འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་གློག་བརྙན«མེ་ཏོག་སེར་ཆེན»ཞེས་པ།


     བརྙན་འཕྲིན་ཟློས་གར་འདིའི་ནང་དོན་གཙོ་བོ་ནི་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ནས་བྱུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་སྟེ། དགེ་རྒན་གངས་དགའ་དོན་གྲུབ་དང་མེ་ཏོག་མཚོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཞིར་བཟུང་ནས།འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་དང་སློབ་གསོའི་གནས་བབ་དེ་མཚོན་ཐུབ་བྱས་ཡོད།

565D6FDC-A4D9-4E02-ADCC-76C25766E286.jpg
     

     དེ་ཡང་། གངས་དགའ་དོན་གྲུབ་ནི་ད་སོ་མར་སློབ་མཐར་ཕྱིན་པའི་དགེ་རྒན་ཞིག་ཡིན་ལ། ཁོ་རང་འབྲོག་ཁུལ་གྱི་སློབ་ཆུང་འདིར་དགེ་རྒན་གྱི་བྱ་བ་གཉེར་དུ་ཡོང་བའི་ཉིན་དང་པོར་ལམ་བར་ནས་མེ་ཏོག་མཚོ་མོར་ཐུག་ཅིང་། ཁོ་མོའི་ལྷད་མ་གོས་པའི་གཤིས་ཀ་དང་གཞན་ཕན་གྱི་ལྷག་བསམ་དེས་ཁོའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་པ་རེད།  ཉིན་འགའི་རྗེས་སུ་གངས་དགའ་དོན་གྲུབ་ཡུལ་ལ་བྲོས་པའི་སློབ་མ་ཞིག་ལེན་དུ་འགྲོ་བའི་ལམ་བར་དུ་སླར་ཡང་ཁོ་མོར་འཕྲད་པ་དང་།ཡུན་ཐུང་གི་ཁ་བརྡས་བརྩེ་དུང་གི་མྱུ་གུ་འབུས་པ་མ་ཟད། ཁོ་མོས་བླངས་པའི《མེ་ཏོག་སེར་ཆེན》ཞེས་པའི་གཞས་དེ་དང་ཁོ་མོས་བཤད་པའི་ཨ་མ་ཚེ་སྐྱིད་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཉིས་ཀྱིས་ཁོའི་བློ་ངོས་སུ་བག་ཆགས་ཟབ་མོ་ཞིག་བཞག་པ་རེད། མཇུག་ཏུ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ལས་བྱེད་པ་ཁྱུང་རིའི་ཀུན་བཟང་ཁོ་ཚོའི་སློབ་གྲྭར་ཡོང་བའི་གོ་སྐབས་དང་བསྟུན་ནས་གངས་དགའ་དོན་གྲུབ་ཀྱིས་མེ་ཏོག་མཚོ་མོ་དང་ཁོ་མོའི་གཞས་ངོ་སྤྲོད་བྱས་པས། 《མེ་ཏོག་སེར་ཆེན》ས་དེའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པ་མ་ཟད། ཁོ་མོར་ཡང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ཡི་ཆོ་ལོ་ཐོབ།
     གཏམ་རྒྱུད་བྱུང་འཕེལ་གྱི་གོ་རིམ་ཁྲོད་དུ།  འབྲོག་ཁུལ་གྱི་ཆ་མི་ཚང་བའི་སློབ་གསོའི་མ་ལག་དང་གནས་བབ་བར་བཅུག་བྱས་ཡོད་པ་སྟེ། དགེ་རྒན་དང་སློབ་མ། སློབ་མའི་ཁྱིམ་བདག་བར་གྱི་འགལ་འབྲེལ་མང་པོ་ཞིག་གིས་འབྲོག་ཁུལ་གྱི་འཐུས་ཚང་མ་ཡིན་པ་དང་སྔོན་ཐོན་མ་ཡིན་པའི་མིག་སྔར་གྱི་སློབ་གསོའི་སྤེལ་སྟངས་དེ་མངོན་པར་མཚོན་ནས། ཡུལ་དེ་གའི་འབྲོག་པ་མང་ཚོགས་ཀྱི་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་དང་རྙིང་ཞེན་གྱི་མི་ཚེའི་ལྟ་བ་སོགས་ཀྱང་གང་ལ་དེ་འཚམ་གྱིས་བཀོད་སྒྲིག་བྱས་པ་སྟེ། ཞོར་དུ་དཔོན་དབང་རིང་ལུགས་པའི་དབང་ཤུགས་དང་རྒྱུ་འབྱོར་གྱི་ངོ་སོའི་ཁྲོད་དུ་བྱུང་དང་འབྱུང་མུས་ཀྱི་རུལ་སུངས་ཀྱི་བྱ་སྤྱོད་གང་མང་ཞིག་ཐེར་འདོན་བྱས་ནས་འཚོ་བ་དངོས་ཀྱི་ཁྲོད་དུ་སྣུམ་གྱི་ཟོལ་གྱིས་འཐིམ་པའི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་རྒྱ་ཆེའི་ལྟད་མོ་བ་དག་གི་སྤྱན་ལམ་དུ་བསྟར་བ་ལགས་སོ། 

 

ལས་བྱེད་མི་སྣའི་རེའུ་མིག

 

རྩོམ་རིག་བློ་འདོན།  སྟག་འབུམ་རྒྱལ།

ལྟ་སྐུལ་བ།   ནམ་མཁའ་ཐར།

ཕབ་སྐྲུན་པ།  ཀ་གྱའི་ལྕགས་རྒྱལ།

བརྙན་ལེན་པ།   མང་རའི་ལོ་ཡག

བརྙན་ལེན་ལས་རོགས།  གངས་བསོད།

སྒྲ་ལེན་པ།  གནམ་ལྷ་འབུམ།

པར་ལེན་པ།  གངས་བསོད།

ཇུས་འགོད།  གནམ་ལྷ་འབུམ།

འཁྲབ་ཟིན།  བྱམས་མགོན་གཡུལ་རྒྱལ།གངས་བསོད།

འཁྲབ་ཆས།  མཁའ་བརྩེ་རྒྱལ།

ལོ་ཙཱ་བ།  དོ་རྒྱ་བསོད་ནམས་དོན་གྲུབ།

འཁྲབ་ཁྲིད་གཞོན་པ།  ཀ་གྱའི་ལྕགས་རྒྱལ།

འཁྲབ་གཞུང་།  འཁྲབ་ཁྲིད།  འབྲོང་ཕྲུག་ལྷ་ཆེན་རྒྱལ།


 

དཔྱད་མཆན་ཡོད།