གློག་བརྙན«སྤྲུལ་སྐུ་ཆུང་ཆུང»གི་འཁྲབ་ཁྲིད་པ་བྷེར་ནར་ཏོ࿒བྷེར་ཏོ་ལུའུ་ཆི །

དབྱི་ཐ་ལིའི་གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་གྲགས་ཅན་བྷེར་ནར་ཏོ࿒བྷེར་ཏོ་ལུའུ་ཆིBernardo Bertolucci 贝纳尔多·贝托鲁奇མཆོག་༢༡༠༨.༡༡.༢༦ཉིན་གྱི་ཕྱི་དྲོར་འབྲས་སྐྲན་གྱི་རྐྱེན་པས་འདས་གྲོངས་སུ་སོང་འདུག

ཁོང་ནི1941ལོར་དབྱི་ཐ་ལིའི་གྲོང་ཁྱེར་པར་མ(Parma)རུ་སྐྱེས། ཆུང་དུས་ནས་རྩོམ་འབྲི་རྒྱུར་དགའ་ཞིང་ལྷག་པར་དུ་སྙན་ངག་འབྲི་རྒྱུར་དགའ་ཞེན་ཆེ། ཡིན་ནའང་གློག་བརྙན་གྱི་སྒྱུ་རྩལ་ལ་བརྟེན་ནས་ནང་སེམས་གྱི་འགྱུར་བ་དང་བརྩེ་དུང་མཚོན་རྒྱུ་ནི་ཁོའི་ཆུང་དུས་ཀྱི་ཕུགས་བསམ་འབའ་ཞིག་ཡིན། མ་ཟད་ཁོང་གིས་བོད་དམ་ཡང་ན་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་དང་འབྲེལ་བའི་གློག་བརྙན«སྤྲུལ་སྐུ་ཆུང་ཆུང»ཞེས་པ་ཡང་ཕབ་ཡོད།

  1961ལོར་གློག་བརྙན་འཁྲབ་སྟོན་གྱི་བྱ་བར་དངོས་སུ་ཞུགས། 1972ལོར«ཕཱ་རེ་སིའི་མཇུག་མཐའི་ཐན་ཀོ»(Last Tango in Paris 巴黎最后的探戈 1972)ཞེས་པའི་གློག་བརྙན་ཕབ། གློག་བརྙན་འདིར་ངོ་མཚར་བའི་ལོ་རྒྱུས་དང་ཛ་དྲག་ཆེ་བའི་གྲལ་རིམ་དབྱེ་བ་སོགས་ལ་གཞི་བཅོལ་སྟབས་གྲགས་པ་རབ་ཏུ་ཆེ། ཆུང་དུས་ཀྱི་ཉམས་མྱོང་དང་རང་གི་མིག་མཐོང་ལག་ཟིན་དུ་གྱུར་པའི་དོན་དག་སོགས་ཀྱིས་ཁོའི་གློག་བརྙན་སྒྱུ་རྩལ་ཐད་ལའང་ཕན་ནུས་ཆེན་པོ་ཐོན། དེ་ཙམ་མ་ཟད་ཁོའི་དབང་རྩའི་ཆེས་ཟབ་ས་རུ་གྲལ་རིམ་གྱི་ལྟ་བ་ངང་ངམ་ཤུགས་ཀྱིས་ཡོངས་སུ་ཁྱབ་ཡོད་པས་ཁོས་སྔར་ལས་ལྷག་པའི་སྒོ་ནས་གྲལ་རིམ་འབྲེལ་བར་དབྱེ་ཞིབ་དང་གྲལ་རིམ་ཁེ་ཕན་གསལ་སྟོན་བྱེད་ཆེད། མི་དམངས་ཀྱི་བློ་ཁ་དང་འཚམ་པའི་ཁྱད་མཚར་བའི་གློག་བརྙན་བརྩམས་ཆོས་མང་པོ་གསར་གཏོད་མཛད། གཞན་ཡང1969ལོར་ཕབ་པའི«བརྩེ་དུང་དང་ཁོང་ཁྲོ»(Amore e rabbia爱情与愤怒1969)ཞེས་པའི་གློག་བརྙན་གྱིས་གཟིགས་མོ་བའི་ཡིད་སེམས་འཕྲོག །དེ་བཞིན་དུ་ཡོ་རོབ་གླིང་གི་སྒྱུ་རྩལ་གློག་བརྙན་གྱི་ཆུ་ཚད་ཡང་སྔ་ན་མེད་པའི་ཚད་གཞི་ལ་སླེབས་པར་བྱས།

  བྷེར་ཏོ་ལུའུ་ཆི་ན་གཞོན་གྱི་དུས་སུ་དབྱི་ཐ་ལིའི་འཁྲབ་ཁྲིད་པ་བྷ་སོ་ལིས་ཉེའི(Pasolini)ཞབས་འབྲང་བ་མཛད། ཁོ་ནི་མར་ཁེ་སི་རིང་ལུགས་པ་ཞིག་ཡིན་པས། བྷེར་ཏོ་ལུའུ་ཆིའི་བསམ་བློ་ལ་ཡང་ཁོའི་ཤུགས་རྐྱེན་ཟབ་མོ་ཐེབས། གཞན་ཡང་ཧྥ་རན་སིའི་འཁྲབ་ཁྲིད་པ་གོ་རྡར(Godard)ཡིས་ཁོ་ལ་ཤུགས་རྐྱེན་མི་དམན་པ་བཞག་ཡོད་ཕྱིར་ཁོའི་གློག་བརྙན་ལ་དུས་དང་རྣམ་པ་ཀུན་དུ་སྙན་ངག་གི་བྲོ་བ་མངོན་པར་རྫོགས།


རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་བྷེར་ཏོ་ལུའུ་ཆི།

བྷེར་ཏོ་ལུའུ་ཆིའི་གློག་བརྙན་དུ་ཆབ་སྲིད་དང་བརྩེ་དུང་གི་ནང་དོན་མང་པོ་འདྲེས་ཡོད། བརྩེ་དུང་བརྒྱུད་ནས་ཁོའི་ཆབ་སྲིད་ཀྱི་ཕུགས་བསམ་མངོན་པ་ལ་དཔེར་ན་«གསར་བརྗེའི་སྔ་རོལ་དུ»(Prima della rivoluzione革命前夕 1964)ལྟ་བུ་ཡོད། དེའི་ནང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་བརྒྱུད་ནས་ཁོའི་ཆབ་སྲིད་ཀྱི་འདུན་པ་མངོན་ཡོད། ཁོའི་གློག་བརྙན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ནང་དོན་མཉམ་དུ་སྦྲེལ་བ་དེ་ཡིན། 1968ལོར་ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན«རོགས་པ»(Il Sosia 搭档 1968)ལ་དེ་དུས་གློག་བརྙན་ལོ་རྒྱུས་ཐོག་ཏུ་དར་ཁྱབ་ཆེ་བའི“རླབས་རྒྱུན་གསར་མའི”ཁྱད་ཆོས་ལྡན་པ་དང་། དེའི་རྗེས་ཀྱི«སྡོམ་གྱི་འཆར་གཞི»(La Strategia del ragno蜘蛛的策略1970)ལས་ཁོས་མི་སྣའི་ནང་སེམས་ཀྱི་འགྱུར་བ་མཚོན་པར་བྱས་པ་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།

  1971ལོར་འཁྲབ་ཁྲིད་བྱས་པའི་གློག་བརྙན«ཕཱ་རེ་སིའི་མཇུག་མཐའི་ཐན་ཀོ»ལས་ཞབས་བྲོ་ཡི་ཐབས་ལ་བརྟེན་ནས་བརྗོད་བྱ་བསྟན་ཡོད། ལོ་གཉིས་ཀྱི་རྗེས་སུ་འཁྲབ་ཁྲིད་བྱས་པའི་ཁོའི་གློག་བརྙན་གཞན་དག་ཏུའང་འདི་འདྲའི་གསར་རྩོམ་གྱི་ཐབས་ལམ་སྤྱད་ཡོད་པ་མཐོང་ཐུབ། 1977ལོར་ཁོང་གིས་སྙན་ངག་གི་བྲོ་བ་ལྡན་པའི་གློག་བརྙན«900»འཁྲབ་ཁྲིད་བྱས། གློག་བརྙན་འདིར་ཁྱིམ་ཚང་གི་རྒྱབ་ལྗོངས་མི་འདྲ་བའི་སྐྱེས་པ་གཉིས་བར་གྱི་བརྩེ་དུང་དང་འཐབ་རྩོད་སོགས་བརྗོད་པ་བརྒྱུད་ནས་སྐབས་དེའི་རྒྱ་ཆེའི་སྤྱི་ཚོགས་ཁྲོད་ཀྱི་རྙོག་འཛིང་གི་གྲལ་རིམ་འཐབ་རྩོད་མཚོན་ཡོད། དེ་བས་ཀྱང1979ལོར«ལུའུ་ནཱ»( La luna 月神1979)ཕབ་པས་གཟེངས་བསྟོད་མི་ཉུང་བ་ཞིག་ཐོབ།
     བྷེར་ཏོ་ལུའུ་ཆིའི་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་གཞན་ཞིག་ནི་ཤར་ཕྱོགས་རིག་གནས་མཚོན་པ་དེ་ཡིན། «གོང་མ་མཐའ་མ»(The Last Emperor 末代皇帝)ནི་རྒྱ་ནག་གི་རིག་གནས་བརྗོད་བྱ་བྱས་ནས་ཕབ་པའི་གློག་བརྙན་ཞིག་ཡིན། ཁོས་ཕུའུ་ཡུས(溥仪)བརྗོད་བྱ་བྱས་ནས་ཁོའི་མི་ཚེའི་གོ་རིམ་དེ་རྒྱལ་ཁབ་གཅིག་གི་དར་རྒུད་ཀྱི་ལས་དབང་དང་སྦྲེལ་ཡོད། གློག་བརྙན་འདིའི་རྗེས་སུ་ཤར་ཕྱོགས་ཀྱི་རིག་གནས་བརྗོད་བྱ་བྱས་པའི་གློག་བརྙན་གསུམ་ཕབ་སྐྲུན་བྱས།

  དེ་ལས1993ལོར་ཕབ་པའི«སྤྲུལ་སྐུ་ཆུང་ཆུང»ནི་དེའི་ནང་གི་གཅིག་ཡིན།  གློག་བརྙན་དེར་སྐུད་སྣེ་གཉིས་ཀྱི་སྒོ་ནས་གཏམ་གྱི་མུ་བསྲིངས་ཤིང་། བར་བཅུག་གི་ཚུལ་དུ་སྟོན་པའི་རྣམ་ཐར་བྱུང་རིམ་གྱི་སྔ་གཞུག་ཀུན་ཏུ་བསྲེས་ཡོད་པས་གློག་བརྙན་ཧྲིལ་བོར་གསོན་ཤུགས་ཐུན་མོང་མ་ཡིན་པ་ཞིག་བསྩལ་ཡོད། གློག་བརྙན་དེས་ཀྱང་ནུབ་ཕྱོགས་པ་དག་ལ་བསམ་བློའི་རྒྱགས་ཕྱེ་སྣུམ་བག་དང་ལྡན་པ་ཞིག་སྤྲད་ཅིང་། གཙོ་འཁྲབ་པ་གྲགས་ཅན་ཁེའུ་ནུ࿒རེ་བེ་སི(Keanu Reeves)ཡང་གློག་བརྙན་དེའི་རྐྱེན་པས་རིམ་བཞིན་སྟོན་པའི་ཆོས་སྒོར་ཞུགས་ཡོད། མ་ཟད། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དང་བསོད་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱང་གློག་བརྙན་དེའི་འཁྲབ་སྟོན་ལ་ཞུགས་ཡོད།

  ཤར་ཕྱོགས་ཀྱི་རིག་གནས་བརྗོད་བྱ་བྱས་པའི་གློག་བརྙན་ཐད་ནས་ཁོ་རང་གིས“1984ལོར་ང་རང་ཀྲུང་གོ་ལ་ཐེངས་དང་པོར་སོང་བ་ནས་བཟུང་རྒྱབ་ཁབ་འདི་ལ་ཤིན་ཏུ་དགའ། རྗེས་ཀྱི་ལོ་གཉིས་ནང་དུ་«གོང་མ་མཐའ་མ»ཞེས་པའི་གློག་བརྙན་དེ་ཕབ་རྒྱུར་གྲ་སྒྲིག་བྱས། 1986ལོར་གློག་བརྙན་འདི་ཀྲུང་གོ་ནས་ཕབ་ཅིང་འདི་ལས་ཀྲུང་གོའི་ལོ་གཉིས་ནང་གི་འགྱུར་ལྡོག་དེ་གསལ་བོར་མཐོང་ཐུབ། ང་རང་ཀྲུང་གོར་ཡུལ་སྐོར་ལ་སོང་བ་འདི་ཧ་ཅང་ཁྱད་མཚར་བ་ཞིག་དང་གསོན་ཉམས་ལྡན་པ་ཞིག་ཡིན། ཡུལ་སྐོར་འདི་ང་རང་ལ་མཚོན་ན་འཇིག་རྟེན་གཞན་ཞིག་ཏུ་སོང་བ་དང་མཚུངས། ང་ཚོ་དང་ཀྲུང་གོའི་རིག་གནས་བར་ཁྱད་ཆེ་ཞིང་། གློག་བརྙན་འདིའི་རྗེས་སུ་ངས་ས་ཧ་ར་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཐད་ལ་ཞིབ་འཇུག་བྱས་ནས«སྒྲིབ་པའི་ནམ་མཁའ»(The Sheltering Sky 遮蔽的天空 1990)ཞེས་པའི་གློག་བརྙན་ཕབ། འདི་ནི་སྐྱེས་པ་དང་སྐྱེས་མ་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན། དེའི་རྗེས་ང་བོད་དུ་སོང་ནས«སྤྲུལ་སྐུ་ཆུང་ཆུང»ཕབ། ང་རང་སྤྱིར་བསྒྲུབས་མྱོང་བའི་དོན་དེ་བསྐྱར་ཟློས་བྱེད་རྒྱུར་མི་དགའ། གློག་བརྙན་ཕབ་པ་བརྒྱུད་ནས་ངས་ཚེ་སྲོག་གི་གོ་དོན་དང་འཇིག་རྟེན་ལ་འཚོལ་ཞིབ། ཐ་ན་གློག་བརྙན་གྱི་ངེས་དོན་ཡང་འཚོལ་འདོད། ཨ་མེ་རི་ཁའི་གློག་བརྙན་ལ་མཚོན་ན་ང་རང་ཨ་མེ་རི་ཁའི་རང་བཙན་ལོ་རྒྱུས་སྐོར་གྱི་གློག་བརྙན་ལ་དགའ་ཞེན་ཆེ་བ་མ་གཏོགས་ཨ་མེ་རི་ཁའི་ཧོ་ལེ་ཝུ་ཌྷིའི་གློག་བརྙན་གྱི་རིགས་ལ་དགའ་ཞེན་མེད། རྒྱུ་མཚན་ནི་འདིའི་རིགས་ཀྱི་གློག་བརྙན་ནི་རྙོག་དྲ་ཆེ་ཞིང་དེ་འདྲའི་རྒྱུ་མཚན་མེད་ཅིང་། དེ་འདྲའི་གསོན་ཉམས་ལྡན་པ་ཞིག་ཀྱང་མིན། ངས་བསམ་ན་ངས་ཕབ་མྱོང་པའི་གློག་བརྙན་དག་ཕན་ཚུན་མི་འདྲ་བ་ཡིན། རྒྱུ་མཚན་ནི་ངའི་ཚེ་སྲོག་ལ་མཚོན་ན་གློག་བརྙན་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས་ངས་དེ་བསྐྱར་ཟློས་བྱ་མི་བསམ། ངའི་རེ་བར་ངས་ཕབ་པའི་གློག་བརྙན་སོ་སོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རང་གཤིས་དང་ཁྱད་ཆོས་ལྡན་རྒྱུ་དེ་ཡིན’’ཞེས་བརྗོད་ཡོད།

  ཁོང་ལ་སྔ་ཕྱིར་ཨོ་སི་ཁཱའི་གསེར་སྐུ་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲ་དང་། དབྱིན་ཇིའི་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་ཞིབ་འཇུག་གླིང་གི་གློག་བརྙན་རྩེ་གྲའི་བྱ་དགའ་སོགས་ཐོབ་པ་མ་ཟད།  2011ལོར་སྐབས་རེ་བཞི་བའི་ཁན་ནཱེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཚེ་གང་མཛད་རྗེས་ཀྱི་གསེར་གྱི་ཤིང་ཏ་ལའི་བྱ་དགའ་ཡང་ཐོབ་བོ།། མ་སྐྱེས་ཨ་མ་ན་རེ།

  པེར་ནཱར་ཏོ་པེར་ཐོ་ལུ་ཆི། ནུབ་ཕྱོགས་ཀྱི་མཐོང་སྣང་སྤྱད་དེ་ཤར་ཕྱོགས་རིག་པ་བརྙན་མིག་གི་ཡོལ་རས་ངོས་སུ་མཉམ་འགྱུར་དོད་པོས་ཕབ་མཁན་གྱི་ཡོ་རོབ་གློག་བརྙན་སྒྱུ་རྩལ་གྱི་དེད་དཔོན་ཆེན་མོ་ཞིག །ཁོང་གི«མཐའ་མཇུག་གི་གོང་མ»ཞེས་པའི་གློག་བརྙན་དུ་ཆིང་རྒྱལ་རབས་ཀྱི་ཆེས་མཐའ་མའི་གོང་མ་ཧྥུ་ཡེ་ཡི་ལས་དབང་བརྗོད་གཞིར་བཟུང་སྟེ་ཀྲུང་གོའི་ཉེ་རབས་ནས་དེང་རབས་ཀྱི་ལོ་རྒྱུས་མཚོན་ཡོད་ཅིང་། དེ་རྗེས་ཡང་«སྤྲུལ་སྐུ་ཆུང་ཆུང»ཞེས་པའི་གློག་བརྙན་དུ་ཤར་ཕྱོགས་རིག་པའི་སྙིང་བཅུད་—ནང་བའི་ཆོས་ཀྱི་བསམ་བློ་བརྗོད་ཡོད་དེ། གློག་བརྙན་དུ་སྟོན་པའི་འཁྲུངས་རབས་གཏམ་རྒྱུད་ལས་འཕྲོས་ཚོང་ལས་ལས་ཕམ་པའི་ཨ་རི་བས་དང་ཐོག་མི་ཚེར་བཟུང་བའི་དོགས་པ་དང་མཐའ་མཇུག་གི་བློ་བསྐྱེད་བྱུང་བ་སོགས་ལས། ཁོང་གིས་མི་ཆོས་རིང་ལུགས་ཀྱི་མཐོང་སྣང་གིས་ཤར་ཕྱོགས་ཀྱི་ལོ་རྒྱུས་དང་དད་པ་སོགས་ལ་བརྙན་མིག་གིས་འགྲེལ་བཤད་གནད་དུ་འཁེལ་བ་གནང་འདུག

དཔྱད་མཆན་ཡོད།