད་ཕིགས་པར་འཆད་ཤེས་པའི་ཡ་གླིང་གི་འཁྲབ་ཁྲིད་པ”སོགས་ཕྱོགས་སོ་སོ་ནས་སྙན་པའི་གྲགས་པ་རྒྱས། «ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།»ནི་འབྲུག་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་16mmཅན་གྱི་སྤྱིན་ཤོག་བེད་སྤྱད་དེ་ཕབ་པའི་གློག་བརྙན་ཐོག་མ་ཡིན་པར་གྲགས།


     ཁོང་གིས་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ(Christopher Doyle)ཧིའི་སེར་ཧྲན་ཧྲི་བྷོར་མན་དང་མཉམ་འབྲེལ་མཛད་དེ«VARA»ཞེས་པའི་གློག་བརྙན་ཀྱང་བསྒྲིགས་ཚར། ཉེ་ལམ་ཁོང་གིས་བརྩམས་ཆོས་གསུམ་པ་སྟེ། «ཝ་ར། བྱིན་རླབས་ཤིག» ཅེས་པ་འཁྲབ་ཁྲིད་བྱས་ཚར་ལ། Vara_A_blessing_600_350_100.png«ཝ་ར། བྱིན་རླབས་ཤིག»ཅེས་པའི་གློག་བརྙན་འདི་ནི། རྒྱ་གར་གྱི་སྒྲུང་གཏམ་པ་དང་སྙན་ངག་པ་གྲགས་ཅན(SunilGangopadhyay)ཟི་མོ་པཎ་ཌི་ཕན་ཌ་ལིང་ལགས་ཀྱི་སྒྲུང་ཐུང«ཝ་ར»ལ་རྨང་བྱས་ཤིང་། རིན་པོ་ཆེ་མཆོག་ནས་འཁྲབ་གཞུང་དུ་བྲིས་ཏེ་འཁྲབ་ཁྲིད་མཛད་པ་ཞིག་སྟེ། གློག་བརྙན་འདིར། ལི་ལཱ (Lila) ཟེར་བའི་བུ་མོ་ཞིག་དང་མོའི་སྐྱེས་ཡུམ་ཝི་ན་ཐ (Vinata) གཉིས་ཀྱི་གཏམ་རྒྱུད་བསྟན་ཡོད། ཝི་ན་ཐ་ནི་ཧིན་རྡུའི་ལྷ་ཞིག་དང་གཉེན་བསྒྲིགས་པའི་ལྷ་ཁང་གི་གར་མ་ཞིག་ཡིན་ལ། ཐེངས་ཤིག །བུ་མོ་ལི་ལཱ་རིགས་རུས་དམན་པའི་གྲོང་པའི་གཞོན་ནུ་ཤྱམ(Shyam)་དང་ཕྲད་པར་གྱུར། ཤྱམ་ནི་འཇིམ་བཟོ་མཁན་ཞིག་ཡིན་པས་ཁོས་ལི་ལཱ་རང་ཉིད་ཀྱི་འཇིམ་སྐུའི་དཔེ་གཟུགས་བྱེད་ཆོག་མིན་དྲིས། ཁོ་གཉིས་ཀྱིས་འབྲེལ་འདྲིས་འདིའི་རིགས་གཞན་གྱིས་ཤེས་རྟོགས་བྱུང་ཚེ་ཉེན་ཁ་ཤིན་ཏུ་ཆེ་བ་ཤེས་ན་ཡང་། མོས་དང་ལེན་བྱས་པར་གྱུར། འདི་ནི་གློག་བརྙན་ཝ་རའི་ནང་དོན་སྤྱི་བམ་པ་ཞིག་སྟེ། གློག་བརྙན་གྱི་གཞུང་ངོས་དྲ་བར"ཝ་རས་ཧིན་རྡུའི་ལྷ་དག་གི་སྒྱུ་འཕྲུལ་གྱི་འཇིག་རྟེན་དང་བྷ་ར་ཏའི་གར(Bharatanatyam)བྷེ་བར་ཏི་ན་ཁྲ་ཡམ་དང་རོལ་དབྱངས་གསུམ་སྲུབས་མེད་དུ་སྦྱར་ཡོད་ཅིང་། འདི་ནི་ནམ་ཡང་ནུབ་མི་སྲིད་པའི་དུངས་པ་དང་དད་པའི་གཏམ་རྒྱུད་ཞིག་ཡིན"ཅེས་བྲིས་འདུག


    གློག་བརྙན་འདིའི་ནང་དོན་རྒྱ་གར་དང་འབྲེལ་ཡང་བརྙན་ལེན་ས་ཤྲིར་ལངྐ་སྟེ། སིང་ག་ལ་ཡིན་ཅིང་། སྐད་ཡིག་དབྱིན་སྐད་བཀོལ་ཡོད་ལ་རྒྱལ་ཁབ་མང་པོ་ནས་འོངས་པའི་སྒྱུ་རྩལ་པ་དག་བརྙན་བཟོའི་དཔུང་དུ་ཞུགས་པས་དང་པོ་ནས་རྒྱལ་སྤྱིའི་གློག་བརྙན་ཞིག་ཏུ་གྱུར། Whitney+Ward+Vara+Blessing+Premiere+2014+Tribeca+qL0k7ZU959oའཁྲབ་སྟོན་པ (shahana goswami )ཤྲིར་ཧེ་ལིཾ་ཀ་སི་ཧོ་མའི་དང་། ( mohamed adamaly། Rohit Raj )ཧང་ཧའི་ཐི་བྷན་ལའི་རོ་ཧའི་སི་ཝལ་སོགས་ཡིན་པའི་གློག་བརྙན་༼ ཝ་རྭ་༽ བོད་སྐད་དུ་བྱིན་རླབས་ཤིག་ཅེས་པ་འདི་ཉིད་ལྷོ་ཁོ་རི་ཡར་ཨེ་ཤའི་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་ཤིག་གི་མཛད་སྒོ་ནང་དུ་འདེམས་སྒྲུག་གིས་དབུ་འཛུགས་གློག་བརྙན་དུ་གཟིགས་སྟོན་ཞུས་འདུག་ལ། ད་དུང་ཆེད་ལས་པ་ཚོས་གློག་བརྙན་སུམ་བརྒྱ་ལྷག་ཙམ་ནང་ནས་ཆེས་ལེགས་པའི་རྩེ་ཕུད་ཀྱི་གློག་བརྙན་བཅུ་ཡི་ནང་དུའང་འདེམས་སྒྲུག་བྱས། 
གཞན་ཡང་༧རིན་པོ་ཆེ་ཁོང་གི་ཕྱག་རྩོམ་ལ་«སྟོན་པའི་བདེན་པ་རྟོགས་པའི་ཤེས་རབ།»དང་། «གནས་མཇལ།» «མི་ཡུལ་སྟེ་ཟློས་གར་ར་བ།»སོགས་ནང་བསྟན་གྱི་གཞུང་དང་། ཡུལ་ཁམས་བསྐོར་བའི་གསུང་རྩོམ་སོགས་པོད་བཞི་ལྷག་བཞུགས་སོ།།


     མ་གཞི་ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཁོང་ཉིད་བོད་བརྒྱུད་ནང་བསྟན་པའི་ལོ་རྒྱུས་ཁྲོད་ཀྱི་བླ་སྤྲུལ་གྲགས་ཅན་དང་གནད་ཅན་ཞིག་ཡིན་པའི་ངོས་ཐད་ནས། གློག་བརྙན་ལ་ཡང་འཁྲབ་ཁྲིད་པ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཆ་ཞིག་ཡོད་པ་ནི། ནང་བསྟན་གྱི་དགོངས་དོན་མང་པོ་གློག་བརྙན་དུ་དྲིལ་ཡོད་པ་རེད། ཁོང་གིས་གློག་བརྙན་ཉིད"དེང་རབས་ཀྱི་ཐང་ག"ཡིན་པར་བཞེད་པ་ནང་བཞིན། དངོས་ཡོད་ཀྱི་འཇིག་རྟེན་འདི་དང་ཆོས་ཀྱི་དེ་ཉིད་མང་པོའི་བར་ཕན་ཚུན་བསྣོལ་འདུག་པའི་ཆ་ཞིག་ལ་འཚོལ་ཞིབ་བྱ་བཞིན་པའི་བཟོ་འདུག །


—  བྲག་གཡབ་པ་པད་མ་འཕྲིན་ལས་ནས་རྩོམ་བསྒྲིགས་བགྱིས་པའོ།།


                    ༼པྲ་དྲ༽ ནི་བོད་ཡིག་ལམ་ནས་གློག་བརྙན་སྐོར་གྱི་ཤེས་བྱ་དང་གཞུང་ལུགས་ངོ་སྤྲོད་སའི་སྡིངས་ཆ་ཞིག་ཡིན།

             གློག་བརྙན་སྐོར་གྱི་རྒྱུ་ཆ་གསོག་འཇོག་དང་གཞུང་ལུགས་ཚུར་ལེན། སྣང་ཚུལ་དཔྱད་བརྗོད་ཀུན ༼པྲ་དྲ༽ ཡིས་གཅིག་ལྕོགས་བྱས་ཡོད།

               ཁྱེད་ལ་གློག་བརྙན་སྐོར་གྱི་རྩོམ་གང་ཡོད ༼པྲ་དྲ༽ རུ་བཏང་ཆོག འདི་ནི་ང་ཚོ་ཐུན་མོང་ལ་དབང་བའི་གར་སྟེགས་ཤིག་ཡིན།

དཔྱད་མཆན་ཡོད།