​ཁུ་རོ་ས་བ་བརྒྱུད་ནས་མཐོང་བའི་ཉི་ཧོང་གི་གློག་བརྙན།

          1951ལོར་ཁུ་རོ་ས་བའི་གློག་བརྙན་རཱ་ཞོ་མོན་ལ་ཝེ་ཉིས་སིའི་གསེར་སེང་རྟགས་མ་ཐོབ་པ་དང་ཡོ་མེའི་གླིང་ནས་ཉི་ཧོང་བའི་གློག་བརྙན་ལ་དོ་སྣང་བྱེད་མགོ་ཚུགས་པ་ནང་བཞིན། ཁོ་བོར་མཚོན་ན་ཡང་ཉི་ཧོང་གི་གློག་བརྙན་ལ་ལྟ་རྒྱུའི་མགོ་ཏན་ཏན་རཱ་ཞོ་མོན་ནས་བཙུགས་པ་ཡིན།  དེ་དང་མཉམ་དུ་མུ་མཐུད་ནས་ཁུ་རོ་ས་བའི་གློག་བརྙན་ཁ་ཤས་ལ་གྱོལ་མ་ལྡིང་གིས་བལྟས་ཤིང་། དེ་དག་ལས་བག་ཆགས་ཟབ་ཤོས་རྨི་ལམ(Dreams) དང་སྡོམ་མཁར། (Throne of Blood)  འཆོལ།(Ran) ས་མུ་ར་ཡེ་བདུན།(The Seven Samurai)སོགས་བགྲང་ཆོག  རིམ་བཞིན་འཕྲད་འདྲིས་བྱུང་བཞིན་པའི་ཉི་ཧོང་གློག་བརྙན་གྱི་སྣུམ་ཞག་གང་དེ་ཁོ་བོའི་ཡིད་སེམས་ཀྱི་རས་གཞིར་ཤེས་མེད་ཚོར་མེད་ངང་འབྱམས་ནས་འགྲོ་བཞིན་པའི་སྣང་བ་ཞིག་སྐྱེས། དེའི་སྔོན་བར་ཁིས་ཐ་ནོ་ཏ་ཁེ་ཞིས་དང་ཨུ་བཟོ་ཡ་སུ་རྗིས་རོ། མིས་ཡ་རྫ་ཁིས་ཧ་ཡ་ཨོ། མུས་བཟོ་རྒུ་ཅིས་ཁེན་ཅིས། ཨིས་མ་མུའུ་ར་ཞའོ་ཧིས། ཅིས་སོ་ཅེ་ཨ་ཁིས་ཨོ་སོགས་འཁྲབ་ཁྲིད་པ་ཁ་ཤས་ཀྱི་གློག་བརྙན་ལ་ཡང་བལྟས་མྱོང་འདུག དེ་ནི༢༠༡༡ལོའི་དབྱར་ཁ་རེད།

         ཉིས་སྟོང་དགུ་ལོར་ང་རང་པེ་ཅིན་སར་སློབ་གཉེར་དུ་ཡོང་བ་དང་། རིམ་བཞིན་དགའ་ཁ་ཁྱེར་ཕྱོགས་གྱིས་གློག་བརྙན་གྱི་རིག་པ་འདིར་མོས་ཞེན་བླ་ལྷག་ཅིག་འཕེལ། དེ་ཡང་རྒྱུ་དང་རྐྱེན་མང་དག་ཅིག་ལ་འབྲེལ་ངེས་ཤིང་། དེ་ལས་ཀྱང་གལ་ཆེ་བ་ནི་གྲོང་ཁྱེར་དུ་བསྡད་པས་ཡིན་སྙམ། སྐབས་ཐོག་དེར་ལྟ་རྒྱུའི་གློག་བརྙན་དག་ཀྱང་གློག་བརྙན་ཁང་དུ་སྟོན་གྱིན་པའི་རིགས་ལས་མ་འདས་ཤིང་། གལ་ཏེ་རང་གི་གློག་ཀླད་ངོས་ནས་ལྟ་ཚེ་རྒྱུགས་ཆེ་བའི་དྲ་བ་དག་གིས་ཨང་རིམ་གཤར་བའི་མགོ་ནས་རིམ་པར་ལྟ་རྒྱུ་དེ་རེད། དེ་ལྟར་ཡུད་ཙམ་འགོར་རྗེས། གློག་བརྙན་སྐོར་གྱི་དེབ་ཁ་ཤས་ཉོས་ཤིང་། ཡི་གེ་དང་བརྙན་སྦྲགས་མའི་སྒོ་ནས་ཚ་ལམ་ལམ་དང་འཁྱག་སིབ་སིབ། སྦྲིད་བེར་བེར་དང་ལྗིད་ཏིག་ཏིག་གི་དུས་ཚོད་མང་པོ་གློག་བརྙན་དང་ལྷན་དུ་བསྐྱལ། སྐབས་དེར་ཨ་རིའི་གློག་བརྙན་ལ་ལྟ་ཐེངས་མང་བའི་ཚོད་དུ་འདུག་ལ། གློག་ཀླད་ཀྱི་རྩལ་ཁྱད་པར་བས་བཟོས་པའི་པར་མིག་དག་ནི་ཡིད་སེམས་འཕྲོག་བྱེད་ཀྱི་གཏེ་བོ་འབའ་ཞིག་ཏུ་གྱུར། རིམ་བཞིན་ཧོ་ལེ་ཝུ་ཌིའི་ཡི་ག་ཡང་བཟློག་ཏེ་ཆེད་དུ་ཡོ་རོབ་རྒྱུད་ཀྱི་སྒྱུ་རྩལ་འཁྲབ་ཁྲིད་པ་མང་པོའི་གློག་བརྙན་སྡེབ་དང་སྡེབ་བྱས་ཏེ་ལྟ་མགོ་ཚུགས་པ་ཡིན། དེ་བས་ཀྱང་ཁོ་ཚོའི་གློག་བརྙན་གྱི་བསྟན་དོན་དང་པར་མིག་གི་བརྡ་སྤྲོད་ཁྲོད་ཀྱི་ལས་དབང་ཧྲེང་བོ་དང་དམར་དྲི་ཐུལ་བའི་གདུག་སྤྱོད་སོགས་ཀྱིས་ཁོ་བོ་ལྕགས་བཙའ་ཡིས་ཟིན་པ་བཞིན་ཧྲིལ་གྱིས་བཟུང་ཞིང་། བར་སྐབས་ཤིག་ལ་ཡོངས་སུ་ཤན་ཐེབས་ནས་བློང་བློང་བོ་དང་མེར་མེར་པོ་ཞིག་ཏུ་བཏང་བ་ཐེངས་གྲངས་གཅིག་གཉིས་ཀྱིས་ག་ལ་ཚད།

        དེ་དང་མཉམ་དུ་ཉི་ཧོང་གློག་བརྙན་ལ་ལྟ་བའི་བང་ཡང་ཇེ་མགྱོགས་སུ་ཕྱིན། ཡོ་རོབ་རྒྱུད་ཀྱི་གློག་བརྙན་རེའི་བར་གསེང་ནས་ཉི་ཧོང་བའི་གློག་བརྙན་རེར་བལྟས་ཚེ་ན་སར་བྱིལ་བ་ནང་བཞིན་གྱི་བདེ་བ་དང་ངལ་གསོ་ཐོབ་ཡོང་། དེ་ཡང་ཉི་ཧོང་བའི་བྱད་གཟུགས་བོད་མི་དང་བག་ཙམ་འདྲ་བས་ཨེ་ཡིན་སྙམ། ལྷག་ཏུ་མིས་ཡ་རྫ་ཁིའི་འགུལ་རིས་གློག་བརྙན་གྱི་མངར་ཁ། འཇམ་ཤ། བསིལ་ངད། དྭངས་ཆ། ཡང་ཤིག གཙང་ཚད་ལ་སོགས་པའི་ཡོན་ཏན་གྱིས་ཡང་དང་ཡང་དུ་སེམས་པར་བྱབས་ཁྲུས་བྱས་མྱོང་། མ་ཟད་ཡ་སུ་རྗིས་རོའི་གློག་བརྙན་ཁ་ཤས་ལ་ཡང་བལྟས་པ་འགྲམ་ངོགས་ཀྱི་མེ་ཏོག(Higanbana)དང་སླེབས་འཕྱི་བའི་དཔྱིད་ཀ (Late Spring)སྟོན་ཀའི་དགོང་དྲོ(An Autumn Afternoon) སོགས་ཡིན།  འཁྲབ་སྟོན་མི་སྣའི་བབ་ཆགས་པའི་གཟབ་སྤྲས་དང་གུས་ཞབས་ལྡན་པའི་བཤད་ལུགས་བྱེད་ལུགས། ཡ་རབས་ཀྱི་ཁྱིམ་སྲོལ་དག་ཟུར་ཚད་དམའ་བའི་པར་མིག་དང་བརྟན་འཇགས་ཀྱི་བརྙན་ལེན་ཆས་ཀྱིས་འགྲོས་དལ་མོས་བརྗོད་སྟངས་དེ་ཁོའི་གློག་བརྙན་གྱི་གཤིས་ལུགས་ཤིག་ཏུ་ཡང་མཐོང་། ལྟ་ཐེངས་རེར་གྱང་རྩར་དགུན་ཉིར་ལྡེ་ནས་རྒན་རྒོན་ཚོའི་ཁ་བརྡ་ལ་ཉན་བཞིན་པ་ལྟ་བུའི་ལྷོད་ཆ་ཞིག་སྦྱིན་ཡོང་། འཛམ་གླིང་གློག་བརྙན་གྱི་གཞུང་ལུགས་སུ་ཡང་ཡ་སུ་རྗིས་རོའི་པར་མིག་གི་མཐོ་དམའ་དང་ཤོང་ཚད། འགྱུ་ཕྱོགས་སོགས་ཧོ་ལེ་ཝུ་ཌིའི་ཕབ་སྟངས་དང་ཁྱོན་ནས་མི་འདྲ་བའི་སྒེར་གཤིས་ཚ་བོ་ཡོད་མཁན་ཞིག་ཡིན་པར་བཤད། གློག་བརྙན་དེ་དག་བརྒྱུད་ནས་ཟན་མཱ་ཉ(サンマ)ཞེས་པའི་ཟས་རིགས་ཤིག་ཀྱང་ངོ་ཤེས། གཟའ་མཇུག་ཅིག་ལ་ཟ་ཁང་ཞིག་ནས་ཚྭ་གཡེར་དང་མཉམ་དུ་ཟན་མཱ་ཉའི་བྲོ་བ་མྱངས་ཤིང་། གློག་བརྙན་ནང་ལྟར་ཆང་དཀར་བཙག་མ་ཞིག་ལ་སྦྱིབས་ཏེ་ཟས་ན་བྲོ་བ་དེ་ལས་ཀྱང་ཞིམ་ངེས་སྙམ།

       ༡༩༥༠ནས་ཉི་ཧོང་དུ་བརྙན་འཕྲིན་རྒྱ་ཆེར་དར་མགོ་ཚུགས་པ་དེས་སྒྱུ་རྩལ་གློག་བརྙན་གྱི་རྟ་ཁ་གློད་སོང་བར་བཤད། དེ་དང་མཉམ་དུ་ཉི་མའི་ཁྱིམ་རྒྱུད་ཅེས་པའི་རླབས་རྒྱུན་འཕྱུར་ཞིང་། ན་གཞོན་དག་གིས་ཆགས་སྲེད་དང་གདུག་སྤྱོད་ཀྱི་ལམ་ནས་ཅི་བྱ་གཏོལ་བྲལ་གྱི་འཚོ་བའི་ངང་ཚུལ་མཚོན་པར་ཤུགས་བརྒྱབ། དེའི་སྐོར་ལ་ཉི་ཧོང་ནང་ཁུལ་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། འོན་ཀྱང་ཡུད་ཙམ་མ་འགོར་བར་རླབས་རྒྱུན་གང་དེ་འཇགས་སོང་ན་ཡང་དེ་འབྲེལ་གྱི་གློག་བརྙན་མཚམས་མ་ཆད་པར་ཐོན། དེ་དག་ལས་གྲགས་ཆེ་བ་ནི་ཨོ་ཞིས་མ་ནཱ་རྗིས་སཱ་བརྩི་ཆོག ཁོའི་གློག་བརྙན་དག་གི་བརྗོད་བྱ་དམངས་ཁྲོད་ཀྱི་གཏམ་རྒྱུད་ལས་དྲངས་པ་ཤས་ཆེ། འདོད་ཆགས་དང་ཞེ་སྡང་། ཕྲག་དོག་ལ་སོགས་པས་བསླངས་པའི་ཞེ་འགྲས་དང་འཁོན་འཛིན་སོགས་མིིའི་གཉུག་གཤིས་ཀྱི་རྫབ་རྫོབ་དག་བྱུང་རིམ་ཀྱ་ཀྱུའི་གསེབ་ནས་མཚོན་རྒྱུར་མཁས། ལྷག་ཏུ་ཡང་དབང་ཤེས་ཀྱི་རྒྱལ་ཁམས་ལྟ་བུས་མིའི་སྒོ་ལྔའི་ཤེས་པར་ཚ་ཙག་སློང་བ་དང་མཉམ་དུ་འཁྲབ་ཁྲིད་པས་བརྩེ་དུང་དང་ཆགས་སྲེད། འཆི་བ་སོགས་ལ་འགྲེལ་གསར་པ་ཞིག་བསྐྱོན་འདུག་པ་ཡང་ཞར་གྱིས་ཤེས་ཡོང་། གང་ལྟར་ཀྱང་ཁོའི་གློག་བརྙན་གྱི་པར་མིག་ནང་གི་དམར་རྗེན་རྗེན་གྱི་ཆགས་སྲེད་དག་གི་རྒྱབ་ལོགས་ན་བསམ་གཞིག་ཅིག་བཞག་ཡོད་པ་དེས། ཧྥ་རན་སི་ནས་འཕྲིན་ལས་དབྱར་མཚོ་ལྟར་རྒྱས་མྱོང་བའི་སྐྱེས་བུ་འདིའི་ཐབས་དང་ཤེས་རབ་རྟོགས་ཡོང་། ངས་བལྟས་པའི་ཁོའི་གློག་བརྙན་ལ་དབང་ཤེས་ཀྱི་རྒྱལ་ཁམས་(Ai no korîda) དང་སྡོམ་པ།(Gohatto) རྒོད་བག་གི་རྒྱལ་ཁམས།(Ai no bôrei) གཞོན་ནུའི་ཡ་ང་བའི་གཏམ་རྒྱུད(Seishun zankoku monogatari) བཅས་ཡོད། བོད་དུ་ཡང་འདིའི་རིགས་གལ་ཆེན་པོར་མཐོང་ལ། གློག་བརྙན་བརྙན་འཕྲིན་ནང་ལྟར་རྒྱ་ཁྱབ་ངང་དར་དགོས་ཚེ་ཆགས་སྲེད་དང་གདུག་སྤྱོད་ལ་སོགས་པའི་བརྗོད་གཞི་འདིའི་སྐོར་གང་འཚམ་སྒོས་བསྲེས་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ཏུ་བསམ། རེད་དེ་སྐབས་ཀྱི་གླེང་བྱ་མིན་པས་གཞན་དུ་སྤྲོ་བར་བྱ།

       ཉིན་ཞིག པེ་ཅིན་གློག་བརྙན་སློབ་གླིང་གི་འོད་སྡེར་བཙོང་ས་ཞིག་ནས་ཐོ་ཞིག་མཐོང་བར་ཉི་ཧོང་གི་འཁྲབ་ཁྲིད་པས་མང་ཤོས་ཟིན་ཡོད་པ་དེས་ང་ལ་མཚར་སྣང་ཏོག་ཙམ་བྱིན། སྡེབ་མ་ཁ་ཤས་ཉོས་ནས་ལྟ་བར་བརྩམས། སྐབས་ཐོག་དེ་ནས་དོ་སྣང་བྱ་ཡུལ་ཡང་བྱུང་རིམ་དང་བསྟན་དོན་ཙམ་མ་ཡིན་པར་པར་མིག་གི་ཇུས་འགོད་དང་བརྙན་ལེན་ཟུར་ཚད། འོད་དང་ཁ་དོག སྒྲ་དང་རོལ་མོ་སོགས་ལྟ་བྱ་དང་མཉན་བྱར་གྱུར་བ་དག་གིས་ཇི་ལྟ་བུའི་སྒོ་ནས་བརྡ་སྤྲོད་ཀྱིན་པའི་ཐད་ནས་གང་ཐུབ་ཀྱིས་མཉམ་བཞག  དེ་ལས་བདག་ལ་མྱོང་བ་རབ་རིབ་ཅིག་ཐོབ་པ་ནི་ཉི་ཧོང་གློག་བརྙན་གྱི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་ཐུན་མིན་གྱི་གློག་བརྙན་གཤིས་ལུགས་དཔྱིས་ཕྱིན་པར་གོ་དགོས་ན་ཉི་ཧོང་གི་སྲིད་འབྱོར་རིག་གསུམ་དང་བཅས་པའི་རྒྱབ་ལྗོངས་དག་མ་རྟོགས་ཐུ་མེད་དུ་ཆགས་པ་དེ་རེད། དེས་རྒྱལ་ཁབ་འདི་གས་དཔལ་དང་འབྱོར་བའི་འཕེལ་རྒྱས་ཀྱི་གོམ་འགྲོས་ཐོག་མ་ཉི་ཧོང་རང་གི་གཞི་སར་དམ་དུ་སྤོས་པ་ནས་མགོ་བརྩམས་པ་བག་ཙམ་རྟོགས་ཡོང་ལ། གློག་བརྙན་དང་རྩོམ་རིག  ཚན་རིག་དང་མི་གཤིས་གང་ཐད་ནས་འཛམ་གླིང་གི་མདུན་གྲལ་དུ་ཡོད་པ་འདིས་ཁོ་ཚོས་ལེགས་སྤེལ་ཉེས་སྨད་ཀྱི་ཐད་ནས་ཤེས་རིག་བསྐྱར་ཞིབ་ཀྱི་ལམ་བུ་ཇི་འདྲའི་རིང་ལ་ཇི་འདྲའི་དག་པ་ཞིག་བརྒྱུད་མྱོང་བ་རེད་ཨང་། གང་ལྟར། ངས་ནི་དེ་དུས་ནས་རི་པིན་གྱི་ཚབ་ཏུ་ཉི་ཧོང་ཞེས་པའི་མིང་སྙན་ཆ་ཅན་ཞིག་གིས་འབོད་མགོ་བརྩམས།

       ༡༩༩༨ལོར་ཁུ་རོ་ས་བ་སྐུ་གྲོངས་རྗེས། ཉི་ཧོང་ནང་ཁུལ་གྱི་བཤད་རྒྱུན་དུ། ༡༩༩༨ལོའི་ཡར་སྔོན་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཉི་ཧོང་བག་ཆགས་ནི་ཧྥུ་ཅི་ཟན་དང་ཀེ་ཞ(མགྲོན་པོས་བཟའ་བཏུང་ལ་རོལ་བའི་སྐབས་རོལ་ཆ་དཀྲོལ་བ་དང་ཞབས་བྲོ་འཁྲབ་པ་སོགས་ཀྱིས་སྣེ་ལེན་པའི་ལས་རིགས་ཤིག་སྟེ་རྒྱ་སྐད་དུ艺妓ཟེར།)སེའུ་སྡོང་གསུམ་ཡིན་ལ། ༡༩༩༨ལོའི་རྗེས་ནས། ཁུ་རོ་ས་བ་དང་ཟའོ་ཉིས། ཧོན་ཏ(Honda)གསུམ་ཡིན་པར་བཤད། འདིས་ཁུ་རོ་ས་བའི་གློག་བརྙན་གྱི་རྒྱལ་སྤྱིའི་རང་བཞིན་ཞིག་ཞོར་དུ་བསྟན་འདུག་སྙམ། དེ་ཡང་བདེན་པ་དང་བདག་འཛིན། འདོད་ཆགས་དང་མི་རྟག་པ། སྡུག་བསྔལ་དང་ཞེ་སྡང་སོགས་ཉོན་མོངས་ཀྱི་ཆ་ལག་སོ་སོ་གོ་བསྐོན་གྱི་བྱུང་བ་དང་བཅས་རྒྱ་ཤུག་གི་ཚེར་མ་ནང་བཞིན་ཁོའི་གློག་བརྙན་གྱི་ཧྲག་བར་དུ་འཐིམས་ཡོད་པས་ཡིན།  འདིས་ཏན་ཏན་ཟབ་བརླིང་ཡངས་གསུམ་གྱི་ཡོན་ཏན་ཞིག་མཚོན་བཞིན་པས། ཁོའི་གློག་བརྙན་དག་ལ་ལྟ་ཐེངས་རེར་ལྐུགས་པས་སུར་པན་ཟས་པ་ནང་བཞིན་གྱི་ཚོར་བ་ཞིག་རྒྱུན་མར་སྐྱེས་ཡོང་། 

        རཱ་ཞོ་མོན་ལྟ་བུས་སྲོག་གཅོད་མ་བྱིན་ལེན་པ་དང་།། རྫུན་དང་ཕྲ་མ་ཚིག་རྩུབ་དང་།། འདོད་ལོག་སྤྱོད་དང་ངག་ཀྱལ་དང་།། བརྣབ་སེམས་གནོད་སེམས་ལོག་ལྟ་བཅས་མི་དགེ་བ་བཅུ་བོ་གྱོད་དོན་ཞིག་གིས་ཆུ་ལ་ཆུ་བཞག་གིས་བརྗོད་ཡོད། དེ་ལས་ཀྱང་བསམ་རིན་ཡོད་པ་ནི་གློག་བརྙན་གང་དེའི་སྤྲོས་བརྗོད་ཀྱི་སྒྱུ་རྩལ་སྟེ། སྐུད་སྣེ་གཅིག་ལྟར་གྱི་བྱུང་རིམ་ལས་བརྒལ་ཡོད་པ་དེས་གློག་བརྙན་རང་གི་སྐད་ཆ་སྨིན་པ་དང་སྒྱུ་རྩལ་གྱི་ཉམས་ཡོད་པར་བྱས་པས། གང་དེ་གློག་བརྙན་གྱི་དོན་བརྗོད་རིག་པའི་ཚན་འབྱེད་རྡོ་རིང་ལྟ་བུར་བལྟས་ཀྱང་འགབ། འཆོལ་ལྟ་བུས་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་བདག་འཛིན་གྱི་བློ་ཞེས་པ་གང་འདྲ་ཡིན་མིན་ང་ཚོར་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་ལྟར་སྟོན་པར་བྱེད། འདི་ག་ཉི་ཧོང་བའི་གློག་བརྙན་ནང་གི་འགྲོ་སོང་བཏང་བ་ཆེས་མང་བའི་སྐོར་ཡིན་པར་བཤད་ལ། གློག་བརྙན་རང་སྟེང་ནས་ཀྱང་བལྟས་པས་མིག་ལ་མཛེས་པ་དང་བསམ་པས་ཡིད་ལ་འབབ་པ་ཞིག་ཏུ་གྱུར་ཡོང་། གཏམ་རྒྱུད་ཀྱི་མཇུག་ཏུ་བུ་ཐ་ཆུང་དང་རྒྱལ་བོ་གཉིས་འཕྲོ་རིམ་འཕྲོར་གྲོངས་པ་ལ་ཁྱེའུ་ཨ་མེས་ངུ་ཤུམ་དང་བཅས་གནམ་རྒན་མར་ལེ་འདེད་བཞིན་པའི་སྐབས། ལོགས་ཀྱི་དམག་དཔོན་དེས

      “ ལྷ་ལ་ལེ་བདའ་མ་བྱེད།  ལྷ་ཡང་ངུ་བཞིན་འདུག

        ངན་པ་དགུ་འཛོམས་ཀྱི་མིའི་ནང་དམེ་འདི་ལྟ་བུར། ལྷ་ལ་ཡང་སྐྱོབ་ཐབས་མེད་སོང་བ་རེད།

        མ་ངུ། མི་ཡུལ་ནི་མ་གཞི་འདི་འདྲ་ཞིག  

        བདེ་སྐྱིད་མི་འཚོལ་བར་གདུང་བ་འཚོལ། ལྷིང་འཇགས་མི་འཚོལ་བར་སྡུག་བསྔལ་འཚོལ། ” 

ཞེས་པའི་ཚིག་འདིས་སྟོན་རླུང་ཞིང་ཁར་གཡུགས་པ་བཞིན་ལྟ་མཁན་གྱི་སེམས་པ་བསྐྱོམས་པར་བྱེད་ལ། གློག་བརྙན་གྱི་མཇུག་ཏུ་བུད་མེད་ཅིག་བྲག་སྣར་འགྲེང་བའི་པར་མིག་གིས་རྫོགས་ཚིག་བཀོད་པ་དེས་འདུས་བྱས་ཐམས་ཅད་མི་རྟག་པ་དང་གཟུགས་ཐམས་ཅད་སྟོང་བར་འདོད་པའི་བསམ་བློ་ཞིག་ཀྱང་མཚོན་གྱིན་ཨེ་ཡོད་དམ་སྙམ། གང་ལྟར། གློག་བརྙན་འདིའི་ཡག་སྣང་ལ་ཚོད་ཅིག་མི་འདུག  

1504867745137215.jpg

       འདི་དང་ཁཱ་གྷེ་མུའུ་ཤྲཱ། (Kagemusha) རྨི་ལམ་ལྟ་བུར་ཁ་དོག་དང་འོད་ཀྱི་ངོས་ནས་ཀྱང་དད་དོད་ཆེར་མཛད་དེ་པར་མིག་རེ་རེ་སྣུམ་ཚོན་རི་མོ་བཀྲག་པོ་ལྟ་བུར་བཏང་འདུག་ཅིང་ལྟ་མཁན་གྱི་མིག་དབང་རང་དགར་སྐྱིད་ལ་བསྐུར་འགྲོ  གོང་གི་བརྗོད་གཞི་འདི་དག་ལས་གཞན། བུད་མེད་ཀྱི་སྐོར་ཡང་ཁོའི་གློག་བརྙན་ནང་སླེབས་གྲངས་མང་བའི་ཚོད་དུ་འདུག འདིའི་སྐོར་ནས་རཱ་ཞོ་མོན་དང་སྡོམ་མཁར། འཆོལ་སོགས་དཔེ་མཚོན་དུ་བཞག་ཆོག དེ་དག་ཏུ་བུད་མེད་ཀྱིས་གྱོད་དང་འདོད་ཆགས་ཀྱི་སྣ་དྲངས་པས་རྒྱལ་ཕུང་ཁྱིམ་སྟོང་དུ་གྱུར་ཞིང་། ཞེ་འཁོན་དང་ཆགས་སྡང་གི་མུ་རིང་མོ་ཞིག་འཐེན་པ་སོགས་བརྗོད་འདུག  འདིས་སྲོང་བཙན་སྒམ་པོའི་སྐབས་གཏན་ལ་ཕབ་པའི་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་པའི་ཁྲིམས་སྲོལ་ནང་གི་ཁ་ཉན་བྱ་ཁྱོན་ནས་མིན་པའི་བུད་མེད་རིགས་ཀྱི་སྣང་བརྙན་གསལ་ཡོང་། འདིས་ང་ལ་ཁུ་རོ་ས་བ་དང་བུད་མེད་ཀྱི་བར་དུ་དོན་དག་ཅི་འདྲ་ཡོད་མིན་ཤེས་འདོད་ཀྱིས་ཁོ་རང་གི་བྱུང་བ་བརྗོད་པའི་མཛེ་སྦལ་གྱི་སྣུམ་ཞེས་པའི་དེབ་ལ་བལྟས་ན་ཡང་རྒྱུ་མཚན་རྡོག་རྡོག་ཅིག་རྙེད་མ་བྱུང་། དེའི་རྒྱུ་མཚན་ཡང་སྙིང་ཅི་ཡིན་ནམ། དེབ་དེར་ད་རུང་གལ་ཏེ་ངའི་མི་ཚེའི་ནང་ནས་གློག་བརྙན་གྱི་ཆ་འཕྲི་ཚེ། ངའི་མི་ཚེ་ནི་ཀླད་གོར་དང་མཚུངས་ཞེས་པའི་སྐད་ཆ་ཞིག་ཀྱང་འདུག  འདིས་ཁོ་རང་གློག་བརྙན་སྒྱུ་རྩལ་འདིར་དུངས་བ་ཅི་ཙམ་ཆེ་བ་ཡང་མཚོན། དེ་བཞིན་དུ་གློག་བརྙན་ཁྲིད་པའི་སྐབས་ཆ་རྐྱེན་མཐོ་བ་དང་གཟབ་ནན་ཐལ་ཆེ་བ་སོགས་སུ་བཤད་ཅིང་།  དེ་ག་རྐྱེན་བྱས་འཁྲབ་སྟོན་པ་གྲགས་ཅན་མཱེ་ཧྥུ་ནེ་ཏོ་ཞི་རོ(TOSHIRO MIFUNE)ལྟ་བུས་ཁོའི་གཅིག་གཅོད་ཀྱི་བསམ་སྤྱོད་སོགས་མ་བཟོད་པར་ཁ་སྤུ་དམར་པོའི་(Akahige)རྗེས་ནས་ཁོ་དང་མཉམ་ལས་ཀྱི་མཚམས་བཞག་པ་ལྟ་བུའོ།། 

        ཁུ་རོ་ས་བས་ཁྲིད་པའི་གློག་བརྙན་དག་གི་ཁྲོད་དུ་ཡང་སྤྱིར་བཏང་བ་ནི་ཡོད་དུ་སྲིད་ཀྱང་། ཉོན་མོངས་དག་སྦུད་དེ་ང་ཚོ་གནས་སའི་འཇིག་རྟེན་འདི་ལ་ཚ་འདྲི་སྒོས་ལྟ་མཁན་ལ་འཇིགས་ཡེར་གྱི་ཚོར་བ་སྟེར་བ་དང་མཉམ་དུ་བསམ་གཞིག་སློང་བ་དེ་སྤྱིའི་གཤིས་ལུགས་ཤིག་ཏུ་འདོད། གཞན་ཡང་ཁུ་རོ་ས་བ་ཉིད་མཐའ་གཅིག་ཏུ་སྐྱོ་སྣང་རིང་ལུགས་པ་ཞིག་ཀྱང་མིན་ཏེ། རཱ་ཞོ་མོན་གྱི་མཇུག་གི་ཚན་པ་དང་། ས་མུ་ར་ཡེ་བདུན། རྨི་ལམ། རྒྱུག་ཤན་པ། (Yōjimbō)  སོགས་ཀྱིས། མིའི་རིགས་དུག་གསུམ་གྱི་གཤིན་ཐང་ནས་བདེ་སྐྱིད་ཀྱི་ལམ་དུ་འགྲོ་སའི་སྐས་ལམ་ཡང་ཡོད་པར་བརྗོད། མདོར་ན། ཁུ་རོ་ས་བའི་གློག་བརྙན་ལ་བལྟས་ན་ལམ་རིམ་ཆེན་མོར་ཐེངས་གཅིག་མཇལ་བ་ལས་ཀྱང་འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་པ།། ཞེས་པར་གོ་བ་ཟབ་མོ་ཞིག་ལེན་ཐུབ་པར་འདོད་དོ།།


  • གསལ་བཤད། རྩོམ་འདི་ཤར་ཕྱོགས་གསེར་ཉ་ཞེས་པའི་དེབ་གསུམ་པར་འཆི་མེད(星泉)ནས་ཉི་ཧོང་སྐད་དུ་བསྒྱུར་ཏེ་བཀོད་ཡོད།

དཔྱད་མཆན་ཡོད།