པདྨ་ཚེ་བརྟན་གྱིས་གློག་བརྙན་སྐོར་གྱི་དྲི་བ་འགར་བཏབ་པའི་ལན།


(1)

       ང་རང་གློག་བརྙན་ལས་རིགས་སྟེང་དུ་མ་ཞུགས་པའི་ཡར་སྔོན་དུ།  མི་རིགས་གཞན་གྱིས་བཟོས་པའི་བོད་དང་འབྲེལ་བའི་གློག་བརྙན་རེ་ཟུང་ཡོད་ནའང་དེ་དག་གིས་ངའི་སེམས་སུ་ཡིད་ཚིམ་པ་ཞིག་འབྱུང་གིན་མི་འདུག  རྒྱུ་མཚན་བོད་ཀྱི་རིག་གནས་དང་།  དགོས་སུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་དང་འགལ་བ་མང་པོ་ཞིག་འབྱུང་གིན་འདུག  དེ་བས་ནམ་རྒྱུན་སེམས་ལ་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་པའི་བོད་མི་རང་གི་མི་ཞིག་གིས་བོད་ཀྱི་གློག་བརྙན་ཞིག་བཟོ་ཐུབ་ན་གལ་ཆེ་ཨང་སྙམ་བཞིན་བསྡད་པ་ཡིན་མོད།  རིམ་གྱིས་ང་རང་གློག་བརྙན་ལས་རིགས་སྟེང་དུ་འགོས་པ་ཡིན།  

(2)

ད་ལྟའི་བོད་ཀྱི་གློག་བརྙན་གནས་སྟངས་ཀྱི་ཆ་ནས་ད་སྐབས་འཛམ་གླིང་གི་གློག་བརྙན་ཚད་ལྡན་གྱི་དུས་ཆེན་ཁག་ལ་ཚུད་ཀྱིན་ཡོད་པ་དེ།  བོད་ཀྱི་གློག་བརྙན་གནས་སྟངས་དེ་ཡར་རྒྱས་འགྲོ་བཞིན་པའི་དཔེ་མཚོན་ཡག་པོ་ཞིག་རེད།

(3)

    ད་སྐབས་བོད་མི་མང་དག་ཅིག་ལ་ཡུལ་དངོས་གང་རུང་ཞིག་བརྙན་དུ་འབེབས་པ་ཙམ་གྱིས་གློག་བརྙན་ཞེས་མིང་སྦྱར་གྱིན་འདུག་མོད།  དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།

(4)

       ང་རང་གང་སར་བསྐྱོད་སྐབས་བོད་རིགས་དང་རྒྱ་རིགས། ཕྱི་རྒྱལ་པ་མང་པོས་དྲི་བ་ཞིག་ཡོང་གིན་ཡོད་པ་ནི།  ཁྱེད་ཀྱིས་ནམ་རྒྱུན་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་རྐྱང་པ་བཟོ་བཞིན་འདུག་ན།  ཁྱེད་ཀྱི་གློག་བརྙན་དག་གི་ཁ་གཏོད་ས་གང་ཡིན།  བོད་ཡིན་ནམ།  ཕྱི་རྒྱལ་པ་ཡིན།  ཡང་ན་ཅི་ཞིག་ཡིན་ཅེས་འདྲི་ཡི་འདུག  འོན་ཀྱང་། ངས་གློག་བརྙན་དག་གི་ཁ་གཏོད་ས་འདི་ཡིན་ཞེས་གཏན་ཁེལ་ཞིག་མེད་པར།  གཙོ་བོ་གློག་བརྙན་སྒྱུ་རྩལ་གྱི་ཁོང་ནས་ཕབ་སྐྲུན་བྱེད་ཀྱིན་ཡོད་ཅེས་ལན་བཏབ་པ་ཡིན།

(5)

      གློག་བརྙན་གང་དེ་གློག་བརྙན་དུས་ཆེན་ཁག་ལ་ཞུགས་ཏེ་བྱ་དགའི་རིམ་པ་ཞིག་རེག་པའི་ཆེད་དུ་ཡིན་སྣང་ཤར་མཁན་གྱི་བོད་མི་མང་པོ་ཞིག་འབྱུང་གིན་འདུག་མོད།  འོན་ཀྱང་།  གློག་བརྙན་དུས་ཆེན་ཚད་ལྡན་ཞིག་ལ་ཞུགས་ཐུབ་ཚེ།  དེ་ནི་གློག་བརྙན་དཔྱད་བརྗོད་པ་ཚད་ལྡན་དག་གིས་སྒྱུ་རྩལ་གྱི་ཆ་དང་། མཚོན་དོན་གྱི་ཆ་སོགས་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་བྱ་དགའ་དེ་སྤྲད་ཀྱིན་ཡོད་ཙང་།  དེ་ནི་གློག་བརྙན་ལས་རིགས་པ་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་རེད།

(6)

    སྒྲུང་གཏམ་འབྲི་ཤེས་པ་ཙམ་གྱིས་གློག་བརྙན་ཕབ་སྐྲུན་བྱེད་ཐུབ་པར་འདོད་མཁན་མང་པོ་ཞིག་ཡོད་ས་རེད་དེ།  དེ་གཉིས་ནི་གཞི་ནས་ཁ་ཁ་སོ་སོ་རེད།  གློག་བརྙན་ནི་ངེས་པར་དུ་ཆེད་ལས་རང་བཞིན་གྱིས་བཟོ་དགོས་པ་ཞིག་རེད། དེ་ལྟར་མིན་ཚེ་ཁྱོད་ཀྱིས་གློག་བརྙན་གྱི་བརྡ་ཡག་པོ་ཞིག་འཕྲོད་དགོས་ཟེར་ན་ཧ་མ་མི་སྲིད་པ་ཞིག་རེད།  གལ་ཏེ་གློག་བརྙན་གྱི་ཆེད་ལས་སྦྱོང་མཁན་གྱི་མི་ཞིག་ཡིན་ཚེ་ད་གཟོད་དེ་གཉིས་ཀྱི་འགལ་འབྲེལ་གསལ་པོར་ཤེས་ངེས་རེད།

(7)

  ང་རང་གི་གློག་བརྙན་འདི་དག་བཟོས་ཕྱིན་ནས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལ་བསམ་བློ་གཞན་ཞིག་གི་དྲན་སྐུལ་བྱེད་ཐུབ་འདུག་འདོད་མོད།  འོན་ཀྱང་།  ཕྱོགས་གཞན་ཞིག་ནས་བོད་རིགས་གཞོན་སྐྱེས་གང་མང་ཞིག་ལོག་ལམ་དུའང་ཁྲིད་འགྲོ་ཡི་འདུག  རྒྱུ་མཚན།  ཁོང་ཚོ་སློབ་འབྲིང་དང་མཐོ་འབྲིང་སོགས་མཐར་ཕྱིན་ཁ་ནས་གློག་བརྙན་ཕྱོགས་ལ་འཇུག་རྒྱུ་ཡིན་ཟེར་ནས་རྔམ་གྱིན་འདུག  གློག་བརྙན་ཟེར་བ་ནི་བློ་ཁ་སྨིན་པ་དང་འཚོ་བའི་ཟབ་ཞུགས་ཀྱི་མྱོང་བ།  རིག་གནས་ཀྱི་རྒྱབ་ལྗོངས།  ལྷན་སྐྱེས་ཀྱི་ཁྱད་ཆོས་སོགས་མང་པོ་ཞིག་མ་འཛོམས་ཚེ་དེ་ལས་དཀའ་མོ་རེད།  དེ་བས་གལ་ཏེ་གློག་བརྙན་དོན་གཉེར་བྱེད་འདོད་མཁན་ཞིག་ཡིན་ཚེ་ངེས་པར་དུ་ཕྱོགས་མང་པོ་ཞིག་ནས་ཆ་རྐྱེན་འཛོམས་པོ་བྱེད་པ་དེ་ཧ་ཅང་གལ་ཆེན་པོ་རེད།  

དཔྱད་མཆན་ཡོད།