འབོར་པད་དང་ཁོའི་མདོ་ལྷོ་གློག་བརྙན་འཕྲིན་ཁེ་ལས།


0-5.jpeg

ད་རེབ་ཁྱེད་ཅག་ལ་ངོ་སྤྲོད་པར་འདོད་པ་ནི།མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ཡིན་ཏེ། ཁེ་ལས་འདི་ནི་ཀན་ལྷོ་ཁུལ་དུ་གློག་བརྙན་གྱི་ལས་ཀ་གཉེར་གྱིན་པའི་སྒེར་གཉེར་ཁེ་ལས་གཅིག་པུ་དེ་ཡིན་པར་མ་ཟད་ཆེས་ཐོག་མའང་ཡིན་ལ།ས་སྒང་རིལ་མོ་འདིའི་སྟེང་ནས་གློག་བརྙན་སྒྱུ་རྩལ་གྱི་ཚ་རླབས་ཤིག་གཅིག་རྗེས་གཉིས་མཐུད་དུ་ལངས་པ་དང་བསྟུན་ནས།འདི་གའི་གློག་བརྙན་འཕྲིན་ཁེ་ལས་ནས་ཀྱང་སྔ་གཞུག་ཏུ༼གླིང་དཀར་སྟོད་ཀྱི་བྱམས་པ༽དང༼ཁྱེད་རང་དྲན་པའི་སྟོན་ཀ༽སོགས་གཙོར་བྱས་རྒྱལ་ནང་ནས་གཟེངས་རྟགས་ཆེ་མ་ཆུང་གསུམ་རེག་མྱོང་བའི་གློག་བརྙན་ཕུལ་བྱུང་མང་དག་ཅིག་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་གཟིགས་ངོར་ཕུལ་མྱོང་།

        དེ་ཡང་ཁེ་ལས་འདི་ནི༢༠༡༠ལོའི་ཟླ༡༡པའི་ཚེས༣༡ཉིན་ཀན་ལྷོའི་གཙོས་གྲོང་ཤར་ནུབ་བདུན་པའི་སྤྱི་གཉེར་ཁང་དུ་གཞིས་ཆགས་ཤིང་།ཆེས་ཐོག་མར་ལས་ཁུངས་འདི་གཟུག་རྒྱུའི་གྲབས་གཤོམ་སྐབས་མ་དངུལ་ཕྱོགས་ནས་དཀའ་ལས་མང་པོར་འཕྲད་ཀྱང་།རྒྱལ་ཁབ་ཀྱི་ཐོབ་དབང་ཡོད་པའི་གློག་བརྙན་འཕྲིན་ཁེ་ལས་ཤིག་གཟུག་རྒྱུའི་མ་མཐའི་མ་དངུལ་ཁྲི༣༠༠ལྷག་དེ་ཡང་ཕུན་ཚོགས་ཚོགས་པས་ཕྱར་བ་གྲུ་འདེགས་ཀྱི་ངང་མཐའ་གཅིག་ཏུ་རོགས་དངུལ་བཏང་བས།༢༠༡༢ལོའི་ཟླ༩བར་དངོས་སུ་སྒོ་འབྱེད་ཐུབ་པ་བྱུང་ཞིང་། ཀན་ལྷོའི་ཁུལ་དུ་རྒྱལ་ཁབ་ཀྱི་ཁས་ལེན་དང་ཆོག་མཆན་གནང་བའི་སྒེར་གཉེར་གྱི་གློག་བརྙན་འཕྲིན་ཁང་གཅིག་པུ་དེ་རེད།

ཁེ་ལས་འདིའི་ཁྲིམས་མཐུན་གྱི་བདག་པོ་དང་སྤྱིའི་འགན་འཛིན་པ་ནི་འབོར་པད༼པད་མ་ཚེ་རིང༽ཡིན་ཞིང་།ཁོ་རང་ཆུང་བྱིས་པའི་དུས་ནས་བཟུང་གློག་བརྙན་གྱི་ཕྱོགས་ལ་མོས་པ་ཆེས་ཆེར་རྒྱས་ཤིང་ལོ་ན་ཡར་སོན་པ་དང་བསྟུན་ནས་རང་ཉིད་ཀྱི་དང་བ་དང་མོས་པ་རིང་དུ་མ་དོར་བར་གློག་བརྙན་ཕྱོགས་ཀྱི་གཞུང་ལུགས་དང་རྨང་གཞིའི་སྐོར་ལ་སྦྱངས་བ་མི་དམན་པ་བྱས་ཤིང་།དེར་མཐུད་འཛམ་གླིང་གི་གྲགས་བརྙན་དག་ལ་རིམ་བཞིན་རོལ་མྱོང་བྱས་པ་བརྒྱུད་དེའི་ཁྲོད་ཀྱི་འཁྲབ་ཁྲིད་དང་འཁྲབ་སྟོན།ཕབ་སྐྲུན། སྒྲིག་སྦྱོར། བརྙན་ལེན་སོགས་ལ་ངེས་ཤེས་གཏིང་ཟབ་མོ་འདྲོང་། གང་ལྟར། འབོར་པད་རང་ཉིད་ལ་མཚོན་ནས་བཤད་ན།རྣམ་པ་མཐའ་གཅིག་ཏུ་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་དགའ་ཕྱོགས་ཟེར་བའི་བུ་མོ་དེའི་རྗེས་སུ་འབྲངས་པ་ཞིག་ཡིན་འདུག་ཅིང་།ཐོག་མའི་གློག་བརྙན་ཕྱོགས་ལ་དགའ་ཞེན་ཆེ་བའི་ལས་ཞོར་བརྙན་དགའ་དེ་ནས་ད་ནི་ཆེད་དུ་གློག་བརྙན་ཕྱོགས་ཀྱི་ལས་ཀ་གཉེར་བའི་འཁྲབ་ཁྲིད་པ་ཞིག་ཏུ་གྱུར།

     ད་གདོད། གློག་བརྙན་ཕབ་སྐྲུན་གྱི་སྦྱོར་བ་དངོས་སུ་རྩོམ་སྐབས།འཁྲབ་ཁྲིད་དང་བརྙན་ལེན་དང་། སྒྲིག་སྦྱོར་དང་། སྒྲ་ལེན་དང་། ཇུས་འགོད་དང་། མཛེས་རིས་སོགས་ཀྱི་ཆེད་ལས་མི་སྣ་དཀོན་པོ་ཡོད་པའི་ཁར།ལྷག་ཏུ་ཆེད་སྦྱོང་གི་འཁྲབ་སྟོན་པ་བཙལ་ན་རྙེད་དཀའ་བས། འབོར་པད་ཁོ་རང་ཉིད་ཀྱིས་འཁྲབ་ཁྲིད་དང་བརྙན་ལེན་དང་།སྒྲིག་སྦྱོར་དང་། སྒྲ་ལེན་དང་། ཇུས་འགོད་དང་། མཛེས་རིས་བཅས་ཀྱི་འགན་གཅིག་ལྕོགས་ཏུ་འཁུར་དགོས་བྱུང་།དེ་ལྟར་བརྒྱ་ཚོགས་སྟོང་འདུས་དབུས་ནས་མི་གཅིག་ལྷ་མོ་འཁྲབ་དགོས་བྱུང་ན་ཡང༢༠༡༠ལོར༼གླིང་དཀར་སྟོད་ཀྱི་བྱམས་པ༽ཞེས་པ་ཕབ་བསྐྲུན་བྱས་ནས་སྒོར་མངགས་ཤིང་ལོ་དེར་ཁྲོམ་རར་འགྲེམ་སྤེལ་བྱས་པ་དང་།སྐབས་གཉིས་པའི་ཀན་སུའུ་ཞིང་ཆེནDVགསར་རྩོམ་གློག་བརྙན་གྱི་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་རེག་པས།ཨ་འགྲིག་ཆ་འགྲིག་གི་རྟེན་འབྲེལ་འགྲིག་པ་དང་མཉམ་དུ་འཁྲབ་ཁྲིད་པ་ཁོའི་མི་ཚེའི་གློག་བརྙན་གྱི་ལམ་བུ་ཡང་དེ་ནས་བཟུང་དབུ་བསླངས་པ་རེད།དེར་མཐུད། ༢༠༡༡ལོར་སྐབས་བཅུ་དགུ་པའི་པེ་ཅིན་སློབ་གྲྭ་ཆེན་མོའི་གློག་བརྙན་དུས་ཆེན་གྱི་ཐེངས་བཅུ་གསུམ་པའི་གསར་རྩོམ་གློག་བརྙན་འགྲན་བསྡུར་གྱི་སྟེང་ནས་མི་རིགས་ཀྱི་རྒྱུ་ཆ་འབུར་ཐོན་ཅན་གྱི་བྱ་དགའ་ཐོབ་མྱོང་བའི་གློག་བརྙན༼ཁྱོད་རང་དྲན་པའི་སྟོན་ཀ༽ཕབ་བསྐྲུན་བྱས་ཚར་བས།འཁྲབ་ཁྲིད་པ་ཁོང་གི་མཚན་སྙན་ཡང་རིམ་བཞིན་རྒྱས་མགོ་ཚུགས་ཤིང་། ༢༠༡༢ལོའི་ཟླ༦པར་སྐར་མ་ལྔ་ཅན་གྱི་བརྙན་ཐུང༼རེ་ས༽ཞེས་པ་ཕབ་བསྐྲུན་བྱས་ཏེ་སྐབས་དང་པོའི་རྒྱལ་སྤྱིའི་ཀྲུང་གོའི་གློག་བརྙན་འགྲན་བསྡུར་ཆེན་མོ་དང་སྐབས་དང་པོའི་སྐམ་མཚོ་གཉིས་ཀྱི་བརྙན་ཐུང་འགྲན་བསྡུར་ཆེན་མོའི་སྟེང་ཞུགས།དེ་མིན། ད་དུང་གཞན་དང་མཉམ་འབྲེལ་སྒོས་རོགས་སྒྲུབ་བྱས་ཤིང་བསྟན་འཛིན་ཉི་མས་འཁྲབ་ཁྲིད་གནང་བའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བརྙན་ཐུང༼ལམ༽དང༼ཉི་མ་ལ་ཁར་བཞུད་དུས༽དཀའ་ཐུབ་བཀྲ་ཤིས་ཀྱིས་འཁྲབ་ཁྲིད་གནང་བའི༼ཐར་ལམ༽སོགས་ད་སྔ་རང་ཉིད་ངོ་ཕེབས་ཀྱིས་ཕབ་སྐྲུན་དང་རོགས་སྒྲུབ་བྱས་ཡོད་པའི་བརྙན་ཐུང་དྲུག་རྒྱ་ཆེའི་ལྟད་མོ་བ་རྣམ་པའི་སྤྱན་སྔར་བསྟར་ཡོད་པ་རེད།

0-4.jpeg

        འཁྲབ་ཁྲིད་པ་ཁོ་རང་སྤྱིར་བཏང་ཁ་བརྡ་གློད་རྒྱུར་དེ་འདྲའི་དགའ་བོ་མེད་གཤིས།རང་ཉིད་ལ་བརྗོད་འདོད་ཀྱི་སྐད་ཆ་ཅི་ཡོད་ཕལ་མོ་ཆེ་ཞིག་གློག་བརྙན་གྱི་ཐབས་ལམ་འདི་ལ་བརྟེན་ནས་བརྗོད་ཀྱིན་ཡོད་ལ།མིག་སྔར་ཕབ་བསྐྲུན་བྱས་ཡོད་པའི་བརྩེ་དུང་དང་འབྲེལ་བའི་གློག་བརྙན་འདི་ཚོ་དང་མི་འགྱངས་བར་རྒྱ་ཆེའི་བརྙན་དགའ་དག་གི་གཟིགས་ངོར་དབུལ་རྒྱུའི༼དྭངས་གཙང་གི་རྨ་འགྲམ༽ཡིན་ན་ཡང་།སོ་སོའི་ནང་སེམས་ཀྱི་སེམས་བྱུང་རྨ་མེད་པ་ཏག་ཏག་བྲིས་པ་ཤེ་དག་ཡིན་ལ། དེ་ཡང་དེ་ལ་བརྟེན་ནས་རང་རིགས་ཀྱི་རིག་གནས་བརྒྱུད་སྒྲོག་དང་ས་གནས་ཀྱི་རིག་གནས་སྔོག་འདོན།དེ་མིན་རིག་གནས་ཐོན་ལས་ཅན་དུ་བསྒྱུར་བ་དང་། རང་རིགས་ཀྱི་ལས་དབང་ལ་ཁ་ཙམ་མིན་པའི་སེམས་འཁུར་བྱས་པ་ཏན་ཏན་རེད།

གང་ལྟར།འབོར་པད་ཁོ་རང་སློབ་ཆེན་མཐར་ཕྱིན་ནས་ཅུང་མ་འགོར་བར་རང་གིས་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་ཀུང་ཟི་གསར་འཛུགས་གནང་ཞིང་།སྔ་ཕྱིར་གློག་བརྙན་གསུམ་ཙམ་ཕབ་བསྐྲུན་བྱས་པ་དེ་ཚོར་གློག་བརྙན་ཕྱོགས་ནས་གཟིགས་བཟོས་གསོལ་རས་མང་ཙམ་ཐོབ་པས།ཁོ་ལ་ཡང༢༠༡༢ལོར་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གིས་རང་བདག་ཁེ་ལས་པའི་གཏང་རག་ཕུལ་ཞིང་།ཁེ་ལས་དེ་ཀ་ནས་ཀྱང་མི་སྣ་མང་ཙམ་བསྐྱེད་བསྲིང་བྱས་པས༢༠༡༣ལོའི་ཟླ་གསུམ་པར་མདོ་ལྷོ་གློག་བརྙན་ཁེ་ལས་དེ་ཀན་ལྷོའི་ཁུལ་གྱི་རིག་གནས་ཐོན་ལས་དཔེ་སྟོན་གནས་གཞི་རུ་བདམས་ཐོན་བྱུང་།



དཔྱད་མཆན་ཡོད།