པདྨ་ཚེ་བརྟན་གྱིས་ངའི་ཕུགས་འདུན་ནི་བོད་ཤ་སྟག་གི་གློག་བརྙན་ཕབ་བསྐྲུན་བྱ་རྒྱུ་དེ་ཡིན་ཟེར།
༢༠༠༥ལོར་པདྨ་ཚེ་བརྟན་ལ་སྐབས༢༥པའི་ཀྲུང་གོའི་གློག་བརྙན་གསེར་བྱའི་གཟེངས་རྟགས་ཀྱི་ཆེས་ཕུལ་བྱུང་གི་བརྩམས་ཆོས་ཐོག་མའི་གཟེངས་རྟགས་ཐོབ།
པདྨ་ཚེ་བརྟན་ནི་མཚོ་སྔོན་བོད་ཁུལ་དུ་འཚར་ལོངས་བྱུང་ཞིང་། རིག་གསར་གྱི་སྐབས་སུ་སྙིགས་རྫས་བསྡུ་ཉོ་ས་ཚིགས་ནས་ཕྱི་རྒྱལ་གྱི་སྒྲུང་དཔེ་བརྐུས་པ་དང་། དགོན་པ་ནས་ཀྲོ་པེ་ལིང་གི་གློག་བརྙན་ལ་བལྟས་པ་ནས་རིམ་བཞིན་རྩོམ་རིག་དང་གློག་བརྙན་གྱི་ལམ་བུ་ཞུགས་མཁན་ཞིག་ཡིན། ༢༠༠༥ལོར་པདྨ་ཚེ་བརྟན་ལ་སྐབས༢༥པའི་ཀྲུང་གོའི་གློག་བརྙན་གསེར་བྱའི་གཟེངས་རྟགས་ཀྱི་ཆེས་ཕུལ་བྱུང་གི་བརྩམས་ཆོས་ཐོག་མའི་གཟེངས་རྟགས་ཐོབ་པ་དང་། དེར་ཀུན་གྱིས་པདྨ་ཚེ་བརྟན་གྱིས་བོད་ཀྱི་གློག་བརྙན་གྱི་བ་དན་བསྒྲེངས་པའི་འོས་འགན་ཕྲག་ཏུ་བཞེས་ཞེས་པའི་གླེང་ཕྱོགས་བྱུང་། ཁོང་རང་ཉིད་ལ་མཚོན་ན་དེ་ལས་ལྡོག་ཏེ། བོད་ཁུལ་ལྐོག་གྱུར་དུ་གཏོང་འདོད་མེད་པར་ཐད་ཀར་བརྙན་རིས་ཀྱི་ལམ་ནས་བོད་མིའི་ཉིན་རྒྱུན་འཚོ་བ་དང་བོད་ཀྱི་རིགས་གནས་ཀྱི་ཆོག་ཤེས་དང་བབ་ཆགས་པའི་གཤིས་བཟང་མཚོན་གང་ཐུབ་བྱེད་འདོད་པ་དེ་རེད། ཁོང་གིས་གློག་བརྙན་ལས་ཞོར་དུ། དྲང་བདེན་དང་མཚར་ཉམས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒྲུང་གཏམ་འབྲི་བཞིན་ཡོད། 《མ་ཎི་རྡོ་འབུམ། ལྷིང་འཇགས་ཀྱིས་རྡུང་》ཞེས་པའི་སྒྲུང་གཏམ་དུ་བོད་མི་རིགས་ཀྱི་ལྷིང་འཇགས་དང་། སྡུག་ཡུས། རེ་སྙེག་བཅས་ཀྱིས་ཁེངས་པའི་འཚོ་བ་མངོན་མཚོན་བྱས་ཡོད། ཁོང་ན་རེ། ཀྲུང་གོའི་གློག་བརྙན་བྱུང་ནས་ལོ་ངོ་བརྒྱ་འདས་ཤིང་། ལོ་ངོ་བརྒྱའི་རིང་བོད་རིགས་ཤ་སྟག་གི་འཁྲབ་སྟོན་བྱས་པའི་གློག་བརྙན་ཅིག་བྱུང་མྱོང་མེད་པ་ནི་དངོས་ནས་ཡིད་ཕངས་པ་ཞིག་རེད་ཟེར།
བོད་རྒྱ་གཤིབ་སྡུར་བྱེད་པར་ང་རང་ཞེ་ནས་འཐད་པ་མིན།
སོ་ཧུ་རིག་གནས།
སྔོན་ཆད་ཁྱེད་ཀྱིས“ང་ནི་བོད་པ་ཞིག་ཡིན། ངའི་ཕུགས་སེམས་ནི་བོད་ཤ་སྟག་གི་གློག་བརྙན་ཕབ་སྐྲུན་བྱེད་རྒྱུ་སྟེ། ཆེས་སྤྱིར་བཏང་གི་ཚོགས་པར་དོ་སྣང་བྱས་ཏེ་ཆ་ཡོངས་སུ་རྫོགས་པའི་སྒྱུ་རྩལ་གྱི་ལམ་ནས་ཡང་བསྐྱར་མངོན་རྒྱུ་དང་། གཏམ་རྒྱུད་ཕལ་བར་བརྟེན་ནས་བོད་ཁུལ་གྱི་ཉིན་རྒྱུན་འཚོ་བའི་ཕྱིའི་ལྷིང་འཇགས་འོག་དེ་ཉིད་དུ་གྲུབ་པའི་སྲོལ་རྒྱུན་དང་དེང་རབས། དེ་མིན་ཆོས་ལུགས་ཀྱི་ཁ་དབུགས་སྟུག་པོའི་འོག་མི་དང་མིའི་བར་གྱི་བརྩེ་སེམས། གཞུང་གཤིས་དྲང་བའི་མིའི་ལྷད་མེད་ཀྱི་དད་པ་སོགས་གང་དགར་མཚོན་པར་འདོད། དེ་དག་ནི་ངའི་ཕ་ཡུལ་གྱི་རྣམ་པ་ངོ་མ་ཡིན་ལ། འདོད་ཆུང་ཆོག་ཤེས་ལ་བསྟེན་པའི་གཞུང་དྲང་གི་གཤིས་བཟང་དེ་ཡིན”ཞེས་བཤད་མྱོང་། སྐུ་ཉིད་ནས་གློག་བརྙན《ཁྱི་རྒན》གསར་རྩོམ་ཐད་ཀྱི་བསམ་ཚུལ་སྐོར་གླེང་རོགས་གནང་།
པདྨ་ཚེ་བརྟན།
ངས་ཐོག་མར་ཁྱིའི་སྐོར་གྱི་སྒྲུང་གཏམ་ཞིག་འབྲི་འདོད་མོད་ཇི་ལྟར་འབྲི་དགོས་པའང་མི་ཤེས། ལོ་འདི་འགའི་རིང་འབྲོག་ཁྱིའི་འཚོ་གནས་ལ་འགྱུར་བ་བྱུང་ཡོད་པ་རྟོགས་རྗེས། ནམ་རྒྱུན་ཁྱིའི་སྐོར་གྱི་གནས་ཚུལ་གང་མང་ཐོས་ཡོང་། ཁ་ཤས་ནི་བསད་དེ་ཁྱིའི་ཤ་ཟ་བ་དང་། ཁ་ཤས་ནི་བརྐུས་ནས་གྲོང་ཁྱེར་དུ་བཙོང་བ་ལྟ་བུ་རེད། བོད་ཁུལ་དུ་ཁྱི་དང་མིའི་བར་ལ་བརྩེ་བ་ཟབ་པོ་ཡོད། རྒྱབ་ལྗོངས་ཆེན་མོ་དེའི་འོག མི་ཁ་ཤས་ཀྱིས་གཏན་ནས་མི་བཙོང་པ་དང་། ཁ་ཤས་ཀྱིས་ཁེ་ཕན་གྱི་དོན་དུ་བཙོང་བཞིན་འདུག་པ་སོགས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ནས་ངའི་གཏམ་རྒྱུད་འདི་འདྲ་ཞིག་གྲུབ་པ་ཡིན། གཏམ་རྒྱུད་འདི་བློ་བཀོད་བྱེད་དུས་ཆེས་ཐོག་མར་མཇུག་མཐའི་རྫོགས་ཚིག་དེ་ཁོ་ན་དྲན་བྱུང་བས། རྫོགས་ཚིག་དེ་ལ་བརྟེན་ནས་གློག་བརྙན་འདིའི་བྱུང་རིམ་གྲུབ་པ་ཡིན།
སོ་ཧུ་རིག་གནས།
གློག་བརྙན་དེ་འཚོ་བ་དངོས་ལ་ཆེས་ཆེར་བརྟེན་འདུག གློག་བརྙན་ནང་གི་བགྲེས་སོང་དེས་ཁོ་བོའི་ཕ་ནི་མཆོག་ཏུ་གྱུར་བའི་རྔོན་པ་ཞིག་ཡིན་ཟེར།
པདྨ་ཚེ་བརྟན།
རེད་དེ། ཁོའི་ཕ་ནི་མཆོག་ཏུ་གྱུར་བའི་རྔོན་པ་ཞིག་རེད་མོད། ཁོ་རང་ཉིད་ཁྱི་ཚོང་རྒྱག་མཁན་ཞིག་ཏུ་གྱུར་ཡོད་པས་ཕ་བུ་གཉིས་ཀྱི་བར་ཁྱད་དེ་ལ་བརྟེན་ནས་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཕ་དང་བུ་ཡི་བར་གྱི་བར་ཁྱད་དེ་བྱུང་བ་ཡིན། བགྲེས་པོས་ཅི་ཐུབ་ཀྱིས་བྱ་དངོས་དེ་དག་རྒྱུད་འཛིན་བྱེད་འདོད་མོད། ན་གཞོན་རྣམས་དུས་རབས་ཀྱི་བསླི་བྲིད་འོག འགོ་འཐོམས་ནས་ཁ་ཕྱོགས་ཀྱང་མི་རྙེད་པའི་ཚོད་དུ་སླེབས་ཡོད་པ་བསྟན་ཡོད།
སོ་ཧུ་རིག་གནས།
ཉིན་དེར《ཁྱི་རྒན》ལ་བལྟས་རྗེས། ངས་མཇུག་འབྲས་མི་འདྲ་བ་ཡོད་མིན་ལ་བསམ་མྱོང་། ད་ནི་ཁྱེད་ཀྱིས་མཇུག་འབྲས་ལས་གཏམ་རྒྱུད་ལ་བློ་བཀོད་མཛད་པ་རྟོགས་སོང་།
པདྨ་ཚེ་བརྟན།
གཏམ་རྒྱུད་འདི་ཆིག་རྐྱང་ལ་གཞིགས་དུས། བུ་ཕྲུག་ལ་རྟོགས་སད། ཕྱིར་ལོག་པའི་རེ་བ་ཉག་ཅིག་སྦྱིན་ཡོད་ཟེར།
སོ་ཧུ་རིག་གནས།
ངས་ཁྱེད་ཀྱི་གློག་བརྙན《འཚོལ》ལས་ད་གཟོད་དྲི་མེད་ཀུན་ལྡན་ཞེས་པའི་བོད་ཀྱི་ཟློས་གར་དེ་རྟོགས་པ་ཡིན། དེར་བལྟས་པས་ང་ལ་སེམས་འགུལ་ཚད་མེད་ཐེབས། དོན་དངོས་སུ《འཚོལ》ཞེས་པའི་གློག་བརྙན་ཧྲིལ་པོར་གཏམ་རྒྱུད་གསུམ་འདུག གཅིག་ནས་དྲི་མེད་ཀུན་ལྡན་གྱི་ཟློས་གར་འདི་ལམ་དུ་བསྐྱོད་བཞིན་པ་ཞིག་རེད། ལམ་བར་དུ་མི་སྣ་མི་འདྲ་པ་མང་པོས་དྲི་མེད་ཀུན་ལྡན་གྱི་ཟློས་གར་མི་འདྲ་བ་ཞིག་ཡང་དང་ཡང་དུ་འཁྲབ་འདུག དེ་མཚུངས་སུ་གློག་བརྙན་ནང་སྔར་རབ་ཏུ་བྱུང་མྱོང་པའི་སྣེ་ཤན་པ་དེས་རང་གི་བརྩེ་དུང་གི་གཏམ་རྒྱུད་འཆད་བཞིན་འདུག་མོད། གཏམ་རྒྱུད་དེ་གཉིས་ཀའི་རྒྱབ་ཏུ་མི་སྣ་གཙོ་བོ་སྐྱེས་མ་དེའི་བརྩེ་དུང་གི་གཏམ་རྒྱུད་ལས་མ་མཆིས། ཡིན་ཡང་གཟིགས་མོ་བས་གཟིགས་པའི་ཐ་མར་གཏམ་རྒྱུད་གཉིས་ལས་མེད་པའི་སྣང་བ་སྟེར། གློག་བརྙན་ལ་ཕར་བལྟས་ན་རབ་བྱུང་པ་དེས་རང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་བཤད་པ་དང་མཚུངས་ཀྱང་། དོན་དངོས་སུ་མི་སྣ་གཙོ་བོ་སྐྱེས་མ་དེ་བརྗོད་པ་མ་ཡིན་ནམ།
པདྨ་ཚེ་བརྟན།
དེ་རེད། ངས་ཁོའི་གཏམ་རྒྱུད་དེ་མེ་ལོང་ཞིག་གི་ཚུལ་དུ་བཀོད་ནས། མི་སྣ་གཙོ་བོ་སྐྱེས་མ་དེ་དང་མི་སྣ་གཞན་དག་གིས་མེ་ལོང་དེ་ལས་རང་ཉིད་མཐོང་ཐུབ་པར་བྱས་ཡོད།《འཚོལ》ཞེས་པའི་གློག་བརྙན་གྱི་མཚོན་ཐབས་ལ་བྱེད་ཐབས་ཁ་ཤས་བཀོལ་ཡོད་མོད། ཐབས་ཤེས་དེ་དག་གཏམ་རྒྱུད་ཀྱི་རྒྱབ་ཏུ་སྦས་ཡོད་ཟེར།
སོ་ཧུ་རིག་གནས།
ཁྱེད་ཀྱི་གློག་བརྙན་ཁྲོད་རང་རྐྱ་འཕེར་བའི་སྒྲུང་གཏམ་གསུམ་འདུག ངས་བལྟས་ན་ཁྱེད་ཀྱིས་གསར་རྩོམ་གནང་དུས་བྱེད་ཐབས་མང་པོ་སྤྱད་ཡོད་བསམ། དེ་མ་ཟད་ཁྱེད་ལ་ནུབ་ཕྱོགས་ཀྱི་དོན་བརྗོད་བྱེད་ཐབས་མང་པོ་ཞིག་གིས་ཤུགས་རྐྱེན་ཐེབས་ཡོད་འདྲ། བརྩམས་ཆོས་ལ་ཕྱི་ངོས་ནས་བལྟས་ན་བོད་ཡིག་དང་བོད་རིགས་ཀྱི་སྒྲུང་གཏམ་དུ་སྣང་ནའང་། “བོད”ཅེས་པའི་ནང་དོན་དག་ཡོངས་སུ་བླངས་ནའང་འཐུས་པ་ཞིག་འདུག་པས། ངས་ལྟ་དུས་བོད་རྒྱ་བར་ལ་གཤིབ་སྡུར་བྱེད་འདོད་མེད།
པདྨ་ཚེ་བརྟན།
རེད་ལགས། གལ་ཏེ་བོད་རྒྱའི་བར་གྱི་གཤིབ་སྡུར་ཁོ་ན་ཙམ་བྱེད་པ་ཡིན་ན། ང་དེར་འཐད་པ་མིན།
བོད་མིའི་ཉིན་རྒྱུན་འཚོ་བར་མི་གཤིས་མངོན་ཡོད།
སོ་ཧུ་རིག་གནས།
ཁྱེད་ཀྱི་བརྩམས་ཆོས་ཐོག་མ་ནི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》རེད། དེའི་སྔོན་དུ་བརྙན་ཐུང་ཞིག་ཀྱང་ཡོད་འདུག དེང་གི་གཏམ་རྒྱུད་འདི་དང་བརྙན་ཐུང་སྔོན་མ་དག་གི་སྒྲིག་གཞི་གཅིག་འདྲ་ཡིན་ནམ།
པདྨ་ཚེ་བརྟན།
ཡིན་ལགས།
སོ་ཧུ་རིག་གནས།
སྒྲིག་གཞི་འདིའི་སྟེང་ཁྱེད་ཀྱིས་ཡང་བསྐྱར་གོ་རིམ་ཞིབ་ཕྲ་ཁ་ཤས་བསྣན་འདུག ངས་ཁྱེད་ཀྱི་གློག་བརྙན་དེར་ལྟ་དུས་སྔར་བཞིན་ནང་གི་སེམས་ཁམས་ཚོར་ཡོང་། བན་ཕྲུག་དེ་ཕར་རྒྱུག་ཚུར་རྒྱུག་གིས་DVDསྐྱེལ་པའི་སྐབས་སུ་ཕྱི་རོལ་གྱི་དངོས་པོ་འདྲ་མིན་ཅི་རིགས་ཀྱིས་ཡར་འགུག་མར་འཐེན་བྱེད་པ་ཤེས་ཐུབ། དེ་འདྲའི་བསླི་བྲིད་སྣ་ཚོགས་ཀྱི་ཁྲོད་དུ་ཁོའི་ནང་སེམས་སུ་ཅིས་ཀྱང་འགྱུར་མི་ནུས་པའི་དངོས་པོ་གང་ཞིག་གནས་འདུག་ལ། དེ་ནི་ནང་བསྟན་གྱི་རིག་གནས་ཡིན་ཡང་སྲིད། ཁོ་ནི་དངོས་གནས་གྲྭ་པ་ཞིག་ཡིན་ནམ།
པདྨ་ཚེ་བརྟན།
རེད། ཁོ་ནི་དངོས་གནས་གྲྭ་པ་ཞིག་རེད། ད་ཆ་སྐྱ་སར་དབབ་འདུག
སོ་ཧུ་རིག་གནས།
ཁྱེད་ཀྱིས་གྲྭ་པ་དེ་འདྲ་ཞིག་ཅི་ལྟར་བདམས་པ་ཡིན། ངས་གྲྭ་པ་ཆུང་ཆུང་དེའི་ཉིན་གསུམ་རིང་གི་འཚར་ལོངས་ལ་བལྟས་རྗེས་ཁྱད་པར་ཧ་ཅང་མངོན་གསལ་མིན་ནའང་། ཁོའི་ལུས་སྟེང་དུ་འགྱུར་བ་མེད་པའི་དངོས་པོ་ཞིག་ཡོད་པ་མ་ཟད། རྙོག་འཛིང་ཆེ་བའི་སེམས་ཁམས་ཞིག་ཀྱང་འདུག
པདྨ་ཚེ་བརྟན།
གློག་བརྙན་དེའི་ནང་དུ་ང་རང་ཉིད་ཀྱི་མྱོང་ཚོར་མང་པོ་བསྲེས་ཡོད། དེ་ནི་ངའི་གློག་བརྙན་ཐོག་མ་ཡིན་རྐྱེན་དངོས་པོ་མང་པོ་ཞིག་མཚོན་འདོད་བྱུང་པས། གཏམ་རྒྱུད་ཕལ་བ་དེར་ཚུད་ཅི་ཐུབ་བྱས་ཡོད་ལ། དཀའ་ཁག་ཀྱང་མང་པོར་འཕྲད་ཡོང་། ངས་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་གཏམ་རྒྱུད་ཅིག་ཕྱོགས་བསྡུས་སྒོས་འཆད་དགོས་བྱུང་། ཉིན་དེ་གསུམ་ནང་དུ་མཚོན་འདོད་པའི་ནང་དོན་ཐ་དག་ཅི་ཐུབ་ཀྱིས་ཤོང་ཐུབ་པ་བྱེད་དགོས་བྱུང་བས། འཁྲབ་གཞུང་ལ་ཤུགས་སྣོན་མི་བྱེད་ག་མེད་བྱུང་། ཏག་ཏག་སྲོལ་རྒྱུན་དང་དེང་རབས་ཀྱི་འབྲེལ་མཚམས་སུ་འཁེལ་ཡོད་པའི་གྲྭ་བ་ཆུང་ཆུང་གི་ལོ་གསར་སྐབས་རང་ཡུལ་ལ་འགྲོ་བ་དང་ཕྱིར་དགོན་པར་ལོག་པའི་ཉིན་གསུམ་ལ་བརྟེན་ནས་འབྲེལ་མཚམས་དེ་གཉིས་གཞི་གཅིག་ཏུ་སྦྱོར་ཐུབ་པ་བྱུང་། གཞན་ཡང་དུས་ཚོད་དང་མི་སྣ། བྱུང་རིམ་གྱི་སྒྲིག་བཀོད་ཐད། ངས་ཆོས་ལུགས་ཀྱི་ངོས་གཙོ་བོ་མ་བྱས་པར་དགོན་པ་དང་གྲྭ་བའི་ཉིན་རྒྱུན་གྱི་འཚོ་བ་ཞིབ་འབྲི་བྱས་ནས་གཟིགས་མོ་པ་རྣམས་ལ་ཁོང་ཚོའི་མི་གཤིས་ཀྱི་ངོས་དེ་བསྟན་འདོད་པ་ཡིན་ཟེར།
སོ་ཧུ་རིག་གནས།
《ཁྱི་རྒན》ནང་གི་མི་སྣ་གཙོ་བོ་སྐྱེས་པ་དེ་དང་ཁོའི་ཆུང་མའི་བར་འབྲེལ་འདྲིས་མང་པོ་མི་འདུག་མོད། འོན་ཏེ་གྲྭ་བ་དེ་ཡུལ་ལ་ལོག་རྗེས་ཀྱི་ནང་མིའི་བར་གྱི་འབྲེལ་བ་མང་པོ་བསྟན་འདུག བལྟས་ཚོད་ཀྱིས་གློག་བརྙན་དེ་ནི་ཟིན་འགོད་གློག་བརྙན་ཞིག་དང་འདྲ།
པདྨ་ཚེ་བརྟན།
《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནི་བོད་མིའི་ཉིན་རྒྱུན་འཚོ་བའི་རྣམ་པ་ཅུང་ཐག་ཉེ་པོ་ཡོད་པ་དང་། 《ཁྱི་རྒན》ནི་དངོས་གནས་དེ་དང་བསྡུར་ན་ངོས་གཞན་ཞིག་ཡིན་ཟེར།
སོ་ཧུ་རིག་གནས།
ད་ལོའི་ཟླ༤པར། ཁྱེད་རང་ཧྲེང་ཀྲུན་ཧྭ་ཆོ་གྲོང་གསར་གཏོད་རིག་གནས་གླིང་གིས་སྒྲུབ་པའི“‘ལྗིད་པོ་བཀྱགས་ཀྱང་ཡང་སྣང་ཤར’ཞེས་པའི་སྒྱུ་རྩལ་གློག་བརྙན་དུས་རིམ་གསུམ་པ་སྟེ། པདྨ་ཚེ་བརྟན་གྱི་གློག་བརྙན་འགྲེམས་སྟོན་དང་རྩོམ་རིག་གློག་བརྙན་གསར་རྩོམ་བགྲོ་གླེང”གི་བྱེད་སྒོར་ཞུགས་དུས། ཁྱེད་ཀྱིས་ཧྲེང་ཀྲུན་ཧྭ་ཆོ་གྲོང་གསར་གཏོད་རིག་གནས་གླིང་གི B10ལྟ་བུའི་ལོ་རབས་བརྒྱད་ཅུ་བའི་བཟོ་གྲྭའི་བར་སྟོང་ནས་གློག་བརྙན་བསྟན་པའི་མྱོང་ཚོར་ཞིག་གསུངས་རོགས།
པདྨ་ཚེ་བརྟན།
ངས་བལྟས་ན་མི་གང་རུང་ལ་སྟོན་པའི་ཚོང་དོན་གློག་བརྙན་ཁང་གི་གཟིགས་མོ་བ་དང་བསྡུར་ན་B10ཡི་གློག་བརྙན་གྱི་གཟིགས་མོ་བ་ནི་ཕྱོགས་འདུས་ཡིན་པས་གཟིགས་མཁན་གྱི་ཕྱོགས་ནས་དྲི་བ་འདོན་པའི་ཆུ་ཚད་ཅུང་མཐོན་པོར་སླེབས་ཡོད། དེ་ནི་སྤྱིར་བཏང་གི་གློག་བརྙན་སྟོན་པ་དང་མི་འདྲ་སྟེ།
གཟིགས་མོ་བས་བཏོན་པའི་དྲི་བ་ཅུང་གཅིག་བསྡུས་ཡིན་ལ་ཆེད་ལས་ཀྱང་ཡིན་ཞེས་ན་མི་འཐུས་ཀྱང་གང་ལྟར་ཆུ་ཚད་ཅུང་མཐོན་པོ་སླེབས་འདུག། འདི་ལྟ་བུའི་གློག་བརྙན་སྐོར་གྱི་ཆེད་ལས་ཅུང་ལྡན་ལ། བགྲོ་གླེང་ལ་ཡང་ཟབ་ཚད་ཡོད་པ་ཞིག་ས་ཆ་གཞན་དག་ཏུ་ཅུང་དཀོན་པོ་རེད།
རྩོམ་རིག་གསར་རྩོམ་གྱིས་དེ་ག་ནང་བཞིན་གློག་བརྙན་ལ་ཤུགས་རྐྱེན་ཐེབས་ཡོད།
སོ་ཧུ་རིག་གནས།
ཁྱེད་རང་ལ་ཤུགས་རྐྱེན་ཐེབས་པའི་རྩོམ་མཁན་དང་ཚབ་མཚོན་བརྩམས་ཆོས་གང་ཡིན་ལགས།
པདྨ་ཚེ་བརྟན།
ཡོད་དེ། དེ་འདྲའི་བགས་ཆགས་ནི་ཕྱོགས་བསྡུས་རང་བཞིན་ཞིག་རེད། དེ་ལས་དམངས་ཁྲོད་རྩོམ་རིག་གིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཆུང་དུས་དེབ་ཅིག་ཉོ་རྒྱུ་ཤིན་ཏུ་ཁག་པོ་རེད། སློབ་དེབ་ལས་དེབ་གཞན་དག་ལ་ལྟ་ཀློག་ཐུབ་རྒྱུ་ཧ་ལམ་ཡོད་རྒྱུ་མ་རེད། དེ་བས་དམངས་ཁྲོད་ངག་རྒྱུན་རྩོམ་རིག་གིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། ནམ་རྒྱུན་གཏམ་རྒྱུད་མང་པོས་ཡིད་དབང་འཕྲོག་པར་བྱེད། ཆུང་དུས་ཐེངས་ཤིག་ལ་ལམ་བུར་དུ་རྒྱབ་ཤོག་མེད་པའི་དེབ་ཅིག་རྙེད་པ་ཡིན། ངས་དེར་བལྟས་ཙམ་གྱིས་ཡིད་ཀྱི་དང་བ་དྲངས། རྗེས་སུ་དེ་ནི《ཁ་བའི་སྲས་མོ》ཡིན་པ་རྟོགས་ལ། དེས་ཀྱང་ང་ལ་ཡར་སྐྱེད་ཆེན་པོ་སྦྱིན། ལོ་རབས་བརྒྱད་ཅུ་པའི་དུས་སུ་ཀྲུང་གོར་རྩོམ་རིག་གི་གྲུབ་མཐའ་མང་པོ་དར་ཞིང་། ངས་གྲུབ་མཐའ་དེ་དག་གི་སྒྲུང་གཏམ་བཀླགས་མྱོང་ཡོད། སྐབས་དེར། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤན་ཤུགས་ངེས་ཅན་ཐེབས་པ་འདུག ངས་ཐོག་མར་བོད་རིགས་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་། ཨ་ལེ། གསེར་པོ་བཅས་ཀྱི་སྒྲུང་གཏམ་ཀློག་པ་བརྒྱུད་རྩོམ་སྟངས་དེ་འདྲ་ཞིག་དང་། རྩོམ་རིག་གི་གྲུབ་མཐའ་དེ་འདྲ་ཞིག་ཐོག་མར་རྟོགས་པ་ཡིན། དེ་ནས་རིམ་བཞིན་མར་ཁོ་སོའི《ལོ་བརྒྱའི་ཁེར་རྐྱང》དང་ཧུ་ཨན་ལོར་ཧྥུའི《མི་དང་འདྲེའི་བར》སོགས་བརྩམས་ཆོས་བཀླགས་པས། རང་ཉིད་ཀྱི་སྒྲུང་གཏམ་གསར་རྩོམ་ལ་ཤུན་ཤུགས་མི་དམན་པ་ཐེབས། ལྷག་པར་དུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་། ཁུངས་མེད་སྨྲ་བ་དང་འདུ་ཤེས་སྨྲ་བའི་ཤུགས་རྐྱེན་ལྷག་ཏུ་ཆེ། དེའི་རྗེས་སུ། རྒྱལ་ནང་གི་རྩོམ་དེབ་ཀྱང་རིམ་བཞིན་ཇེ་མང་དུ་སོང་དང་། ང་རང་འཕྲད་པའི་ཕྱི་རྒྱལ་གྱི་རྩོམ་པ་པོའང་ཇེ་མང་དུ་སོང་ཕྱིར། ཀློག་རྒྱའང་སྔར་ལས་ཡངས་པོར་ཕྱིན། ངའི་སྒྲུང་གཏམ་གསར་རྩོམ་ཕྱོགས་ལ་མཚོན་ན་སྒྲུང་ཐུང་ཅུང་མང་པོ་ཡོད། སྒྲུང་ཐུང་རྩོམ་མཁན་གྲགས་ཅན་ཧ་མན་ལྦེ། ཁ་ཧྥུར་ཁ། ཆེ་ཁུ་ཧྥུ། མའོ་པའོ་སང་ལ་སོགས་པའི་བརྩམས་ཆོས་ནི་ངས་ངེས་པར་དུ་ཀློག་དགོས་པའི་བརྩམས་ཆོས་དག་ཡིན།
སོ་ཧུ་རིག་གནས།
བོད་ཀྱི་ཕུལ་བྱུང་རྩོམ་རིག་གིས་ཁྱེད་རང་ཇི་ལྟར་སྐྱེད་བསྲིངས་བྱས་པ་ཡིན།
པདྨ་ཚེ་བརྟན།
བོད་ཀྱི་རྩོམ་རིག་ཁྲོད་ང་རང་ལ་བག་ཆགས་ཟབ་མོ་བཞག་མྱོང་བ་ནི་རང་ཉིད་ཀྱིས་བསྒྱུར་པའི《བརྗོད་མི་ཚར་པའི་གཏམ་རྒྱུད》རེད། ངས་སྔོན་ཆད་མི་གཞན་པ་དང་མཉམ་དུ་བོད་ཡིག་གི་རྩོམ་ཡིག་གསར་རྩོམ་ཕྱོགས་ནས་ཉམས་ཞིབ་བྱས་མྱོང་། དེ་ལས་གལ་སྲིད་ཁྱེད་ཀྱི་རྗོད་བྱེད་དང་མཚོན་ཐབས་《བརྗོད་མི་ཚར་པའི་གཏམ་རྒྱུད》ལྟ་བུའི་དམངས་ཁྲོད་རྩོམ་རིག་གི་ཆུ་ཚད་ལ་སླེབས་ཡོད་ན་ད་གཟོད་བརྩམས་ཆོས་ལེགས་ཤོས་ཤིག་རེད་སྙམ་པའི་བློ་སྐྱེས་མྱོང་། 《བརྗོད་མི་ཚར་པའི་གཏམ་རྒྱུད》ནི་བཀླགས་ཚོད་ཀྱིས་ཧ་ཅང་སླ་མོ་ཞིག་ཏུ་སྣང་ནའང་། སེམས་ཁམས་དང་ཞིབ་ཕྲའི་ནང་དོན་འགའི་མཚོན་སྟངས་ཧ་ཅང་ཁྱད་དུ་འཕགས། 《བརྗོད་མི་ཚར་པའི་གཏམ་རྒྱུད》ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན། ཕྱིས་སུ་བོད་ཡིག་ཏུ་བསྒྱུར་ནས་དམངས་ཁྲོད་དུ་དར་ཁྱབ་བྱུང་པ་རེད། མི་རབས་ནས་མི་རབས་བར་བཟོ་སྣོན་བྱས་པ་བརྒྱུད་དེང་གི་པར་གཞི་འདི་ཆགས་ལ། དེར་དོན་བརྗོད་དང་སྐད་ཆའི་མཚོན་ཐབས་སྣ་མང་ཞིག་འདུས་ཡོད། 《དྲི་མེད་ཀུན་ལྡན》གྱི་ཟློས་གར་ལ་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་ཀྱིས་ཕྱུག་ཡོད། ང་རང་དེར་སྤྲོ་བ་ལྡན་དོན་དྲི་མེད་ཀུན་ལྡན་གྱི་བསྟན་བྱའི་དགོངས་དོན་ཡིན་ཞིང་། དེས་ང་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་སོང་།
སོ་ཧུ་རིག་གནས།
ངས《གངས》ལ་ལྟ་དུས། ཁྱེད་ཀྱིས་བསྡུས་བརྗོད་དང་སྒྱུ་འཕྲུལ་གྱི་བྱེད་ཐབས་མང་པོ་སྤྱད་འདུག ། སྐུ་ཉིད་ནས་དཔེ་དེའི་ངོས་ནས་སྒྲུང་གཏམ་གསར་རྩོམ་བྱེད་ཐབས་སྐོར་གླེང་རོགས་ཞུ།
པདྨ་ཚེ་བརྟན།
ང་རང་ཉིད་དམ་ཡང་ན་ངའི་སྒྲུང་ཐུང་གི་ངོས་ནས་བཤད་ན། ཧ་ཅང་གལ་ཆེ་བ་ནི་རིག་པ་ཐོལ་སྐྱེས་དང་ཐབས་ཤེས་གཉིས་རེད། ཡུན་རིང་དཔེ་ཀློག་དང་གསར་རྩོམ་ལས་བྱེད་ཐབས་ཁ་ཤས་ཤིག་ཁུང་དུ་ཆུད་ནས་རང་དབང་མེད་པར་གསར་རྩོམ་ཁྲོད་འཇུག་ངེས་ན་ཡང་། ང་རང་ཉིད་ཀྱིས་བལྟས་ན་བྱེད་ཐབས་རང་བཞིན་གྱི་རྩོམ་ཐབས་དེ་རིགས་གློག་བརྙན་འཁྲབ་གཞུང་དུ་བཀོད་ན་སྒྲུང་ཐུང་འབྲི་བ་ལས་ཀྱང་འོས་ཤིང་འཚམ་པ་ཞིག་རེད་འདོད། མ་གཞི་སྒྲུང་ཐུང་ནི་རང་བྱུང་ལས་གྲུབ་ཅིང་རིག་པ་ཐོལ་སྐྱེས་ལ་བརྟེན་དགོས་པ་ཡིན། ངའི་ཉམས་མྱོང་ཡིན་ན་ཁྱེད་ལ་རིག་པ་ཐོལ་སྐྱེས་གང་ཞིག་ཡོང་མ་ཐག སྒྲིག་གཞི་ཡང་རང་བཞིན་གྱིས་ཡིད་ལ་འཆར་ནས་འབྲི་འགོ་བརྩམས་ངེས། རྩོམ་འབྲིའི་བརྒྱུད་རིམ་ཁྲོད་བློ་ཡིད་ལས་འདས་པའི་ངེས་མེད་ཀྱི་འགྱུར་བ་འབྱུང་སྲིད། དཔེར་ན། ཡིག་འབྲུ་སྟོང་འགའ་ཅན་གྱི་སྒྲུང་ཐུང་ཞིག་ལ་མཚོན་ན། ཡིག་འབྲུ་སྟོང་གཅིག་གཉིས་ཙམ་བྲིས་རྗེས་འདི་ལྟར་འབྲི་མི་རུང་ཞེས་ཕར་གཡུག་ཏེ་བསྐྱར་འབྲི་བྱེད་ངེས། གོ་རིམ་དེའི་ཁྲོད་ཁྱེད་ཀྱིས་ཅུང་ཆ་ཚང་བའི་སྒྲིག་གཞི་ཞིག་གསར་བཞེངས་བྱེད་སྲིད་པ་ལྟ་བུ་རེད། ཆེས་ཁྱད་དུ་འཕགས་པའི་སྒྲུང་ཐུང་རྩོམ་མཁན་ལ་མཚོན་ན་ཁོང་རྣམ་པས་རྩོམ་འབྲི་བྱེད་ཐབས་ནི་འདི་དང་འདི་ཞེས་རྡོག་པོ་ཞིག་ང་ཚོས་མཐོང་མི་སྲིད་ནའང་མཚོན་ཐབས་མཆོག་ཏུ་གྱུར་པ་ཞིག་ཡོད་པ་དེ་ང་ཚོས་ཚོར་ཐུབ། དཔེར་ན། ཁྰ་ཧྥུ་དང་། ནེར་བྷོའི་སྒྲུང་གཏམ་ལྟ་བུ་བལྟས་ཚོད་ཀྱིས་ཤིན་ཏུ་གོ་སླ་བར་སྣང་ཡང་། དོན་དུ་དོན་བརྗོད་བྱེད་ཐབས་ཁྱད་དུ་འཕགས་པ་མང་པོ་ཞིག་སྤྱད་ཡོད་པས། ཚད་དེར་སླེབས་རྒྱུ་ནི་ལས་སླ་མོ་ཞིག་མིན་ཞེས་བརྗོད།
སོ་ཧུ་རིག་གནས།
གསར་རྩོམ་གྱི་སྒུལ་ཤུགས་དེ་གང་ནས་ཐོན་པ་ཡིན།
པདྨ་ཚེ་བརྟན།
ང་ལ་མཚོན་ན། སྒྲུང་གཏམ་དང་གློག་བརྙན་གསར་རྩོམ་བྱེད་འདོད་ཀྱི་སེམས་དེ་ནི་རང་གཤིས་སུ་གྲུབ་པའི་ཧོལ་རྒྱུགས་ཤིག་ཡིན་སྲིད། དེ་ནི་ངའི་འཚོ་བའི་ཁོར་ཡུག་ལས་རིག་གནས་སམ་ཡང་ན་མ་བཅོས་ལྷན་སྐྱེས་སུ་གྲུབ་པའི་གཤིས་རྒྱུད་ལ་འབྲེལ་ཡོད་ཀྱང་སྲིད་མོད། གང་ལྟར་འདི་ཡིན་ཞེས་གསལ་བོ་བཤད་ཁག་པོ་རེད། ཐོག་མ་ནས་ང་ལ་སྐྱོ་སྣང་གི་སེམས་ཁམས་ཤིག་ཡོད་འདུག སྔོན་ཆད་མི་གཞན་གྱིས་ཀྱང་ངའི་སྒྲུང་གཏམ་ལ་སྐྱོ་སྣང་རིང་ལུགས་ཀྱི་སེམས་ཁམས་ཤིག་གིས་ཁེངས་འདུག་ཅེས་དཔྱད་བརྗོད་སྤེལ་མྱོང་ཡོད། ངའི་གློག་བརྙན་ནང་དུའང་དེ་འདྲའི་སེམས་ཁམས་ཤིག་རང་བཞིན་གྱིས་མངོན་ཡོད། དཔེར་ན། ངས་འཁྲབ་གཞུང་འབྲི་དུས། གློག་བརྙན་གསུམ་གྱི་རྒྱབ་ལྗོངས་རང་དབང་མེད་པར་དགུན་དུས་འདེམས་ནས་སྐྱོ་སྣང་གི་ཁ་དབུགས་ཤིག་བསྐྲུན་ཡོད། དེའི་རྐྱེན་གྱིས་གློག་བརྙན་དེ་དག་དགུན་དུས་ཕབ་སྐྲུན་བྱས་སྟབས་འཁྲབ་སྟོན་ཚོགས་པའི་ཁོངས་མི་ལ་ལས་ “ཁྱེད་ཀྱིས་ཅིའི་ཕྱིར་གྲང་ལྷགས་ཆེ་བའི་དགུན་དུས་འདེམས་ནས་ཕབ་སྐྲུན་བྱས་པ་ཡིན། དཔྱིད་དབྱར་གང་རུང་གི་གཏམ་རྒྱུད་ཅིག་བྲིས་ནས་ལྷན་རྒྱས་ལ་མནར་གཅོད་དེ་འདྲ་མ་བཟོས་ན་མི་ཆོག་ཨང་”ཞེས་ཀུ་རེའི་ཚུལ་དུ་བརྗོད་མྱོང་། དེ་དག་ནི་ང་རང་སྟེང་དུ་གྲུབ་པའི་ལྷན་སྐྱེས་ཀྱི་དངོས་པོ་གང་ཞིག་བརྩམས་ཆོས་ནང་མཚོན་དགོས་པ་ཞིག་ཡིན་སྲིད། རང་གིས་གསར་རྩོམ་གནང་སྐབས་བསམ་བཞིན་དུ་གཏམ་རྒྱུད་དེ་དགུན་དུས་སུ་སྒྲིག་མི་དཔེ། ཡིན་ནས་ངའི་སྒྲུང་གཏམ་ཐོག་མ《མི་དང་ཁྱིའི》གཏམ་རྒྱུད་དེ་ཡང་དགུན་དུས་སུ་བྱུང་པའི་གཏམ་རྒྱུད་ཅིག་ཡིན། རྩོམ་གྱི་འགོར“དགུན་དུས་ཀྱི་མཚན་མོ་ཞིག་ལ”ཞེས་བཀོད་ཡོད། དེའི་རྗེས་སུ་སྒྲུང་གཏམ་མང་པོར་དགུན་དུས་ཀྱི་གཏམ་རྒྱུད་བྲིས་ཡོད། དེ་དག་ནི་རང་གི་སེམས་ཁམས་དང་ལྷན་སྐྱེས་ཀྱི་གཤིས་རྒྱུད་ཅིག་དང་འབྲེལ་བ་ངེས་ཅན་ཡོད་སྲིད་པས། ངའི་གསར་རྩོམ་གྱི་བློ་སྒོ་འབྱེད་མཁན་ནི་རང་ཆོས་སུ་གྲུབ་པའི་ནུས་པ་ཡིན་བསམ་བྱུང་།
སོ་ཧུ་རིག་གནས།
ཡིག་འབྲུ་སྟོང་གཉིས་ལྷག་བྲིས་རྗེས་བརྩམས་ཆོས་ག་ཚོད་འཕྲོ་བརླགས་བཏང་མྱོང་། སྐབས་ལན་རེར་རྩོམ་འབྲི་ལེགས་པོ་འཁྱོངས་ཐུབ་ཀྱང་ལན་རེར་འཁྱོངས་མི་ཐུབ་པ་ཡོད་སྲིད།
པདྨ་ཚེ་བརྟན།
རེད་འདུག དཔེར་ན།《གངས》དང་དེ་ལས་སྔ་བའི《མི་དང་ཁྱི》སོགས་ནི་དེ་འདྲ་རེད། ངས་ནི་བརྗོད་དོན་ཐད་ནས་མི་གཤིས་ཀྱི་ཆ་དང་། དེ་མིན་ཕྱོགས་གཞན་ཡང་ཁྱབ་ཐུབ་ན་བསམ་མོད། ཕྱིས་སུ་རྩོམ་རིག་གི་བྱེད་ནུས་ནི་དེ་ཁོ་ན་མ་ཡིན་པ་ད་གཟོད་ཚོར། དཔེར་ན། སྒྲུང་གཏམ《གུང་ཕྱི》ཡི་བསྟན་བྱ་སེམས་ཁམས་ཤིག་ཡིན་ཡང་སྲིད། དེ་བས་སེམས་ཁམས་གང་ཞིག་ཞིབ་འབྲི་ལེགས་པོ་བྱེད་ཐུབ་ན་དེ་ཡང་སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་རེད་སྙམ། སྔོན་ཆད་ཀྲུང་གོའི་སྐད་ཡིག་སློབ་གསོས་བརྗོད་དོན་གཙོ་བོ་དང་བརྗོད་བྱའི་སྙིང་བོ་གཙོར་བཟུང་ནས་བསྟན་བྱ་ཞིག་སྟོན་སྲིད་མོད། སྒྲུང་ཐུང་ལ་མཚོན་ན་སྐབས་ལ་ལར་བརྗོད་དོན་འབུར་དུ་ཐོན་དགོས་པའི་ངེས་བ་མེད་དེ། དཔེར་ན་ཇ་འཐུང་དུས་ཀྱི་སེམས་ཁམས་ཕྲན་བུ་མཚོན་པ་རྩོམ་དུས་དེ་ནི་བརྗོད་གཞི་རང་བཞིན་གྱི་བརྩམས་ཆོས་ཤིག་འབྲི་བ་ལས་ཀྱང་ཧ་ཅང་ཁག་པོ་ཡོད་པ་ལྟ་བུ་རེད། ངས་གློག་བརྙན་ཕབ་སྐྲུན་མ་བྱས་པའི་སྔོན་གྱི་སྒྲུང་གཏམ་དང་དེའི་རྗེས་ཀྱི་སྒྲུང་གཏམ་གསར་རྩོམ་ལ་འགྱུར་བ་ཕྲན་ཙམ་བྱུང་ཡོད། དེ་ནི་གློག་བརྙན་གྱི་ལས་ཀ་སྒྲུབ་པར་ཐད་ཀར་འབྲེལ་ཡོད། གློག་བརྙན་གྱི་ལས་གཉེར་ན་བྱ་དངོས་མང་པོར་འཕྲད་ཐུབ་པས་དེས་ང་ལ་སྒྲུང་གཏམ་གསར་རྩོམ་གྱི་མཐུན་རྐྱེན་མང་པོ་བསྩལ་བྱུང་། དོན་དུ་རང་ཉིད་ལ་ཅི་ཞིག་བསྩལ་སོང་པ་བཤད་དཀའ་ནའང་། གོ་རིམ་དེས་སྒྲུང་གཏམ་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་ཡོང་། དེ་བཞིན་དུ་སྒྲུང་གཏམ་དང་གློག་བརྙན་གཉིས་ནི་སྣ་མི་གཅིག་པའི་དངོས་པོ་གཉིས་ཡིན་ན་ཡང་རྩོམ་རིག་གསར་རྩོམ་གྱིས་གློག་བརྙན་ལ་ཤུགས་རྐྱེན་ཐེབས་ཡོང་བ་རེད་ཟེར།
དཔྱད་མཆན་ཡོད།