ལྷ་མོ་ཚེ་བརྟན་ནས་པད་མ་ཚེ་བརྟན་ལ་བཅར་འདྲི་བྱས་པ་ཞིག (མུ་འགོད)

བཅར་འདྲི་བྱ་ཡུལ། 

པད་མ་ཚེ་བརྟན།  (འཁྲབ་ཁྲིད་པ། འཁྲབ་གཞུང་པ། རྩོམ་པ་པོ།)

བཅར་འདྲི་བྱེད་མཁན།   

ལྷ་མོ་ཚེ་བརྟན།   (ད་ལྟ་ཀན་སུའུ་དགེ་འོས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་གིན་ཡོད།)


ས་གནས།   ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཉེ་འགྲམ་དུ་ཡོད་པའི་ཁཱོ་ཧྥེ་འཐུང་ས་ཞིག

དུས་ཚོད།   2014.12.08  15:00-17:00


དྲི་བ།  ཁྱེད་རང་ཆུང་དུས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ཐུང་ངུ་ཞིག་བཤད་པར་མཁྱེན།

ལན།  ང་རང་ཆུང་དུས་ཨ་མྱེས་ཀྱི་རྩིབ་ནས་ལག་ཆགས་པ་ཡིན། ཨ་མྱེས་ཀྱིས་ང་རང་ཁོའི་ཨ་ཞང་གི་རྣམ་ཤེས་རེད་ཟེར་ནས་ཁོའི་རྩིབ་ལ་བླངས་བ་རེད། དེ་བས་ང་རང་ཆུང་དུས་ནས་ཨ་མྱེས་ཀྱིས་བསྐྱངས་པ་རེད། རྒྱུ་མཚན་དེ་རེད། ཨ་མྱེས་ནི་ངའི་ཨ་མའི་ཨ་ཕ་རེད། དེ་བས་ང་རང་ཁོའི་གམ་ནས་ནར་སོན་ལ། ང་རང་སློབ་གྲྭར་འགྲོ་བ་སོགས་ཚང་མ་ཨ་མྱེས་ཀྱིས་བསྐྱལ་བ་ཡིན། དེ་བས་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་སོགས་ཁོང་གིས་སྐྲུན་པ་རེད། ང་ལ་ད་དུང་ནུ་བོ་ཞིག་དང་སྲང་མོ་ཞིག་ཡོད། ཁོང་གཉིས་ཕ་མ་གཉིས་ཀྱི་རྩིབ་ན་ཡོད། ཁོང་གཉིས་སློབ་གྲྭར་ཡང་སོང་མེད། ཡང་ལ་ལས་ངའི་ཕ་ཡུལ་ནི་འབྲོག་པའི་ས་ཆ་ཞིག་ཡིན་པར་བཤད་ཡོད། དེར་ནོར་འཁྲུལ་ཅུང་འདུག ངའི་ཕ་ཡུལ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན། རྨ་ཆུའི་ཁ་ན་ཆགས་ཡོད་པས་ཞིང་བཏབ་ན་ཆོག་ལ། ཉེ་འགྲམ་གྱི་རི་མགོར་ཕྱུགས་འཚོས་ན་ཆོག དེ་བས་འབྲོག་པ་རྐྱང་རྐྱང་མིན་ལ་རོང་བ་རྐྱང་རྐྱང་ཡང་མིན།

དྲི་བ།  ཁྱེད་རང་ཆུང་དུས་སུ་ཨ་མྱེས་ཀྱིས《མི་རོ་རྩེ་སྒྲུང》སོགས་གནའ་གཏམ་གྱི་སྐོར་བཤད་ཨེ་མྱོང་།

ལན། ཨ་མྱེས་ཀྱིས་གནའ་གཏམ་དེ་འདྲ་ཕལ་ཆེར་ཤེས་རྒྱུ་མ་རེད། ཨ་མྱེས་ནི་སྔགས་པ་ཞིག་ཡིན་པས་ཡིག་ངོ་ཆོད་ཐུབ། ང་ཚོའི་ཕ་ཡུལ་ནི་རྙིང་མའི་ས་ཆ་ཡིན། དེ་བས་འདོན་པའི་སྐོར་ཤེས། དེ་མིན་ཁོ་རང་ལག་ཤེས་པ་ཞིག་ཀྱང་རེད། བཟོ་བྱེད་རྒྱུ་དང་ཤིང་བཟོ་བྱེད་རྒྱུ་སོགས་ཀྱི་ཕྱོགས་ལ་སྔོན་ཐོན་ཞིག་རེད། བོད་ཡིག་གི་ཐད་ང་ལ་ཁ་ཏོན་སོགས་འདོན་དུ་བཅུག་པ་དང་། དེའི་ཕན་ཆད་ནས་ཆུང་དུས་སུ་འདོན་པའི་སྐོར་ཀྱི་དཔེ་ཆ་དཔར་མ་དེ་འདྲ་མེད་པས་སྐབས་དེར་རང་གིས་འབྲི་དགོས། ཤོག་བུ་ཡང་དེང་སང་གི་ཤོག་བུ་དང་མི་འདྲ་བར་དེ་ལ་བར་ཤོག་བཏིང་དགོས། གཙོ་བོ་ཁ་ཏོན་གྱི་སྐོར་དཀོན་པོ་དག་འབྲི་རུ་བཅུག དཔེར་ན《བཀའ་ཐང་བསྡུས་བ》སོགས་སྐབས་དེར་ཧ་ཅང་དཀོན་པོ་རེད། དེས་ཡིག་ངོ་ཆོད་པར་ཕན་ཆེན་པོ་བཏགས་ཡོད།

དྲི་བ།  ཁྱེད་རང་ནར་སོན་གོ་རིམ་ཁྲོད་ཀྱི་བྱ་བ་གང་དག་གིས་གློག་བརྙན་གྱི་ལམ་བུར་བགྲོད་པར་ཤུགས་རྐྱེན་ཐེབས་ཡོད།

ལན།  ཨ་མྱེས་ཀྱིས་ང་རང་ཧ་ཅང་གཅེས། སྐབས་དེར་སྡེ་བའི་ནང་གློག་བརྙན་ཅུང་ཙམ་མང་པོ་སྟོན་བཞིན་ཡོད་ལ། ཨ་མྱེས་ཀྱིས་ང་རང་གློག་བརྙན་སྟོན་སར་ཐེངས་མང་པོ་ཁྲིད་མྱོང་། ང་ལ་བག་ཆགས་ཟབ་མོ་ཞིག་ཡོད་པ་ནི་སྐབས་དེར་གློག་བརྙན་ལ་ལྟ་སྐབས་ཚང་མ་ཡར་ལངས་ཡོད་པས། ཨ་མྱེས་ཀྱིས་ང་རང་ཕྲག་ལ་ཁུར་ནས་གློག་བརྙན་ལ་བལྟས་པ་ཡིན། ངས་སྣང་བརྙན་དེ་བརྗེད་མི་སྲིད། ཡང་སྐབས་རེར་ལུག་རྫིར་འགྲོ་དུས་ཨ་མྱེས་ཀྱིས་མུ་འབྲེལ་རི་མོའི་དེབ་ཆུང(连环画)མང་པོ་ཉོས་ལ། ངས་རི་མོའི་འོག་ན་ཡི་གེ་ཡོད་པའི་དེབ་ཆུང་དེ་འདྲ་མང་པོར་ལུག་རྗེས་ནས་བལྟས་པ་ཡིན། སྐབས་དེར་གློག་བརྙན་ཉུང་ལ་རི་མོའི་སྐོར་གྱི་དཔེ་དེབ་དེ་འདྲ་མང་པོ་འདུག རྗེས་ནས་ངས་ཕྱིར་འདང་རྒྱག་དུས་དེས་ངས་གློག་བརྙན་ལས་རྒྱུར་བག་ཆགས་ཟབ་མོ་བཞག་ཡོད། རྒྱུ་མཚན་རི་མོ་དང་ཡི་གེ་སྦྲགས་ནས་ལྟ་དགོས་པས་ཡི་གེ་རྐྱང་རྐྱང་གི་སྒྲུང་གཏམ་ལ་བལྟས་པ་དང་ཁྱད་པར་ཆེན་པོ་འདུག ཆུང་དུས་བལྟས་པའི་གློག་བརྙན་དེ་དག་གིས་ཀྱང་བག་ཆགས་ཟབ་མོ་བཞག་ཡོད། ཆུང་དུས་བལྟས་པའི་གློག་བརྙན་མང་ཆེ་ཤོས་ཀྱི་བརྗོད་བྱ་གསར་བརྗེ་ཡིན་མོད། འོན་ཀྱང་གློག་བརྙན་རས་ཡོལ་ཆེན་པོའི་སྟེང་ནས་བལྟས་པ་ཡིན་པས་བག་ཆགས་དེ་དང་དེང་སང་གི་བརྙན་འཕྲིན་སྟེང་ནས་བལྟས་པ་གཉིས་ལ་ཧེ་བག་ཆེན་པོ་འདུག  སྐབས་དེར་གློག་བརྙན་གཅིག་ཡང་དང་བསྐྱར་དུ་ཐེངས་མང་པོར་སྟོན་ལ། ཕལ་ཆེར་ལོ་གཅིག་གི་ནང་གློག་བརྙན་སྣ་ཁ་གཅིག་ལ་ཐེངས་འགའ་ལ་བལྟས་མྱོང་ཡོད།

དེའི་ཕན་ཆད་ནས་ང་ཆུང་དུས་ཨ་མྱེས་ཀྱིས་ང་ལ་སྒྲ་སྡུད་འཕྲུལ་ཆས་ཤིག་ཉོས། ལུག་རྫི་སོགས་ལ་འགྲོ་དུས་ངས་དེར་ཉན་ནས་བསྡད་པ་ཡིན། སྐབས་དེར་མུ་འབྲེལ་རླུང་འཕྲིན་ཟློས་གར(《广播剧》)ཟེར་བ་འདི་ཉིན་རེ་རེར་གཏོང་གིན་འདུག དེ་དང་དེང་སང་གི་མུ་འབྲེལ་བརྙན་འཕྲིན་གཉིས་དང་ཧ་ཅང་འདྲ་པོ་འདུག དེར་གཟུགས་འཆར་རྒྱུ་མེད་མོད། འོན་ཀྱང་དེར་ཉན་ནས་བསྡད་ན་དེའི་གཟུགས་བརྙན་དང་ཚོར་བ་ལ་སོགས་པ་སྒྲ་དང་བསྟུན་ནས་སེམས་ལ་སྣང་བརྙན་ཞིག་རང་ཤུགས་ཀྱིས་ཤར་འོང་། རྗེས་ནས་ཕྱིར་འདབ་བརྒྱབ་ན་འདི་དག་གིས་གློག་བརྙན་ལས་པར་ཕན་ཆེན་པོ་ཐོག་ཡོད་པར་འདོད། གཞན་པའི་བཅར་འདྲི་བྱས་པའི་ནང་ནའང་ཡོད། ང་ཆུང་དུས་རྨ་ཆུའི་ཁ་ནས་ལག་ཆགས་པ་ཡིན་ལ། ས་དེ་ནས་གློག་འདོན་བཟོ་གྲྭ་ཆེན་པོ་ཞིག་འཛུགས་རྒྱུ་ཟེར་ནས་ལས་བཟོ་བ་མང་པོ་ཞིག་རྨ་ཆུའི་ཁར་ཡོང་བ་རེད། ཁོ་ཚོར་གློག་བརྙན་སྟོན་ས་ཞིག་ཡོད་ལ་དེ་ནས་ངས་གློག་བརྙན་མང་པོ་བལྟས་པ་ཡིན། ཡང་སྐབས་དེར་ས་གནས་ཀྱི་སྡེ་བ་སོ་སོའི་ནང་སྟོན་བཞིན་པའི་གློག་བརྙན་ཕལ་ཆེར་གཅིག་མཚུངས་རེད། འོན་ཀྱང་ལས་བཟོ་བ་ཚོར་དེ་དག་དང་མི་འདྲ་བའི་གློག་བརྙན་ཅུང་ཙམ་ཡོད། ཕྱི་རྒྱལ་གྱི་གློག་བརྙན་དཔེར་ན་ཆར་ལེ་ཆཱ་ཕེ་ལིན་གྱི《མཱོ་ཏན་དུས་རབས》(《摩登时代》)[1]སོགས་སྐབས་དེ་དུས་བལྟས་པ་ཡིན། 《མཱོ་ཏན་དུས་རབས》ལ་ལྟ་དུས་ཕལ་ཆེར་སློབ་ཆུང་ལོ་རིམ་བཞི་བ་ལྔ་བ་ཞིག་ཡིན་རྒྱུ་རེད། དེའི་སྐབས་ལ་ལོ་རིམ་ལྔ་བ་ནི་མཐར་ཕྱིན་འཛིན་གྲྭ་ཡིན། སྔོན་ཆད་གཏམ་རྒྱུད་དང་ཡང་ན་གློག་བརྙན་གྱི་བཟོ་སྟངས་དེ་འདྲ་ཞིག་ལ་བལྟས་མ་མྱོང་པས《མཱོ་ཏན་དུས་རབས་》ཀྱིས་སྔོན་དང་མི་འདྲ་བའི་བག་ཆགས་ཧ་ཅང་གཏིང་ཟབ་མོ་ཞིག་བཞག་སོང་། དེའི་ཕན་ཆད་ནས་སྐབས་དེར་འགུལ་རིས་གློག་བརྙན་གྱིས་བག་ཆགས་ཟབ་མོ་ཞིག་བཞག་ཡོད། 《ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ》ལས་སུང་བོས་ཁུང་གིས་འདྲེ་མོ་རུས་དཀར་མ་ཐེངས་གསུམ་ལ་བརྒྱབ་པའི་ལེ་ཚན་དེ་ཧྲང་ཧེ་ཞིག་ནས་བཟོས་ཡོད།[2] དེ་ཡང་གཏམ་རྒྱུད་ཀྱི་ནང་དོན་དང་སྒྲིག་བཟོ་ཐད་ནས་སྐབས་དེའི་གློག་བརྙན་གཞན་དང་ཁྱད་པར་ཆེན་པོ་ཡོད། དེས་ཀྱང་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། དེ་ལྷ་སྒྲུང་ཡིན་ལ་ང་ལ་མཚོན་ན་ཆུང་དུས་ནས་ལྷ་སྒྲུང་གིས་བག་ཆགས་ཟབ་མོ་བཞག་ཡོད། འགུལ་རིས་གློག་བརྙན་དེར་དེང་སང་བལྟས་ན་ཡང་སྒྲིག་བཟོའི་ལག་རྩལ་སོགས་ཀྱི་ཐད་ནས་ཧ་ཅང་ལེགས་པོ་འདུག

སྐབས་དེར་གློག་བརྙན་ལས་གཞན་ལྟད་མོ་དེ་འདྲ་མང་པོ་མེད་པས། གློག་བརྙན་ཞིག་སྟོན་པར་ཡོང་ན་ཚང་མས་གནས་ཚུལ་དེ་ཤེས་འགྲོ། གློག་བརྙན་གསར་བ་ཞིག་སྡེ་བ་གཞན་པའི་ནང་སྟོན་བཞིན་ཡོད་པ་ཐོས་རྗེས་དུས་ཚོད་གཉིས་གསུམ་ལ་རྒྱུག་ནས་ལྟ་མཁན་ཡང་ཡོད། ང་རང་ལོ་རིམ་བཞི་བའམ་ལྔ་བའི་སྐབས་ལ་བརྙན་འཕྲིན་འདི་སོ་མ་དར་གྱིན་འདུག དུས་དེར་རྨ་ཆུའི་ཁ་ན་ཡོད་པའི་གློག་འདོན་བཟོ་གྲྭའི་ལས་བཟོ་བ་ཚོར་བརྙན་འཕྲིན་ཞིག་ཡོད་ལ། སློབ་ཁང་དང་འདྲ་བའི་ཁང་བ་ཞིག་གི་ནང་ནས་བརྙན་འཕྲིན་སྟོན་གྱིན་ཡོད་པས། བརྙན་འཕྲིན་ལ་ཐོག་དང་པོར་གནས་དེ་ནས་བལྟས་པ་ཡིན། དེ་དུས་ཚོན་མདོག་མེད་པའི་བརྙན་འཕྲིན་ཡིན། སྐབས་དེར་འཇར་པན་གྱི་མུ་འབྲེལ་བརྙན་འཕྲིན《དམར་པོའི་དོགས་གཞི》(《赤い疑惑》)། རྒྱ་ཡིག་ལ《血疑》ཞེས་པ་སྟོན་བཞིན་འདུག[3] དེ་རྗེས་ནས་ཞང་ཀང་གི་ཧཱོ་ཡོན་ཅཱ《霍元甲》དང་ཁྲིན་ཀྲུན《陈真》[4]སོགས་བསྟན། དེ་ཚོ་གཟའ་འཁོར་གཅིག་གི་ནང་ཐེངས་གཅིག་རེ་ལས་སྟོན་གྱིན་མེད། ཚང་མས་དེ་ལ་རེ་སྒུག་བྱས་པ་དང་ཅི་འདྲ་ཞིག་ཡིན་པ་སོགས་ཀྱི་སྐོར་ཕན་ཚུན་བགྲོ་གླེང་བྱས་ནས་སྒུག གློག་འདོན་བཟོ་གྲྭའི་ལས་བཟོ་པ་ཚོ་འདུག་ས་དང་སྡེ་བའི་ལམ་བར་ལ་སྐར་མ་སུམ་བཅུ་བཞི་བཅུ་ལྷག་ལ་འགྲོ་དགོས། བརྙན་འཕྲིན་སྟོན་ཚད་ལ་ཐོན་དུས་དེ་ལ་རྒྱུགས་ནས་བལྟས་པ་དང་བལྟས་ཚར་ནས་ཡང་ཕྱིར་ལ་རྒྱུགས་ནས་ཡོང་། སྐབས་དེའི་གནས་ཚུལ་དེ་འདྲ་རེད།

དེ་ནས་ང་རང་སློབ་ཆུང་ནས་མཐར་ཕྱིན་རྗེས་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ལ་སོང་ནས་དམའ་འབྲིང་བཏོན་པ་ཡིན། སྐབས་དེར་གློག་བརྙན་ཁང་གི་ནང་ན་གློག་བརྙན་སྟོན་བཞིན་ཡོད། ཕལ་ཆེར་གཟའ་འཁོར་རེར་གློག་བརྙན་གཅིག་གཉིས་རེ་ལ་བལྟས་ཡོད། ད་སྐབས་ཡིན་ན་གློག་བརྙན་ཁང་དེ་དག་མེད། ང་ཚོའི་སློབ་གྲྭར་རྗོང་ཐོག་ནས་དུས་ཚོད་ཕྱེད་ཀ་ཙམ་ལ་འགྲོ་དགོས། དེ་དུས་ང་རང་སློབ་གྲྭར་བཅའ་སྡོད་བྱས་ཡོད་ལ། ཞང་གི་ནང་ན་ར་བ་སྐོར་ནས་གློག་བརྙན་སྟོན་བཞིན་ཡོད། སྐབས་རེར་ང་ཚོ་དགོང་ཚོགས་ལ་མ་ཞུགས་པར་གློག་བརྙན་ལྟ་རུ་སོང་བ་ཅུང་མང་། ཐག་ཉེའི་སྡེ་བའི་ནང་ལ་ཡང་ལྟ་རུ་སོང་ཡོད། སྐབས་དེར་ལོ་རབས་བརྒྱད་ཅུ་བ་ཡིན་པས་ཀྲུང་གོའི་གློག་བརྙན་གསར་བའི་སྐོར་མང་པོ་འབྱུང་གིན་འདུག དེ་ནས་གློག་བརྙན་མང་པོར་བལྟས་མྱོང་། གློག་བརྙན་ཁང་ནང་གི་གློག་བརྙན་དག་ནི་རྩོམ་རིག་སྟེང་ནས་བཤད་ན་ཕྱིར་རྟོག་རྩོམ་རིག(反思文学)གྱི་སྐོར་ལྟ་བུ་སྟོན་གྱིན་ཡོད། སྐབས་དེའི་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་དང་ལྷག་པར་དུ་སྒྲུང་གཏམ་མང་པོ་ཞིག་གློག་བརྙན་ལ་བསྒྱུར་སྐྲུན་བྱས་ཡོད་ལ། དེ་འདྲ་མང་པོ་ཞིག་ལ་བལྟས་མྱོང་། གཟའ་འཁོར་རེ་རེར་ཁྲི་ཀ་རྫོང་ཐོག་ལ་སོང་བ་དང་། ཉིན་དཀར་མུ་འབྲེལ་རི་མོ(连环画)དག་ལ་བལྟས་པ་ཡིན། དེར་ཆུང་དུས་ནས་བལྟས་པས་ལོབས་འདུག་ལ་གཏམ་རྒྱུད་ལ་ལྟ་རྒྱུར་ཧ་ཅང་དགའ། དེ་དུས་སྣ་འཛོམས་ཚོང་ཁང(百货公司)གི་མདུན་ན་དཔེ་ཆ་ཐང་ལ་བཏང་ནས་སྲུང་འདུག་པ་མང་། དཔེ་དེབ་གཅིག་ལ་སྐར་མ་གཉིས་དགོས་ལ་ཞོ་གང་གིས་དཔེ་ཆ་ལྔ་ལ་ལྟ་ཐུབ། ཕལ་ཆེར་དེ་ལྟར་དཔེ་ཆ་གཅིག་རེ་གཅིག་རེ་བྱས་བལྟས་པ་ཡིན། གློག་བརྙན་ལ་ཡང་གོང་སླ་བས་མང་པོ་ཞིག་ལ་བལྟས་པ་ཡིན། སྐབས་དེར་ཚང་མ་གློག་བརྙན་ལ་བལྟ་རྒྱུར་དགའ་ལ། དུས་དེབ་(ཆེད་ལས་དུས་དེབ་མ་རེད《大众电影》ལྟ་བུ་)སོགས་ཉོས་ནས་ཐོག་གི་འཁྲབ་སྟོན་པ་སོགས་སུ་ཡིན་སྐོར་བཤད་རྒྱུར་ཧ་ཅང་སྤྲོ་བ་ཡོད། སློབ་གྲྭར་ཡོད་དུས་སྐབས་རེར་ལག་ན་སྒོར་མོ་མེད་དུས་གྱང་ཁར་ལྡིང་ནས་གློག་བརྙན་ལ་ལྟ་རུ་སོང་བའང་ཡོད།

དམའ་འབྲིང་མཐར་ཕྱིན་རྗེས་ཁུལ་ཐོག་གི་འབྲིང་རིམ་དགེ་ཐོན་སློབ་གྲྭར་སོང་བ་ཡིན། དེར་སོང་དུས་དོན་གྲུབ་རྒྱལ་དེ་རུ་དགེ་རྒན་བྱས་ཡོད། ཁྱེད་ཚོའི་སློབ་གྲྭའི་དགེ་རྒན་བཀྲ་བྷ་ང་ཚོ་ལས་ལོ་རིམ་གཅིག་གིས་མཐོ་བ་རེད། སྐབས་དེར་དམའ་རིམ་སློབ་འབྲིང་ནས་མཐར་ཕྱིན་རྗེས་སློབ་མ་ཕལ་ཆེར་ཞིག་ཁུལ་ཐོག་གི་འབྲིང་རིམ་དགེ་ཐོན་སློབ་གྲྭར་འགྲོ་བཞིན་ཡོད། དེར་སོང་ན་རྗེས་ནས་བྱ་བ་བཀོད་སྒྲིག་བྱེད་སྲིད་ལ། དེ་ནས་མཐར་ཕྱིན་ན་ལས་བྱེད་པ་(དགེ་རྒན)ཞིག་ལ་གྱུར་འགྲོ། དེ་བས་སློབ་མ་ཚང་མས་སློབ་གྲྭ་འདི་ལ་རྒྱུགས་སྤྲོད་སྲིད་། འོན་ཀྱང་སློབ་མ་བསྡུ་བའི་གྲངས་ཀ་ཧ་ཅང་ཉུང་། ལོ་གཅིག་ལ་རྫོང་རེ་ནས་སློབ་མ་བཞི་ལྔ་ཙམ་ལས་བསྡུ་གྱིན་མེད། གལ་ཏེ་དེར་རྒྱུགས་མ་འཕྲོད་ན་འགྲོ་ས་གཞན་ཅང་མེད། དེ་དུས་མཐོ་འབྲིང་མང་པོ་མེད་ལ་སློབ་གྲྭ་ཆེན་མོར་རྒྱུགས་ལེན་མཁན་ཡང་ཧ་ཅང་ཉུང་། དེ་བས་ཁུལ་ཐོག་གི་འབྲིང་རིམ་དགེ་ཐོན་སློབ་གྲྭར་འཕྲོད་རྒྱུ་དེ་ཚང་མའི་དམིགས་ཡུལ་རེད། སློབ་གྲྭ་དེར་སོང་དུས་ང་ཚོར་འཛིན་གྲྭ་བཞི་ཡོད་ལ་འཛིན་གྲྭ་གསར་བ་གཅིག་མ་གཏོགས་བསྡུས་མེད། གཞན་པ་ཚང་མ་ཁུལ་ཐོག་གི་དམའ་འབྲིང་ནས་ཡར་ཡོང་བ་རེད། སྐབས་དེར་ཁུལ་ཐོག་ནའང་གློག་བརྙན་ཁང་ཡོད་ལ། གློག་བརྙན་ལ་ལྟ་བའི་གོ་སྐབས་རྒྱུན་ཆད་མ་མྱོང་། སློབ་གྲྭའི་ནང་ནས་ཡང་སྐབས་རེར་རྩ་འཛུགས་བྱས་ཏེ་གློག་བརྙན་སྟོན་སྲིད། དེ་བས་སློབ་ཆུང་ནང་དང་དམའ་འབྲིང་། ཁུལ་ཐོག་གི་འབྲིང་རིམ་དགེ་ཐོན་སློབ་གྲྭ་བཅས་སློབ་གྲྭར་སོང་བའི་གོ་རིམ་ཁྲོད་དུ་གློག་བརྙན་ལ་ལྟ་བའི(གློག་བརྙན་ཁང་གི་ནང་ནས)གོ་སྐབས་དེ་ཆད་མ་མྱོང་།

ང་ཚོས་དམའ་རིམ་སློབ་འབྲིང་འདོན་བཞིན་པའི་སྐབས་ལ་གློག་བརྙན་ཁང་ན་རྒྱ་གར་གྱི་གློག་བརྙན་མང་པོ་སྟོན་བཞིན་ཡོད། དེ་བས་ཚང་མ་རྒྱ་གར་གི་གློག་བརྙན་ལ་དགའ་པོ་ཡོད་ལ་གློག་བརྙན་ཁྲོད་ཀྱི་གླུ་དབྱངས་ལེན་རྒྱུར་ཡང་དགའ། སྐབས་དེར་གློག་བརྙན་རེ་རེའི་བརྗོད་དོན་གླུ་དབྱངས་དེ་གློག་བརྙན་བསྟན་ཚར་རྗེས་གླུ་དབྱངས་དེ་ཡང་དར་འགྲོ། རྒྱ་གར་གྱི་གློག་བརྙན《ལྡོམ་པོ》(《流浪者》)[5]དང《རླངས་འཁོར》(《大篷车》)[6]། 《ནོའུ་རེ》(《奴里》)[7]སོགས་གློག་བརྙན་མང་པོ་ཞིག་ལ་དེ་དུས་བལྟས་པ་ཡིན། དེ་བས་རྒྱ་གར་གྱི་གློག་བརྙན་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། དེ་ནས་ཆབ་ཆ་ཁུལ་ཐོག་ལ་སོང་དུས་གློག་བརྙན་ཁང་ན་གློག་བརྙན་སྟོན་བཞིན་ཡོད་པ་མ་ཟད། བརྙན་ཁང་ཆུང་ཆུང(录像室)ནང་ན་ཡང་སྟོན་བཞིན་ཡོད་པས་དེ་དག་ལ་སོང་ནས་བལྟས་མྱོང་། གློག་བརྙན་ཁང་ཆུང་བའི་ནང་ན་ཞང་ཀང་དང་ཨ་མེ་རི་ཁ་སོགས་ཀྱི་དྲག་རྩལ་གློག་བརྙན་གྱི་སྐོར་སྟོན་བཞིན་ཡོད། གཞན་སུའུ་ལེན་གྱི་གློག་བརྙན་རེ་འགའ་ཡང་གཏོང་བཞིན་ཡོད་ལ། གློག་བརྙན་གསར་བའི་གྲས《འདི་གའི་ཐོ་རེངས་འཇམ་ཅག་གེར》(《这里的黎明静悄悄》)[8]ཞེས་པ་སོགས་ལ་བལྟས། དེ་མིན་ཡང་ཆབ་ཆ་ནས་ཨ་རིའི་གློག་བརྙན《མི་སྟོབས་ཆེན》(《超人》)སྟོན་བཞིན་ཡོད་ལ་དེར་བལྟས་ནས་སྔོན་ཆད་དང་མི་འདྲ་བའི་ཚོར་བ་ཁྱད་པར་ཅན་ཞིག་སྟེར་བྱུང་། གཞན་དགེ་ཐོན་སློབ་གྲྭས་རྩ་འཛུགས་བྱས་ནས་གློག་བརྙན《མི་ཚེ》(《人生》)[9]ཞེས་པ་བསྟན། ལོས་ཡོ་ཡི་བརྩམས་སྒྲུང་དེ་གློག་བརྙན་ལ་བསྒྱུར་བ་ཞིག་རེད། དེའི་ནང་ཞིང་གྲོང་གི་བརྩེ་དུང་གཏམ་རྒྱུད་ཅིག་བརྗོད་ཡོད་ལ་སློབ་གྲྭར་རྒྱུགས་མ་འཕྲོད་པར་ཕྱིར་ཞིང་ལས་བྱས་པ་སོགས་སྐབས་དེའི་ཞིང་གྲོང་གི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཡོད། དེས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། རྒྱུ་མཚན་ཞིང་གྲོང་གི་འཚོ་བ་མཚོན་ཡོད་ལ་མི་སྣ་ཡང་སློབ་གྲྭར་རྒྱུགས་མ་འཕྲོད་པ་དེ་འདྲ་སྐབས་དེར་ཕ་ཡུལ་ན་མང་པོ་ཡོད་པས་བག་ཆགས་ཟབ་མོ་བཞག་སོང་།

དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་ངའི་ཕ་ཡུལ་ཁྲི་ཀར་སོང་ནས་སློབ་ཆུང་ཞིག་གི་དགེ་རྒན་བྱས་པ་ཡིན། སྐབས་དེར་གློག་བརྙན་ལ་ལྟ་བའི་གོ་སྐབས་ཅུང་ཉུང་། སྡེ་བའི་ནང་གློག་བརྙན་སྟོན་རྒྱུ་མེད་ལ་ཚང་མས་བརྙན་འཕྲིན་ལ་བལྟས་ཡོད། བརྙན་ཁང་ཆུང་ངུའི་ནང་ན་གློག་བརྙན་རེ་འགའ་སྟོན་བཞིན་ཡོད། དེ་དུས་གཙོ་བོར་དཔེ་ཆར་བལྟས་ནས་བསྡད་པ་ཡིན། བརྩམས་སྒྲུང་ཅུང་ཙམ་བྲིས་མོད་དུས་དེབ་དང་དཔེ་ཆའི་སྟེང་ལ་འགོད་མ་ཤེས། ངའི་བརྩམས་སྒྲུང་ཐོག་མ《མི་དང་ཁྱི》ཞེས་པ་སྐབས་དེར་བྲིས་པ་ཡིན། རྗེས་ནས་སློབ་གྲྭ་ཆེན་མོར་སོང་ནས་དགེ་རྒན་ལ་བསྟན་ནས་དུས་དེབ་སྟེང་བཀོད་པ་ཡིན། སློབ་ཆུང་ནས་ལོ་བཞི་ལ་དགེ་རྒན་བྱས་རྗེས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་པས་ནུབ་བྱང་མི་རིགས་སློབ་ཆེན་ལ་སོང་བ་ཡིན། སྐབས་དེར་གློག་བརྙན་ལ་དགའ་བ་མ་གཏོགས་གློག་བརྙན་ཞིག་ཆེད་དུ་སྦྱོང་བའི་བསམ་ཚུལ་ཞིག་སྐྱེས་མ་མྱོང་། ཡང་གཅིག་བཤད་ན་གོ་སྐབས་ཡང་མེད།

དྲི་བ།  《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནང་གི་ཨ་ཁུས་བན་དེ་ཆུང་ཆུང་ལ་བྱིན་པའི་སྒྲ་སྡུད་འཕྲུལ་ཆས་དེ་ཁྱེད་རང་ཆུང་དུས་ཨ་མྱེས་ཀྱིས་ཉོས་པའི་སྒྲ་སྡུད་འཕྲུལ་ཆས་ཀྱི་བག་ཆགས་ལ་འབྲེལ་བ་ཡོད་དམ།

ལན།  བག་ཆགས་དེ་ཕལ་ཆེར་ཡོད་རྒྱུ་རེད། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནང་ན་ང་རང་ཉིད་ཀྱི་འཚོ་བའི་བག་ཆགས་དེ་མང་པོ་ཡོད་རྒྱུ་རེད། དཔེར་ན་བན་དེ་ཡི་ཨ་མྱེས་ཀྱིས་བན་དེ་གཅེས་ཚུལ་དང་ངའི་ཨ་མྱེས་ཀྱིས་ང་རང་གཅེས་ཚུལ་སོགས་མང་པོ་ཡོད། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནང་ངའི་ཆུང་དུས་ཀྱི་འཚོ་བ་དང་ཁྱིམ་ཚང་གི་འབྲེལ་བ་སོགས་འདུས་ཡོད་ལ། དཔེར་ན་ཆུང་དུས་ཀྱི་སྒྲ་སྡུད་འཕྲུལ་ཆས་སོགས་ཚང་མས་ཤུགས་རྐྱེན་ཡོད་རྒྱུ་རེད།

དྲི་བ།  སློབ་ཆེན་སྐབས་སུ་གློག་བརྙན་ལ་ཨེ་བལྟས།

ལན།  གློག་བརྙན་ལ་བལྟས་པ་ཡིན། དེ་དུས་སློབ་གྲྭའི་ནང་ནས་བལྟས་ལ། གྲོང་ཁྱེར་ནང་ན་ཡང་གློག་བརྙན་ཁང་མང་པོ་ཡོད་ལ། ཞང་ཀང་སོགས་ཀྱི་གློག་བརྙན་མང་པོ་དེ་དུས་ཐོག་མར་དར་གྱིན་ཡོད། ལི་ལན་ཅེ་ཡི《སེང་རྒྱལ་དང་རྩོད》(《黄飞鸿之三狮王争霸》)[10]སོགས་ཡོད། སྐབས་དེར་ཨ་མེ་རི་ཁ་ཡི་གློག་བརྙན་ལོ་རེར་བཅུ་རེ་ནང་འདྲེན་བྱེད་བཞིན་ཡོད་ལ། བརྙན་སྤྲོ་ཆས་(投影)ཀྱིས་སྟོན་བཞིན་ཡོད་ལ་དེ་དག་ཕལ་ཆེར་ལ་བལྟས་མྱོང་། 《ཇཱིར་སེ་ཁུ་གླིང་ཀ》(《侏罗纪公园》)[11]ལ་སྐབས་དེར་བལྟས་ནས་ཧ་ལས་སོང་། 《ཨ་ཧྥེ་རི་ཁ་ནས་སྒོར་བུད་པ》(《走出非洲》)[12]དང《སྤྱང་ཁུར་འགྲོགས་ནས་བྲོ་འཁྲབ་པ》(《与狼共舞》)[13]སོགས་ཨོ་སུ་ཁཱའི་གློག་བརྙན་སྐོར་ཞིག་ལ་བལྟས། སློབ་གྲྭའི་ནང་ན་སློབ་མ་ཚོས་རྩ་འཛུགས་བྱས་ལ་ཁོ་ཚོས་ཕྱི་ལོགས་ནས་གློག་བརྙན་གླས་ཏེ་འཛིན་བྱང་བཙོང་ནས་སྟོན་བཞིན་ཡོད། 《དུས་ཟིང་ཁྲོད་ཀྱི་དགའ་རོགས》(《乱世佳人》)[14]ལ་སོགས་དེ་དུས་བལྟས་ལ། སློབ་གྲྭའི་ནང་ན་གཟའ་འཁོར་རེར་གློག་བརྙན་གཉིས་གསུམ་རེ་སྟོན་བཞིན་ཡོད། དེ་བས་སྐབས་དེར་གློག་བརྙན་མང་པོ་ཞིག་ལ་ལྟ་བའི་གོ་སྐབས་ལྡན་སོང་། འོན་ཀྱང་ཆུང་དུས་སུ་བལྟས་པ་དག་ནི་ཀྲུང་གོའི་གསར་བརྗེ་དང་འབྲེལ་བ་ཡོད་པ་དག་ཡིན་ལ། སློབ་ཆུང་སློབ་འབྲིང་གི་སྐབས་ཀྱི་དེ་དག་ནི་སྐབས་དེའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་དག་ཡིན། ཆར་ལེ་ཆཱ་ཕེ་ལན་ལས་གཞན་སྒྱུ་རྩལ་དང་འབྲེལ་བ་ཆེ་བའི་གློག་བརྙན་མང་པོ་ཞིག་ལ་ལྟ་མ་ཐུབ། རྗེས་ནས་པེ་ཅིན་གློག་བརྙན་སློབ་གྲྭར་སོང་ནས་ཕྱི་རྒྱལ་གྱི་གློག་བརྙན་ལོ་རྒྱུས་སོགས་ཁྲིད་དུས་དཔེ་དེབ་ནང་གི་གློག་བརྙན་མང་པོ་ཞིག་ལ་བལྟས་མྱོང་མེད།

དྲི་བ།   ཁྱེད་རང་ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་སློབ་གཉེར་སྐབས་སུ་པེ་ཅིན་ལ་གློག་བརྙན་སློབ་སྦྱོང་བྱེད་པར་འགྲོ་བའི་སྤོབས་པ་དེ་གང་ནས་ཡོང་བ་རེད།

ལན།  གློག་བརྙན་ལ་དགའ་ཕྱོགས་ཡོད་པ་དེ་གཙོ་བོ་སློབ་གྲྭ་ཆེན་མོའི་སྐབས་ལ་སྐྱེས་པ་རེད། དེ་དུས་གློག་བརྙན་ཕབ་འདོད་ཆེན་པོ་ཡོད། སློབ་གྲྭའི་དཔེ་མཛོད་ཁང་ལ་སོང་ནས་འཁྲབ་གཞུང་འབྲི་སྲོལ་སོགས་ཀྱི་དེབ་འགའ་ཤས་གཡར་ནས་བལྟས་མྱོང་། འོན་ཀྱང་དཔེ་དེབ་དེ་དག་ནི་ཧ་ཅང་རྙིང་ཤོས་སྐོར་ཞིག་ཡིན་ལ། གློག་བརྙན་གཞུང་ལུགས་ལ་སོགས་སུའུ་ལེན་གློག་བརྙན་སྐོར་གྱི་གཞུང་ལུགས་བསྒྱུར་བ་དག་རེད། དེ་དག་ལ་བལྟས་ནས་གློག་བརྙན་སློབ་སྦྱོང་སྐོར་ལ་ཕན་ཅུང་ཙམ་ཐོགས་ཡོད། དེ་དུས་གློག་བརྙན་ལ་དགའ་བ་མ་གཏོགས་ཆེད་དུ་གློག་བརྙན་སློབ་སྦྱོང་གི་གོ་སྐབས་ཧ་ཅང་དཀོན། དངོས་གཞི་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་ལ་སོང་ནས་ལས་ཀར་ཞུགས་པ་ཡིན། དེ་ནས་ཕྱིར་ནུབ་བྱང་ལ་ཡོང་ནས་ཞིབ་འཇུག་སློབ་མ་བཏོན་པ་ཡིན། དེ་དུས་གློག་བརྙན་ཕྱོགས་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཇེ་ཆེར་སོང་ཡོད། ངའི་ཞིབ་འཇུག་གི་ཆེད་ལས་ནི་ལོ་ཙཱ་ཡིན་པས། དངོས་སྦྱོང་བྱེད་སྐབས་པེ་ཅིན་གྱི་ཡིག་སྒྱུར་ཅུའུ་ལ་སོང་བ་ཡིན། པེ་ཅིན་ནས་པེ་ཅིན་གློག་བརྙན་སློབ་གྲྭ་ལ་སོང་ནས་འཛིན་གྲྭ་གང་གང་ཡོད་པ་སོགས་རྩད་གཅོད་བྱས་ལ་དེ་དུས་ངོ་ཤེས་གཅིག་ཀྱང་མེད། དངོས་སྦྱོང་བྱས་ཚར་རྗེས་ཕྱིར་ལན་གྲུ་ལ་ལོག་པ་ཡིན། སྐབས་དེར་ཀུན་ཕན་ཐེབས་རྩ་ཚོགས་པས་ཆེད་ལས་གསར་བར་སློབ་སྦྱོང་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཞིབ་འཇུག་ལོ་རིམ་གཉིས་པའི་སྐབས་ལ་ངས་གློག་བརྙན་སྦྱངས་འདོད་ཡོད་པའི་སྐོར་གྱི་ཡར་ཞུ་ཡི་གེ་ཞིག་བྲིས་པ་ཡིན། ཕལ་ཆེར་ཟླ་བ་གཅིག་གཉིས་འགོར་རྗེས་གློག་བརྙན་སློབ་སྦྱོང་ལ་འགྲོ་བའི་ཆོག་མཆན་ཐོབ་སོང་བས། སློབ་ཡོན་དང་རྒྱུན་ལྡན་གྱི་འཚོ་བའི་འགྲོ་སོང་ཚང་མ་ཁོ་ཚོས་བྱིན་པ་རེད། ཞིབ་འཇུག་ལོ་རིམ་གསུམ་པའི་སྐབས་ལ་མཐར་ཕྱིན་དཔྱད་རྩོམ་འབྲི་དགོས་པས། ཕྱིར་སློབ་གྲྭར་སོང་ནས་ངས་ལོ་གཅིག་ལ་པེ་ཅིན་ནས་གློག་བརྙན་སློབ་སྦྱོང་བྱེད་དགོས་པ་དང་དཔྱད་རྩོམ་དུས་ལྟར་འགྲུབ་པར་བྱེད་ཞེས་དགོངས་པ་ཞུས་པ་ཡིན། གློག་བརྙན་སློབ་གླིང་ནས་ཐོག་མར་རྩོམ་རིག་སྡེ་ཁག་ལ་སོང་བ་ཡིན། རྒྱུ་མཚན་ངས་བརྩམས་སྒྲུང་འབྲི་བཞིན་ཡོད། ལོ་གཉིས་ལ་འཛིན་གྲྭ་དེ་ནས་འཁྲབ་གཞུང་འབྲི་སྲོལ་སོགས་གསབ་སྦྱོང་བྱས། ང་རང་གསབ་སྦྱོང་གི་ཚུལ་དུ་འཛིན་གྲྭ་དེར་ཞུགས་པ་ཡིན་མོད་སློབ་སྦྱོང་གི་སྒྲིག་ལམ་དང་འགན་ཁུར་སོགས་སློབ་མ་གཞན་དག་དང་གཅིག་འདྲ་ཡིན། སོ་མོའུ་ནི་ང་ཚོའི་གཙོ་འཛིན་དགེ་རྒན་ཡིན་ལ་ཁོས་གློག་བརྙན་འཁྲབ་གཞུང་དང་འཁྲབ་ཁྲིད་སོགས་རྨང་གཞིའི་སྐོར་ཁྲིད་པ་རེད། སློབ་སྐབས་དང་པོར་སློབ་ཁྲིད་བྱས་ཚར་རྗེས་དགེ་རྒན་གྱིས་དགུན་གནང་ལ་སློབ་མ་ཚོས་རང་རང་གིས་བརྙན་ཐུང་རེ་ཕབ་པའི་ལས་བྱ་བཞག དེ་དུས་ངས་སློབ་གྲོགས་གཉིས་གསུམ་དང་མཉམ་དུ་ཕ་ཡུལ་ལ་སོང་ནས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་བརྙན་ཐུང་དེ་བཟོས་པ་ཡིན།  ཕྱིར་ཡོང་ནས་བརྙན་ཐུང་དེ་པེ་ཅིན་གྱི་སློབ་གྲྭ་ཆེན་མོ་མང་པོ་ཞིག་ནས་བསྟན་ལ། པེ་ཅིན་གྱི་རྒྱལ་སྤྱིའིDVགླེང་སྟེགས་སྐབས་དང་པོའི་སྟེང་ཞུགས་ནས་བྱུང་བརྗོད་གློག་བརྙན་གྱི་བྱ་དགའ་ཐོབ་པ་དང་། པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་བཞི་བའི་བརྙན་ཐུང་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། ཡ་ཞི་ཡའི(ཁོ་རེ་ཡའི་རྒྱལ་ས)རྒྱལ་སྤྱིའི་སྐབས་གཉིས་པའི་བརྙན་ཐུང་དུས་ཆེན་ཐོག་དཔྱད་འདེམས་ཚོགས་པའི་བྱ་དགའ་ཐོབ་པ་རེད། དེ་ནས་མི་མང་པོ་ཞིག་གིས་ང་རང་ཤེས་སོང་བ་རེད། 

སྐབས་དེར་དགེ་རྒན་ཏུའུ་ཆེན་ཁྲོན(杜庆春)ཀྱིས་ངོ་ཤེས་བཙལ་བ་དང་ཁོ་ཚོས་བརྙན་ཐུང་འདི་གློག་བརྙན་རིང་བ་ཞིག་ལ་བསྒྱུར་ཆོག་ཅེས་དེའི་སྐོར་གྱི་ཁ་བརྡ་བྱས་པ་ཡིན། དེ་དུས་མཐར་ཕྱིན་སློབ་མའི་ནང་ནས་བརྙན་ཐུང་བཟོ་བའི་སྲོལ་འདི་ཡང་བསྐྱར་བཙུགས་པ་རེད། སྔོན་ཆད་ལོ་མང་པོ་ཞིག་ལ་མཚམས་བཞག་པ་རེད། ཐེན་ཀྲོང་ཀྲོང་སོགས་ཀྱི་སྐབས་ལ་སྲོལ་འདི་ཡོད། ཐེན་ཀྲོང་ཀྲོང་གི་བརྙན་ཐུང《ར་སྐོར་ཆུང་ཆུང》(《小院》)ཞེས་པ་དེ་མཐར་ཕྱིན་བརྩམས་ཆོས་རེད། བང་ཞོ་ཧྲེ(王小帅)སོགས་ཀྱི་སྐབས་དེར་སྲོལ་དེ་འདུག དེ་ནི་མཐར་ཕྱིན་སློབ་མ་ཚོས་བྲིས་པའི་འཁྲབ་གཞུང་དག་ལས་འགའ་ཞིག་བདམས་ཏེ་གློག་བརྙན་ལ་ཕབ་པ་དང་། འགྲོ་སོང་ཚང་མ་སློབ་གྲྭས་བཏང་བ་རེད། ངས《རྩྭ་ཐང》གི་འཁྲབ་གཞུང་བྲིས་ནས་དེར་ཞུགས་པ་ཡིན། འཁྲབ་གཞུང་འདེམས་མཁན་ནི་དགེ་རྒན་ཤའེ་ཧྥས(谢飞)ཡིན་ལ་ཁོས་ངའི་འཁྲབ་གཞུང་བདམས་པ་རེད། དེ་དུས་རྭ་ཤེལ་གྱིས་གློག་བརྙན་ཕབ་བཞིན་ཡོད་ལ་ཁོ་ཚོས《རྩྭ་ཐང》གློག་བརྙན་ལ་ཕབ་རྒྱུའི་ཐག་བཅད་པ་རེད། ཆ་རྐྱེན་ཞིག་ཡོད་པ་ནི་ངེས་པར་དུ་གློག་བརྙན་སློབ་གླིང་གི་བརྙན་ལེན་དང་སྒྲ་ལེན་ལ་སོགས་པའི་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་དང་མཉམ་འབྲེལ་བྱས་ནས་ཕབ་དགོས་པ་རེད། སྤྱིར་སློབ་གྲྭའི་འཆར་གཞི་ནི་པེ་ཅིན་ས་ཁུལ་ནས་བརྙན་ཕབ་རྒྱུ་ཡིན་ལ་སློབ་གྲྭས་སྒོར་ཁྲི་བཅུ་ཡི་འགྲོ་སོང་གཏོང་བཞིན་ཡོད། ས་གནས་གཞན་ལ་སོང་ནས་ཕབ་རྒྱུ་དེ་སློབ་གྲྭའི་འཆར་གཞིའི་ཁྲོད་མེད་པས་མ་དངུལ་གྱིས་མ་འདང་པ་རེད། སྔོན་ང་ལ་ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་པ་ཡིན་ལ་ཁོ་ཚོས་མཐར་ཕྱིན་སློབ་མའི་སྤྱི་ཚོགས་དངོས་སྦྱོང་ཐད་ལ་ཡང་མ་དངུལ་རོགས་སྐྱོར་བྱེད་བཞིན་ཡོད་པས་ཡང་བསྐྱར་ཁོང་ཚོར་ཡར་ཞུ་ཡི་གེ་བྲིས་ནས་རོགས་དངུལ་ཅུང་ཙམ་བྱིན་པ་རེད། དེ་ནས་གཞན་པས་རོགས་སྐྱོར་བྱས་པ་སོགས་བརྒྱུད་ནས་བརྙན་ཐུང《རྩྭ་ཐང》ཞེས་པ་ཕབ་པ་ཡིན། སྐབས་དེར་གློག་བརྙན་རིང་ཤོས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་འཁྲབ་གཞུང་ཡང་འབྲི་བཞིན་ཡོད། DVབརྙན་ཐུང་ཐོག་མ་དང་རྭ་ཤེལ་གྱིས་བཟོས་པའི་བརྙན་ཐུང་གཉིས་ཀྱིས་ངའི་རྭ་ཤེལ་གྱི་གློག་བརྙན་རིང་ཤོས་ཐོག་མ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཕབ་པར་ཉམས་མྱོང་སོགས་ཕྱོགས་གང་ཐད་ནས་ཕན་ཆེན་པོ་ཐོགས་སོང་། དེ་མིན་ཐོག་དང་པོར་ཐད་ཀར་རྭ་ཤེལ་གྱིས་གློག་བརྙན་རིང་པོ་ཞིག་ལས་རྒྱུ་ཟེར་ན་ཧ་ཅང་དཀའ་མོ་ཞིག་རེད། 〔མུ་འགོད།〕

གོང་གི་ཡི་གེ་དག་ནང་གི་མཆན།

[1] 《摩登时代》(Modern Times),是查理·卓别林(Charles Chaplin)导演并主演的一部经典喜剧电影,于1936年上映。

[2] 中国传统动画片《三打白骨精》上海美术电影制片厂。 编导:特伟、严定宪等。

[3] 《血疑》是由瀬川昌治、国原俊明、降旗康男执导的1975年播出的日本电视连续剧,山口百惠和三浦友和主演。

[4] 《大侠霍元甲》是1981年由中国香港丽的电视(亚洲电视前身)出品的一部20集电视连续剧。由徐小明导演(监制)和香港名演员黄元申、米雪、梁小龙主演,1983年该剧成为中国大陆引进的第一部香港电视剧。《陈真》是1982由徐小明导演和梁小龙、余安安主演。

[5] 《流浪者》拍摄于1951年,拉兹·卡普尔自编、自导、自演的一部影片。于1953年获得戛纳国际电影节大奖。

[6] 《大篷车》拍摄于1971年,导演纳西尔·胡赛因,主演是吉藤德拉。

[7] 《奴里》拍摄于1979年,导演Manmohan Krishna.

[8] 《这里的黎明静悄悄》拍摄于1972年,导演斯·罗斯托茨基。

[9] 《人生》拍摄于1984年,导演吴天明,编剧路遥。

[10] 《黄飞鸿之三狮王争霸》拍摄于1993年,徐克执导。

[11] 《侏罗纪公园》(Jurassic Park)拍摄于1993年,改编自迈克尔·克莱顿于1990年发表的同名小说,由史蒂文·斯皮尔伯格执导。

[12] 《走出非洲》1985年出品,导演薛尼·波勒。根据丹麦女作家伊萨克·迪内森的同名自传体小说改编。

[13]    《与狼共舞》拍摄于1990年。由凯文·科斯特纳执导。

[14] 《乱世佳人》1939年根据小说家玛格丽特·米切尔的小说《飘》改编。由维克多·弗莱明、乔治·库克、山姆·伍德导演。

_____________________________

རྩོམ་སྒྲིག་པའི་སྐད་ཆ། 

བཅར་འདྲི་འདི་ལྷ་མོ་ཚེ་བརྟན་ལགས་ཀྱི་ཤེས་རམས་པའི་དཔྱད་རྩོམ་ལས་ཁོལ་དུ་ཕྱུངས་ཤིང་། འདིར་བཀོད་པ་ནི་ཁག་དང་པོ་ཡིན། ཡི་གེ་འདི་དག་ཏུ་པད་མ་ཚེ་བརྟན་གྱི་སློབ་འགྲིམ་བརྒྱུད་རིམ་དང་གློག་བརྙན་དང་རིམ་གྱིས་འབྲེལ་ཚུལ། ཤུགས་རྐྱེན་ཐེངས་སྟངས་དང་བརྙན་ཐུང་དང་པོ་ཇི་ལྟར་བཟོས་ཚུལ། མ་རྩ་བཙལ་ཚུལ་སོགས་བློ་རྒྱུ་མས་མ་བསྐུམས་པར་ཅུང་རྒྱས་ཙམ་འཆད་ཡོད་པས། ཡར་སྔོན་གྱི་ཁོང་གི་སྐོར་གྱི་བཅར་འདྲི་དག་ལས་ཀྱང་སྐབས་དེའི་གནས་ཚུལ་སྐོར་གྱི་ཆ་འཕྲིན་ཅུང་རྒྱས་ཙམ་འདུག་པས། རྒྱུས་ལེན་འདོད་མཁན་དག་གིས་ཞིབ་ཙམ་གཟིགས་འོས།

དཔྱད་མཆན་ཡོད།