ང་ནི་གློག་བརྙན་འཁྲབ་ཁྲིད་པ་ཆུང་ཆུང་ཞིག་ཡིན།

                          རྩོམ་དུམ་འདི་ནི་ཨུ་ཟོ་ཡ་སུ་རྫི་རོ་ཉིད་ཀྱིས་བརྩམས་གནང་མཛད་པའི་རང་རྣམ༼ང་ནི་སྲན་ཕྱུར་ཁང་གི་ཡིན། ངས་སྲན་ཕྱུར་ལས་མི་བཟོ།༽

                                                         《我是豆腐店的,我只做豆腐》ཞེས་པ་ལས་འདེམ་བསྒྱུར་ཞུས་པ་ཡིན།

                                                                                        ང་ནི་གློག་བརྙན་འཁྲབ་ཁྲིད་པ་ཆུང་ཆུང་ཞིག་ཡིན།

                                                                      སློབ་འབྲིང་མཐར་ཕྱིན་རྗེས་ཡུན་རིང་བོའི་རེ་སྒུག་ཁྲོད་ཀྱི་ཤོ་ཋི་ཁུའུ①ལ་ཞུགས།

                                                                           ༼ ཉི་ཧོང་།༽ ཨུ་ཟོ་ཡ་སུ་རྫི་རོ(Yasujiro Ozu)ཡིས་བརྩམས།                                     

a08b87d6277f9e2fdfad12ef1f30e924b999a9014d08db8.jpg   

ཨུ་ཟོ་ཡ་སུ་རྫི་རོ(Yasujiro Ozu.小静安二郎(1903.12.12~1963.12.12)ཉི་ཧོང་གི་སྐད་གྲགས་འཛམ་གླིང་སྒང་ལ་ཆོད་པའི་གློག་བརྙན་འཁྲབ་ཁྲིད་པ་ཞིག  

          གློག་བརྙན་ཁང་གི་སྒོ་ཕྱེས་མ་ཐག་འཚང་ཁ་རུབ་པས་ཁ་རླངས་ཚ་མོ་དག་གདོང་བར་རྒྱབ་འོང་། སྔ་མོར་གློག་བརྙན་ཁང་ལ་བྱ་འགུལ་ཁང་ཟེར། རླངས་པ་གཙང་བཙོག་སྣ་ཚོགས་ཚོགས་ཤིག་འཐིབ་པའི་ཁང་མིག་དེ་ནས་སྐར་མ་བཅུའི་ཡུན་ལ་ལུས་ནའང་། མགོ་བོ་ན་བའི་ཚད་ལ་གཏུག་འོང་། འོན་ཏེ་དྲིལ་སྒྲོག་རུ་མིའི་བཏང་བརྡ་ཐོས་ཤིང་གནས་དེ་རྒྱུད་ནས་ཕར་བགྲོད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་ལ། ཅི་འདི་མེད་པར་ཁང་མིག་དེར་འཛུལ་དགོས། གློག་བརྙན་ནི་འདི་འདྲའི་གཟུགས་རེག་མེད་ཅིང་བསམ་ཡུལ་ལས་འདས་པའི་སྒྱུ་འཕྲུལ་ཞིག་གོ།

           ང་རང་ཋོ་ཁེ་ཡོ(Tokyo)②ནས་སྐྱེས་པ་ཡིན།ཨེ་སེ(Ise)③ཡི་མ་ཐི་སོ་ས་ཁ (Matsusaka)④ནས་ན་ཆུང་གི་ལོ་ཟླ་བསྐྱས་ཤིང་། གློག་བརྙན་ལ་ལྟ་བ་ནི་རྒྱུད་ཀྱི་ནད་ཅིག་ལ་གྱུར། རྗེས་སུ་སློབ་གྲྭ་ནས་བཀག་སྡོམ་ཞུས་པའི་གློག་བརྙན་མང་དག་ཅིག་ལ་ལྐོག་ནས་བལྟས་ཤིང་། དེའི་ཚོར་བ་ནི་གློག་བརྙན་དེ་རང་ལས་ཀྱང་ཛ་དྲག་ཚ་བར་འདུག་ལ། སྤྲོ་སྣང་ཁ་བོར་སྣང་། སློབ་འབྲིང་སྐབས་གློག་བརྙན་ལ་ལྟ་བ་ལས༼བསྒྱུར་བཀོད༽དང༼དབུས་གཞུང་སྤྱི་བཤད༽⑤ལའང་བལྟས་པ་ཡིན། དེ་ནི་ད་ལྟ་མི་ཚོའི་བློ་ངོར་ཡང་འཆར་གྱི་མེད་ཚོད་རེད། ནམ་ཀུན་དེ་འབྲེལ་གྱི་གླེང་མོལ་ཚ་བོ་བགྱིས་པ་ཡིན། དེ་དུས་བཀླག་ནས་རྟོགས་ཡོད་མེད་ད་ནི་བརྗེད་དུ་བོར་ཡོད། གང་ལྟར་ཐོས་འཚོལ་གྱི་འདུན་པ་དྲགས་པོར་འཕྱུར།

           དེ་དུས་ངས་ཐ་ནེ་ཟ་ཁུ་ཇོའུ་ནེ་ཆེ་རོ་(Junichiro Tanizaki) ⑥དང་ཨ་ཁུ་ཐ་ག་ཝ་ལོའུ་ནོ་སུ་ཁེ(Ryunosuke Akutagawa)⑦གཉིས་ཀྱི་སྒྲུང་གཏམ་མང་བོ་བཀླགས་པ་ཡིན། གློག་བརྙན་ནི་ནུབ་གླིང་གི་གློག་བརྙན་ལ་བལྟས་པ་ཡིན།འགྱུར་བ་ཅུང་རེ་ཡོད་མོད་ཀྱང་། འོན་ཏེ་ཉི་ཧོང་གི་ཉམ་ཆུང་བའི་གློག་བརྙན་དེ་དག་ལ་ཡ་ཞུས་པ་མིན།

           སྐབས་དེའི་གློག་བརྙན་ནི་ནང་དོན་རྐྱང་བར་བསྟུན་ཅི་ཐུབ་ཀྱིས་འཁྲབ་སྟོན་གནང་བ་ལས་མི་སེམས་ཀྱི་བརྩེ་དུངས་ཕྱིར་ངོམ་ཐུབ་ཀྱི་མི་འདུག འོན་ཏེ་ཨ་རིའི་གློག་བརྙན་པ་ཐྲོམ་སུ་ཨེན་སུ་ཡི༼ཤེས་རིག༽⑧ཅེས་པའི་གློག་བརྙན་གྱིས་ང་ལ་རྟོགས་གཞིག་གསར་བ་ཞིག་སྦྱིན་སོང་།

           གཟེངས་བསྟོད་བླ་མེད་རེག་པའི་གློག་བརྙན་འདི་དངོས་ནས་ཡག་པོ་འདུག གློག་བརྙན་དེའི་དབང་གིས་ང་རང་འཚེར་སྣང་གིས་གཏམས། ངས་འཁྲབ་ཁྲིད་བགྱི་འདོད་པའི་བསམ་པའང་ཕལ་ཆེར་དེ་ནས་བསྐྱེད་པ་རེད།

           ཡབ་ཡུམ་ཟུང་གིས་ང་རང་སློབ་ཆེན་ལ་སོང་ན་བསམ་གྱིན་མོད་ང་དེ་ལ་ཡེ་ནས་མ་འཐད། སློབ་ཆེན་བགྲོད་པའི་འཆར་སྒོ་རག་ཙམ་ཡང་མེད། ཁ་གསལ་བོར་བསྙད་ན་ང་ཕལ་ཆེར་དཔེ་ཆ་ཀློག་པར་སུན་པོ་བྱུང་ཡོད།

           ངའི་སེམས་ཀྱི་ཟབ་སར“སློབ་ཆེན་ལ་མ་བགྲོད་ཀྱང་ལས་ནི་ཡག་པོ་ཞིག་འཁྱོལ་ཐུབ་པའི་ནུས་པ་ཁྱེད་ཚོའི་མིག་ལམ་ལ་བསྟར”ལྟ་བུའི་སྤོབས་ཉམས་ཀྱིས་ཁེངས་འདུག དེ་བས་གློག་བརྙན་འཁྲབ་ཁྲིད་པ་ཞིག་བགྱི་བའི་བསམ་འདུན་ལ་གཡོ་བ་གང་ཡང་མ་བྱུང་།

           ལས་བཟང་བོ་ལ་སྐབས་དེར་ཨ་ཁུ་ཞིག་གིས་རང་གི་ས་ཤོ་ཋི་ཁུའུ་ལ་གླས་ཤིང་འབྲེལ་བ་འདིས་ང་རང་སློབ་འབྲིང་མཐར་ཕྱིན་རྗེས་ཤོ་ཐུ་ཁུ་ཡི་ཁ་མ་ཐ྇(Kamata)⑨བརྙན་བཟོ་ལས་གྲྭ་ལ་ཞུགས།

           ད་ལྟ་འཁྲབ་ཁྲིད་པ་ཟེར་དུས་མི་ཚོའི་མིག་མདངས་ཡིད་སྨོན་དང་དགའ་མོས་ཀྱིས་ཁེངས་ཤིང་། རང་ཉིད་ཀྱང་ཡིད་ཚིམས་ནས་ཡོད། འོན་ཏེ་སྔ་མའི་སྐབས་དེར་གློག་བརྙན་གྱི་ལས་ཀ་གཉེར་དགོས་ཤེ་ན་ཚང་མས“ཅོལ་ཆུང་ནུས་མེད”ཞིག་ལ་སེམས་འགྲོ འོན་ཀྱང་ངའི་ལམ་ནི་སུས་ཀྱང་འགོག་མི་ནུས། ཡབ་ཡུམ་གཉིས་ཧ་ཅང་གིས་ཡིད་ཆད་བྱུང་མོད། ང་ནི་རང་ཉིད་སྤྲོ་བས་འཇུག་ནུས་པའི་ལས་ཀ་ལས་གང་ལའང་ཡ་བྱེད་འདོད་མེད་དོ།།

           ང་རང་ལོ་ན་བཅུ་དགུའི་སྟེང་ཤོ་ཋི་ཁུའུ་ལ་ཞུགས་པ་ཡིན། དེའི་ཡར་སྔོན་ངས་ཏག་ཏག་ཉི་ཧོང་གི་གློག་བརྙན་གསུམ་ལས་བལྟས་མ་མྱོང་། ལས་ཁུངས་ཀྱི་སྣེ་ཤན་ཚོ་ཧང་སངས་འདུག འོན་ཀྱང་དཀའ་ལས་ཁག་བོ་རྒྱབ་ནས་དེར་ཞུགས་ཐུབ་པ་བྱུང་། དེ་ནས་བཟུང་དགོས་མཁོ་གང་གི་དབང་གིས་ཅི་བྱ་གཏོལ་མེད་ངང་ཉི་ཧོང་གི་གློག་བརྙན་མང་བོ་ལ་བལྟས་པ་ཡིན།

           ངས་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་བགྱི་བའི་འདུན་པ་བཅངས་ནས་གློག་བརྙན་དག་ལ་སེམས་ཞིབ་མོས་བལྟས་པ་ཡིན། མིག་ཟུང་སྔ་རབས་འཁྲབ་ཁྲིད་པ་ཚོའི་འཁྲབ་ཁྲིད་བགྱིད་སྟངས་ལ་ཅེར་ཞིང་། ཀླད་པས་རང་གིས་འཁྲབ་ཁྲིད་གང་ལྟར་བགྱི་བའི་ཐབས་ཤེས་འཚོལ་ཞིབ་ཞུས་པ་ཡིན། ང་རང་གང་འདོད་གཞན་ལ་ལད་ཟློས་བགྱི་བར་དགའ་བོ་མེད། ང་རང་གཅུ་རུ་ཚ་བོ་འདུག་ཟེར་ཞིང་དངོས་ནས་དེ་འདྲའི་གྱོང་བོ་ཞིག་ཡིན། འདི་ནི་རང་ཚུགས་སུ་ཆགས་པས་བཀོད་པ་མི་འདུག དེ་བས་ན་ངས་གློག་བརྙན་འཁྲབ་ཁྲིད་ནི་རང་ལ་ཁེན་ནས་ལེགས་པར་འགྲུབ་པ་ལས་དགེ་རྒན་ཞིག་མེད།

           གལ་ཏེ་འཁྲབ་ཁྲིད་ནི་སྐད་སྦུག་བཟུང་ནས་འཁྲབ་སྟོན་པར་རྫིག་པོ་ལབ་པའི་ལས་རིགས་ཤིག་ལ་འདོད་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་གོ། དོན་དངོས་སུ་མཚན་མོར་གཉིད་ཅོག་རྒྱག་ཞོར་བརྙན་ཕབ་ཀྱི་རིམ་པ་དང་སྒྲིག་གཞི་ལ་བསམ་གཞིག་གནང་དགོས། གན་ནས་འགྲེང་སྟེ་སྡོད་སྐབས་ཀྱི་ཚོར་བ་ཐང་ཆད་པ་ཞིག་ཡིན་མོད། འོན་ཏེ་ལུས་སེམས་ཟུང་དེར་འཇུག་ཐུབ་པ་བྱུང་ན་བསམ་དབང་དྲན་དབང་མེད་པའི་སྤྲོ་སྣང་གིས་ཕྱུག་འོང་། ལྷན་སྐྱེས་ཀྱི་དཔའ་སྤོབས་ཉམས་མེད་དང་ལྡན་ན་དཀའ་ལས་གང་བྱུང་ལ་མགོ་བོ་མི་སྒུར་ཞིང་། རང་རྐྱ་འཕེར་བའི་འཁྲབ་ཁྲིད་པ་ཞིག་ནུས་སོ།།

  ༼ང་ཡི་གཞོན་ནུའི་དུས་སྐབས།༽ 1953ལོ།

1.ཤོ་ཋི་ཁུའུ་གློག་བརྙན་ལས་གྲྭ 松竹电影公司

2.ཋོ་ཁེ་ཡོ(Tokyo)ནི་ཉི་ཧོང་གི་རྒྱལ་ས།东京

3.ཨེ་སེ(Ise)ནི་ཉི་ཧོང་དབུས་ཁུལ་གྱི་གྲོང་ཁྱེར་ཞིག伊势

4.མ་ཐི་སོ་ས་ཁ(Matsusaka)ཉི་ཧོང་གི་གྲོང་ཁྱེར་ཞིག  松阪

5.༼བསྒྱུར་བཀོད༽དང༼དབུས་གཞུང་སྤྱི་བཤད༽ནི་ཉི་ཧོང་གི་གྲགས་ཅན་སྲིད་དོན་ཚགས་དེབ་གཉིས། 《改造》《中央公论》

6.ཐ་ནེ་ཟ་ཁུ་ཇོའུ་ནེ་ཆེ་རོ་(Junichiro Tanizaki) (1886.7.24~1965)ཉི་ཧོང་གི་གྲགས་ཆོད་པའི་རྩོམ་མཁན་ཞིག谷崎润一郎

7.ཨ་ཁུ་ཐ་ག་ཝ་ལོའུ་ནོ་སུ་ཁེ(Ryunosuke Akutagawa) (1892.3.1~1927.7.24)ཉི་ཧོང་གི་གྲགས་ཆོད་པའི་རྩོམ་མཁན་ཞིག芥川龙之介

8.ཨ་རིའི་གློག་བརྙན་པ་ཐྲོམ་སུ་ཨེན་སུ་ཡི་གློག་བརྙན༼ཤེས་རིག༽ 托马斯·英斯的美国片《文明》

9.ཁ་མ་ཐ(Kamata)བརྙན་བཟོ་ལས་གྲྭ་ནི༡༩༢༠ལོར་ཚུགས་པའི་ཉི་ཧོང་གི་ཆེས་སྔ་མོའི་གློག་བརྙན་ལས་གྲྭ་ཞིག 蒲田制片厂

           ༼རྩོམ་འདི་རྩོམ་མཁན་ཉིད་ཀྱི་མོས་པ་བཞིན། བོད་སྐད་གློག་བརྙན་གྱི་འཕྲིན་སྟེགས༼གློག་བརྙན་ཁྲོད་གསོན་པའི་མི༽ཞེས་པ་ལས་དྲངས་ཤིང་། འཕྲིན་སྟེགས་སྦྲེལ་གནས Live_Movie ཡིན་འདུག གྲོགས་པོ་བརྙན་ཞེན་པ་ཚང་མས་སྐད་འཕྲིན་སྒང་ནས་འཕྲིན་སྟེགས་འདི་ལ་དོ་སྣང་གནོངས་དང་འདི་འདྲའི་རྩོམ་ཐུང་ལྷག་པས་མང་།  ༽

དཔྱད་མཆན་ཡོད།