སེམས་ཀྱི་རི་རབ་བརྒལ་བའི་ཟིན་ཐོ་གཟུགས་ཅན་ཞིག


___ གློག་བརྙན་གངས་རིན་པོ་ཆེར་བལྟས་རྗེས།

     ན་ནིང་ངའི་གཉེན་ཉེ་ཞིག་ཨ་མདོ་རྔ་བ་ནས་རྐང་ཐང་ལ་ཉི་མ་ལྷ་སར་བུད་སོང་། ད་ལོར་ངེད་སྡེ་བའི་མི་སྐོར་ཞིག་གིས་རྐྱང་ཕྱག་འཚལ་ནས་ཉི་མ་ལྷ་སར་ཆས་སོང་། ནངས་མོ་དེར་ས་གཞི་ཁ་བས་གཡོགས་ཤིང་གནས་མཇལ་བ་དག་གིས་ཀྱང་ཁ་བའི་ལྭ་བ་གྱོན་ཏེ་རབ་དཀར་ཁ་བའི་ཁྲོད་ནས་རིམ་གྱིས་མི་མཐོང་བར་གྱུར། སྐབས་དེར་ངས་རབ་ཏུ་སྟུག་པའི་ཁ་བར་ཅེར་ནས་ཉི་ཧོང་གི་<བརྩེ་འཕྲིན>ཞེས་པའི་གློག་བརྙན་གྱི་ཐོག་མའི་བརྙན་མིག་ཁ་ཤས་ལ་ཕྱིར་དྲན་བྱེད་མྱོང་། མ་ཟད་གནས་མཇལ་བ་དག་ལམ་བར་ནས་འཕྲད་སྲིད་པའི་གནས་ཚུལ་བཟང་ངན་མང་བོ་ཞིག་སྔོན་དཔག་བྱས་མྱོང་ལ། བརྒྱུད་རིམ་དེའི་ཁྲོད་ཀྱི་མངར་ལ་སྐྱུར་བའི་འཚོ་བ་ལ་ཡང་འཆར་ཡན་སྣ་ཚོགས་བྱས་མྱོང་། འོན་ཀྱང་འཆར་ཡན་ནི་འཆར་ཡན་རང་རེད་དེ། དཔེར་ན་སྤལ་བས་ཁྲོན་པའི་ཕྱི་རོལ་གྱི་ནམ་མཁའ་ལ་རྗེས་དཔག་བྱས་པ་ལྟ་བུ། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཅང་མ་འགོར་བར་དུས་ཐོག་ཆར་བའི་ཚུལ་དུ་རྐྱང་ཕྱག་འཚལ་བའི་གནས་མཇལ་བ་སྐོར་ཞིག་གི་འཚོ་བ་དངོས་བརྗོད་བྱར་བཟུང་བའི་གློག་བརྙན་ཞིག་གཟིགས་སྐལ་དུ་སྨིན་ཞིང་གང་དེའི་འཚོ་བའི་སྣང་བརྙན་མཐའ་དག་གསལ་ལེ་རྗེན་ནེར་མིག་གི་ལྟད་མོར་ཐོབ་བྱུང་། དེ་ནི་རྒྱ་ནག་གི་འཁྲབ་ཁྲིད་པ་ཀྲང་དབྱང་ལགས་ཀྱི་དངོས་བྲིས་གློག་བརྙན་༼གངས་རིན་པོ་ཆེ༽ཞེས་པ་དེ་རེད།

640.jpg

ཀྲང་དབྱང་ནི་རྒྱ་ནག་གི་འཁྲབ་ཁྲིད་པ་རབས་དྲུག་པའི་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་ནི་ད་ལྟའི་ཆར་བོད་འབྲེལ་གློག་བརྙན་གྱི་འཁྲབ་ཁྲིད་པ་གྲགས་འགུལ་ཆེ་ཤོས་ཤིག་རེད། དཔེར་ན་བཀྲ་ཤིས་ཟླ་བའི་སྒྲུང་གཏམ་༼བོད་ལྗོངས། རྒྱུན་བུའི་ཐག་པ་ལ་བརྒྱུས་པའི་རྣམ་ཤེས་༽ཞེས་པ་ཡང་གློག་བརྙན་དུ་བཅོས་ནས་ད་ལོར་བཟོས་གྲུབ་བྱུང་སྟེ་གློག་བརྙན་དུས་ཆེན་ཁག་ཅིག་ལ་ཡང་ཞུགས་ཤིང་གདེང་འཇོག་མི་དམན་པ་ཐོབ་ཡོད་པ་རེད། ན་ནིང་སྟོན་ཁ་ཞིག་ལ་པེ་ཅིང་དུ་ཀྲུང་གོའི་སྒྱུ་རྩལ་གློག་བརྙན་མནའ་འབྲེལ་གྱིས་གཙོ་སྒྲུབ་གནངས་བའི་བོད་བརྙན་གཟིགས་འབུལ་གྱི་བྱེད་སྒོ་ཞིག་དུ་ཁོང་གིས་འཁྲབ་ཁྲིད་གནངས་བའི་གློག་བརྙན་༼རྒྱུན་བུའི་སྟེང་གི་རྣམ་ཤེས་༽ཞེས་པར་ལྟ་བའི་གོ་སྐབས་རག་ཤིང་ཞོར་དུ་ཁོང་དང་དངོས་སུ་ཕྲད་པའི་གོ་སྐབས་ཀྱང་བྱུང་ལ། ཁོང་གི་བབ་ཆགས་པའི་ཕྱི་ཚུལ་དང་གནད་དུ་ཐིངས་བའི་སྐད་ཆ་ཁ་ཤས་ཀྱིས་ང་ལ་བག་ཆགས་མི་དམན་པ་ཐེབས་མྱོང་།

༼གངས་རིན་པོ་ཆེ༽ནི་༼རྒྱུན་བུའི་སྟེང་གི་རྣམ་ཤེས་༽དང་མཉམ་དུ་འཁྲབ་ཁྲིད་གནངས་བའི་གློག་བརྙན་ཞིག་རེད། གློག་བརྙན་དེ་ནི་དངོས་བཤུས་གློག་བརྙན་གྱི་རྣམ་པ་ལྟར་བཟོས་ཤིང་གཏམ་རྒྱུད་ཀྱང་ཆ་ཚང་ཡོད་པའི་གློག་བརྙན་ཁྱད་པར་བ་ཞིག་རེད། དེ་ནི་སྨར་ཁམས་ཀྱི་གནས་མཇལ་བ་སྐོར་ཞིག་གིས་རྐྱང་ཕྱག་འཚལ་ནས་གངས་རིན་པོ་ཆེར་གནས་མཇལ་དུ་ཕྱིན་པའི་གཏམ་རྒྱུད་ཅིག་བརྗོད་གཞིར་བཟུང་ནས་བརྒྱུད་རིམ་དེའི་ཁྲོད་ཀྱི་མངར་ལ་སྐྱུར་བའི་འཚོ་བ་གསལ་ལེར་ང་ཚོའི་མཐོང་ལམ་དུ་བསྟར་ཡོད། དེ་རུ་སྐྱེ་བ་དང་འཆི་བ། སྡུག་སྒྲུབ་དང་ཉེས་བཤགས། དངོས་ཡོད་དང་དངོས་ཡོད་ལས་འདས་པ་སོགས་ང་ཚོའི་འཚོ་བའི་ཁྲོད་ཀྱི་དོགས་གནད་མང་བོ་ཞིག་ཧ་ཅང་རང་དབང་གི་རྣམ་པས་ང་ཚོའི་མིག་སྔར་བཤམས་འདུག ངས་ནི་དད་པས་སྟོབས་ཀྱིས་བཏེགས་པའི་རྣམ་ཤེས་སྐོར་ཞིག་སྨྲ་བསམ་བརྗོད་འདས་ཀྱི་དམིགས་ཡུལ་ཞིག་ཏུ་ཡིད་ཆེས་བརྟན་པོས་བགྲོད་ཀྱིན་མཐོང་ཞིང་ཚོར་བྱུང་། 

54.jpg
སྔོན་ཆད་ཇོ་མོ་གླང་མའི་རི་འཛེགས་པ་ཞིག་ལ་མི་ཞིག་གིས་ཁྱོད་ཅིའི་ཕྱིར་སྲོག་དང་བསྡོས་ནས་རི་ལ་འཛེགས་པ་ཡིན་ཞེས་དྲིས་པ་ན། རི་འཛེགས་པས་རྒྱུ་མཚན་ནི་རི་བོ་དེ་དེར་གནས་པས་ཡིན་ཞེས་ལན་བཏབས། འཆར་ཡན་དང་གསོན་ཤུགས་ཀྱིས་བརྟས་པའི་དྲིས་ལན་དེ་ནི་ཁོང་གི་ཚེ་སྲོག་མར་མེ་བཞིན་མ་གཟིམས་པའི་ཡར་སྔོན་དག་དག་ཡིན་པ་རེད། དེ་བཞིན་ངས་ཀྱང་གནས་མཇལ་དེ་དག་གངས་རིན་པོ་ཆེར་མཇལ་སྐོར་དུ་འགྲོ་བ་ནི་གནས་དེ་ལྷ་ཆེན་ཚངས་བ་ཏིང་འཛིན་ལ་སྒོམ་པའི་གནས་ཡིན་པས་མིན་ལ། བོན་ཆོས་ཀྱི་བླ་གནས་ཡིན་པས་མིན་པ་མ་ཟད། མི་ལ་རས་བའི་སྒོམ་གནས་ཡིན་པས་ཀྱང་མིན་པར། དེ་ནི་ང་ཚོའི་རྣམ་ཤེས་ལ་བྱབས་ཁྲུས་གནངས་བའི་དག་ཞིང་ཞིག་དང་། སྡུག་སྒྲུབ་མཐའ་དག་ཉེ་བར་སེལ་བའི་གནས་མཆོག་ཞིག མ་ཟད་ཚེ་སྲོག་ལ་གསོན་ཤུགས་སྩོལ་ཞིང་འཚོ་བ་ལ་འོད་སྣང་སྦྱིན་པའི་དངོས་ཡོད་ལས་འདས་པའི་བདེ་བའི་ཞིང་ཞིག་ཡིན་ཞེས་ན་ཧ་ཅང་འཚམ་པར་འདོད་སོང་། ཁོང་ཚོ་ལ་ལ་ནི་སྒེར་ཀྱི་ཉེས་བ་བཤགས་པའི་སླད་དང་ལ་ལ་ནི་ཁྱིམ་མི་རྣམས་ཀྱི་ཆེད། ལ་ལ་ནི་རང་གི་ཕྱི་མའི་འཕྲེང་ལམ་འགྲིམས་པའི་ཉེར་བསྡོགས་ཙམ་ཀྱི་ཕྱིར་སོགས་དམིགས་ཡུལ་དང་གཏད་སོ་མ་འདྲ་ཡང་མཉམ་དུ་སྒྲོལ་མ་འདོན་ཞིང་གཟུགས་བཞི་ཐང་མར་བརྡལ་ནས་གོམ་པ་རེ་རེ་བཞིན་གངས་རིན་པོ་ཆེར་གཏད་ནས་འགྲོ་བ་ནི་ཧ་ཅང་གོ་བར་དཀའ་ཞིང་རྟོག་བྲིད་ཆེ་བའི་མཉམ་སྒྲོག་རོལ་མོ་ཞིག་ལ་ཉན་པ་དང་མཚུངས།

43.jpg

འཁྲབ་ཁྲིད་པས་དལ་ཅག་གེར་བརྙན་ལེན་འཕྲུལ་ཆས་ཕག་ནས་ཁོང་ཚོའི་འགྲོ་འདུག་ཉལ་འཆག་ལ་ཅེར་ནས་ཡོད་ལ། ཁོང་ཚོ་ནི་ཧ་ཅང་རང་བྱུང་གིས་གནས་མཇལ་བའི་འཚོ་བ་རོལ་ནས་ཡོད། དེ་རུ་རྒ་ནས་འཆི་བ་ཡོད་ལ། དད་པའི་ཕང་བ་རུ་ལུས་ཕུང་རང་སོར་ཞིག་ཞིང་། འཆི་མཁན་གྱི་རྣམ་ཤེས་ནི་གནས་མཇལ་ལམ་གྱི་གནས་མཇལ་བ་དག་གི་ཁ་འདོན་དང་བསྔོ་སྨོན་ཁྲོད་ནས་བདེ་བར་གཟིམས་ཤིང་། དེ་རུ་གསར་དུ་སྐྱེ་བ་ཡང་ཡོད་ཅིང་། གསར་དུ་འབུས་ཤིང་དྲི་མས་མ་གོས་པའི་པའི་ཚེ་སྲོག་ཞིག་ཧ་ཅང་གི་ལས་བསྐོས་ལྟར་འཁང་ར་དང་ཚིག་མཚོན་གང་ཡང་མེད་པའི་ལམ་བར་ཞིག་ནས་ཆགས་སྡང་དང་ཟོལ་ཟོག་གང་ཡང་མེད་པའི་དག་ཞིང་ཞིག་ལ་འབྱོར་ཞིང་།  ཁོང་ཚོས་ས་ལེ་བར་སྟོང་གཉིས་ལུས་པོས་འཇལ་ནས་འདི་དང་ཕྱི་མའི་བར་ཐག་ཧ་ཅང་ཉེ་ས་ཞིག་ལ་འབྱོར་ཞིང་། ཁོ་ཚོ་ཁ་བ་འབབ་པའི་དུས་ཚིགས་ཤིག་ཏུ་ལམ་ལ་ཆས་ནས་སླར་ཡང་ཁ་བ་འབབ་པའི་དུས་ཚིགས་ཤིག་ལ་ཕྱིར་ལོག། འདི་ལྟར་ཁོ་ཚོས་འཁོར་བའི་བརྒྱུད་རིམ་ཧྲིལ་བོ་ཞིག་སེམས་ཀྱིས་མྱངས་ཤིང་། སྐྱེ་འཆིའི་ངེས་ལུགས་ཟབ་མོ་ཞིག་མིག་གིས་མཐོང་ནས་ལུས་པོ་རང་ཡུལ་དུ་ལོག་ཅིང་ནང་སེམས་རྒྱང་རིང་ལ་ཆས་སོང་།

འདི་ནི་བོད་ཀྱི་འཚོ་བ་དངོས་མཚོན་པའི་གློག་བརྙན་ཞིག་རེད། དད་པའི་གཏིང་བསྟན་པའི་གློག་བརྙན་ཞིག་རེད། དངོས་ཡོད་དང་དངོས་ཡོད་ལས་འདས་པ་སོགས་སྣང་རྟོག་དབྱེར་མེད་ཀྱི་ཁམས་ལ་འདྲེན་པའི་གློག་བརྙན་ཞིག་རེད།།

དཔྱད་མཆན་ཡོད།