༄༅།། བོད་ཀྱི་གློག་བརྙན《སྒྲོལ་མའི་མགུལ་རྒྱན》ལས་མངོན་པའི་རིག་གནས་ཀྱི་སྣང་ཚུལ།

1133333.JPG

༄༅།། བོད་ཀྱི་གློག་བརྙན《སྒྲོལ་མའི་མགུལ་རྒྱན》ལས་མངོན་པའི་རིག་གནས་ཀྱི་སྣང་ཚུལ།

 

སྔགས་གཟའ་སྐྱིད། 17ལོའི་ཟློས་གར་འཛིན་གྲྭ།

 

【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་རྒན་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས《སྒྲོལ་མའི་མགུལ་རྒྱན》ཞེས་པའི་གློག་བརྙན་སྤྱིའི་བསམ་བློའི་རང་བཞིན་དང་རིག་གནས་ཀྱི་སྣང་ཚུལ། གློག་བརྙན་ནང་གི་མི་སྣ་གཙོ་བོ་བུ་མོ་སྒྲོལ་མའི་སྣང་བརྙན་ལས་འབྲོག་མོ་ཕལ་བ་ཞིག་གི་ནང་སེམས་ཀྱི་རེ་སྨོན་དེས་འཚོ་བའི་ཟུར་ཙམ་ནས་སྤྱི་ཚོགས་འཚོ་བའི་ཁྲོད་ཐེབས་པས་ཕྱིའི་རྒྱན་གོས་ཀྱི་མཛེས་པ་དང་ནང་སེམས་ཀྱི་མཛེས་པའི་རིན་ཐང་གླེང་ཡོད་ལ། གློག་བརྙན་སྤྱིའི་སྒྱུ་རྩལ་གྱི་མཚོན་ཐབས་བྲིས་ཡོད།

【བརྡ་ཆད་གཙོ་བོ། 】 གློག་བརྙན།  སྐེ་རྒྱན།   གཤིན་པོ།    སྙིང་རྗེ།

 

        བོད་ཀྱི་བརྙན་འཕྲིན་ཟློས་གར་གྱི་ལོ་རྒྱུས་ནི་ཕལ་ཆེར《སྒྲོལ་མའི་མགུལ་རྒྱན》ཡིན། རྒྱུ་མཚན་ནི་བོད་ཀྱི་བརྙན་འཕྲིན་ཟློས་གར་ལ་དངོས་ཁུངས་གཏུགས་ས་མེད། གལ་སྲིད་ཡོད་གྱུར་ན་དེ་ནི་བོད་འབྲེལ་བརྙན་འཕྲིན་ཟློས་གར་ཙམ་དུ་འགྲོ་སྲིད། གློག་བརྙན《སྒྲོལ་མའི་མགུལ་རྒྱན》ཞེས་པ་ལས་དངོས་ཡོད་འཚོ་གནས་ཀྱི་འགལ་ཟླ་དང་ནང་སེམས་ཀྱི་འགལ་འདུ། ཕྱི་ནང་གཉིས་ཀྱི་འགལ་ཟླ་མཚོན་ཐབས་སྤྱད་ནས་མི་རིགས་ཀྱི་ནང་སེམས་དང་ནང་སེམས་ཀྱི་འགྱུར་བ་གཙོ་ཞིང་ཕྱིའི་ཚུར་སྣང་གི་འགྱུར་བ་ལྷོད་འཇགས་ཅན་དང་བབ་བརླིང་ཅན་དེ་ཉིད་སྒྱུ་རྩལ་གྱི་ཚད་ཐིག་ནས་བཞེངས་སྐྲུན་བྱས་ཡོད།

       གློག་བརྙན་གྱི་གཏམ་རྒྱུད་འདིར་སྙིང་རྗེ་དང་བརྩེ་སེམས། གསོལ་འདེབས་ཀྱིས་གྲུབ་བའི་ཆེས་དྭངས་གཙང་གི་འཚོ་གནས་རྣམ་པ་བརྗོད་ཡོད་དེ། གངས་ལྗོངས་ས་མཐོའི་ཡུལ་མི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་དང་དོན་གཉེར་བྱེད་པའི་མི་ཚེའི་ཡུལ་ཁམས་བཅས་ལས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱས་ཡོད། ད་དུང་དྲིན་བྱས་དྲིན་དུ་མི་གོ་བའི་མི་རིགས་ཤིག་གི་གཤིས་ཀ་དང་ངོ་གདོང་ཟུར་ཙམ་མཚོན་པར་བྱས་ཡོད། རྒྱུ་མཚན་ནི་ང་དང་ཆེས་ཐག་ཉེ་བའི་སྲོག་ཆགས་གང་ལའང་གཅེས་འཛིན་གྱི་འདུ་ཤེས་མེད་པ་དང་ཚེ་སྲོག་གི་རིན་ཐང་རྡོག་བརྫིས་བྱེད་པའི་བརྟུལ་ཞུགས་རྒྱུན་ཆགས་པ།  དོན་དུ་རང་གི་འཚོ་གནས་ཙམ་གྱི་ཕྱིར་དུ་ཚེ་སྲོག་གི་གཤེད་མར་གྱུར་ཞིང་ཇུས་ངན་གྱི་སྦྱོར་ལམ་ལྐོག་གྱུར་བ་ཡིན། གློག་བརྙན་གྱི་གནས་ལུགས་ནི་སྣང་བརྙན་གྱི་རོལ་རྩེད་ཙམ་མ་ཡིན་པར་མིའི་བསམ་བློ་དང་མཛེས་དཔྱོད་ཀྱི་གནས་ལུགས་བརྙེད་དགོས་པ་སྟེ་ཡིན།

ས་བཅད་དང་པོ།  གློག་བརྙན་སྤྱིའི་ངོ་སྤྲོད་མདོར་བསྡུས།

གཅིག འཁྲབ་ཁྲིད་པ་ངོ་སྤྲོད།

      རྒན་ཞི་བདེ་ཉི་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ནས་ཡིན་ཞིང་། བོད་ཁུལ་དུ་ཆེས་དགའ་བསུ་ཐོབ་པའི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ། སྙན་ངག་པ། འཁྲབ་ཁྲིད་པ། སྐད་སྦྱོར་བ་བཅས་ཡིན། སྐབས༩བའི་ཨོ་སི་ཁྲི་ལི་ཡའི་ཡ་གླིང་གློག་བརྙན་དུས་ཆེན་གྱི་མཛད་སྒོ་པུའུ་ལེ་སི་པན་གྲོང་ཁྱེར་ནས་བསྡུས་ཤིང་། མཛད་སྒོའི་སྟེང་གློག་བརྙན《ཐར་ལོ》ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ཡ་གླིང་གློག་བརྙན་དུས་ཆེན་གྱི་སྐྱེས་པའི་འཁྲབ་སྟོན་པ་རྩེར་གྲར་བདམས་ཐོན་བྱུང་བ་མ་ཟད། ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོའི་མཐུན་ཚོགས་ཀྱི་ཚོགས་མི་དང་སྤྱི་ལོ༢༠༡༥ལོའི་ཡ་གླིང་གི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པ་འཁྲབ་སྟོན་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཐོབ།

  རང་རེའི་བོད་གངས་ལྗོངས་སུ་མི་རིགས་རང་སྐད་ཀྱིས་འཁྲབ་གཞུང་བསྒྲིགས་ཤིང་འཁྲབ་ཁྲིད་འཁྲབ་སྟོན་བྱས་པའི་གློག་བརྙན་ཐོག་མ་ནི་སྤྱི་ལོ༢༠༠༤ལོར་ཕབ་སྐྲུན་བྱས་ཤིང་། སྤྱི་ལོ༢༠༠༥ལོའི་ལོ་གསར་སྐབས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་བརྙན་འཕྲིན་ཟློས་གར《སྒྲོལ་མའི་མགུལ་རྒྱན》ཞེས་པ་དེ་ཡིན་ལ། དེ་ནི་རྒན་ཞི་བདེ་ཉི་མ་ཁོང་གིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་ཟློས་གར་གློག་བརྙན་ཡིན་ཏེ་དེ་ལ་སྐར་མ་ལྔ་བཅུ་ལྔ་ལྔ་ཡོད། སྤྱི་ལོ༢༠༠༧ལོར་བསྡུས་པའི་སྐབས་དང་པོའི་ཀྲུང་གོའི་ནུབ་རྒྱུད་སྒྲ་བརྙན་དུས་ཆེན་སྟེང་བརྙན་འཕྲིན་ཟློས་གར་འདི་ལ་ཕུལ་བྱུང་བརྙན་འཕྲིན་ཟློས་གར་ཐུང་བའི་བྱ་དགའ་དང་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ། ཁོ་ནི་བོད་སྐད་བརྙན་འཕྲིན་ཟློས་གར་གྱི་སྲོལ་འགྱེད་པ་རུ་བགྲང་ཆོག་སྟེ་ཁོའི་བརྩམས་ཆོས་ཀྱི་བརྙན་འཕྲིན་ཟློས་གར་ལ《སྒྲོལ་མའི་མགུལ་རྒྱན》དང《མོ་སྟོན་ཕག་མགོ》གློག་བརྙན་ལ《ཨ་རིག་བུ་མོ་འབྲི་བརྒྱ་མ》《སྐལ་བཟང་གི་གཟའ་མཇུག》སོགས་དང་།  གར་ཆུང་ལ《རྒྱན་ཆ》《ཁྱིམ་རྒྱུད་ནོར་བུ》《གངས་དཀར་པོར་ཉི་མ་འཆར་དུས》《གངས་དཀར་པོར་ལབ་ཙེ་བསྟོད་དུས》སྙན་རྩོམ་ལ《ངང་བ་སེར་པོ》དང《གངས་ལྗོངས་སྨོན་ལམ་ཆེན་མོ》《ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས》སོགས་མང་པོ་ཡོད་དེ་བརྩམས་ཆོས་གང་མང་ལ་རྒྱལ་ཁབ་ཕྱི་ནང་ནས་བྱ་དགའ་མང་བོ་ཐོབ་མྱོང་།

གཉིས། གློག་བརྙན་སྤྱིའི་ནང་དོན་རགས་ཙམ་གླེང་བ།

          འདིར་བོད་རིགས་འབྲོག་ཁྱིམ་དབུལ་པོ་ཞིག་གི་འུ་ཐུག་ཐབས་ཟད་ཀྱི་འཚོ་བའི་ཁྲོད་དུ་བུ་མོ་ལ་བྱུ་རུའི་སྐེ་རྒྱན་ཞིག་ཉོ་བ་བརྒྱུད་ནས་ན་ཆུང་བུ་མོ་ཞིག་གི་དྭངས་གཙང་གི་སེམས་ཁམས་དང་འཚོ་བའི་ཕུགས་བསམ། སེམས་རྒྱུད་ཀྱི་བྱམས་དང་སྙིང་རྗེ་སོགས་བོད་རིགས་ཀྱི་རིག་གནས་འདུ་ཤེས་མཚོན་པ་ཞིག་ཡིན། ཞིབ་ཏུ་བརྗོད་ན། གློག་བརྙན་ནང་བུ་མོ་སྒྲོལ་མའི་སྤྱིར་བཏང་གི་འཚོ་བའི་ཁྲོད་མོའི་ཆེས་བབ་ཆགས་དང་ཆེས་མཛེས་སྡུག་ལྡན་པའི་ཡིད་འགུག་གི་གཏམ་རྒྱུད་དང་། མཇུག་མཐར་ཕྱུགས་རྫི་བུ་མོས་རྒྱུ་འབྱོར་དང་ཕྱི་ཡུལ་གྱི་མཛེས་སྡུག་སོགས་ཡོད་ཚད་བློས་བཏང་སྟེ་ནང་སེམས་ཀྱི་མཛེས་སྡུག་ལ་བསྙེགས་པའི་ལམ་དུ་ཆས་པ་རེད།

ས་བཅད་གཉིས་པ།  གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་།


གཅིག  གློག་བརྙན་ཁྲོད་དུ་གནས་པའི་རིག་གནས་ཀྱི་སྣང་ཚུལ་མངོན་སྟངས།

         མིའི་རིགས་ལ་གློག་བརྙན་གྱི་ལོ་རྒྱུས་དང་གློག་བརྙན་གྱི་ལམ་ཕྱོགས་བཏོད་ནས་ཧ་ལམ་ལོ་ངོ་བརྒྱ་ལྷག་གི་སྒྱུ་རྩལ་གྱི་ལོ་རྒྱུས་བཞུད་ལམ་ཡོད་པ་རེད། དེ་བཞིན། ང་ཚོ་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ཟུར་ཚད་ནས་བརྗོད་ནའང་། “ཕལ་ཆེར་དུས་རབས༢༠པའི་ལོ་རབས༢༠ནས་བཟུང་། བོད་ཀྱི་དངོས་ཡོད་འཚོ་བ་སྤྱི་ཁོག་ཙམ་དང་སྤྱི་ཚོགས་ཀྱི་གནས་བབ་ཆ་ཙམ། བོད་ཀྱི་དུས་སྐབས་ཀྱི་ངོ་གདོང་ཆ་ཙམ། བོད་ཀྱི་ལོ་རྒྱུས་ཀྱི་བཤུལ་ལམ་ཆ་ཙམ་མཚོན་པའི་བོད་འབྲེལ་གློག་བརྙན་ནི་ཕྱི་གླིང་དུ་བྱུང་བ་དང་རིམ་གྱིས་རྒྱལ་ནང་དུའང་བྱུང་བ་རེད། ལོ་རབས་དང་ལོ་རབས་གསར་བའི་རྒྱུན་དང་བརྒྱུས་ནས་བོད་ཀྱི་གློག་བརྙན་གྱི་བཟོ་ཚོང་རིག་གསུམ་གྱི་འདུ་ཤེས་དང་ལག་ལེན་རིམ་གྱིས་བྱུང་བ་རེད། ”[1]དོན་གྱིས་དེ་དག་ནི་བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་རྣམ་པ་ཙམ་ལས་དངོས་ཡོད་དང་མཐུན་པའི་བོད་ཀྱི་ལྟ་གྲུབ་དང་སེམས་ཁམས། བོད་ཀྱི་ངོ་བོ་དང་རང་བཞིན། བོད་ཀྱི་གཤིས་སྤྱོད་དང་འདུ་ཤེས། བོད་ཀྱི་འཚོ་སྟངས་དང་གོམས་སྲོལ་གྱི་གློག་བརྙན་དག་མ་ཞིག་གཏན་ནས་མིན། བོད་འབྲེལ་གློག་བརྙན་དང་བོད་ཀྱི་གློག་བརྙན་ལ་ཁྱད་པར་འདུག  སྤྱིར་ན་བོད་འབྲེལ་གློག་བརྙན་ནི་བོད་ཀྱི་གློག་བརྙན་མིན་ཞེས་པ་ནི་མ་ཡིན་ཏེ། བོད་འབྲེལ་གློག་བརྙན་གྱི་འཁྲབ་ཁྲིད་པ་བོད་མིན་པར་གློག་བརྙན་གྱི་ནང་དོན་བོད་ཀྱི་འཚོ་བ་དངོས་མཚོན་པ་ཞིག་ལ་ཟེར་ཞིང་། བོད་ཀྱི་གློག་བརྙན་ནི་བོད་ཀྱི་གློག་བརྙན་མི་སྣའི་བསམ་བློ་དང་ཁྱབ་ཁོངས། བོད་ཀྱི་གློག་བརྙན་པའི་སྒྲིག་གཞི་དང་རྩ་འཛུགས། བོད་ཀྱི་གློག་བརྙན་གྱི་ཆེད་ལས་དང་ཞིབ་འཇུག བོད་ཀྱི་གློག་བརྙན་འཇུག་སྒོ་དང་གསར་འབྱེད། བོད་ཀྱི་གློག་བརྙན་གྱི་རྩ་བའི་ཁ་ཕྱོགས་དང་གཞི་གྲུབ་ནི་བོད་ཀྱི་གློག་བརྙན་གྱི་ཕྱི་རྐྱེན་དངོས་ཡིན། ལྷག་པར་བོད་ཀྱི་གློག་བརྙན་ལ་བོད་རང་གི་ཕ་སྐད་རང་བཞིན་གྱི་གློག་བརྙན་དང་བོད་ཀྱི་ཤེས་ཡོན་བརྡ་རྟགས་མཚོན་པའི་གློག་བརྙན། བོད་ཀྱི་ནང་སེམས་བརྡ་སྤྲོད་རང་བཞིན་གྱི་གློག་བརྙན་དངོས་ཡོད། གཙོ་བོ་བརྗོད་དོན་གྱི་ཐད་དང་འཁྲབ་ཁྲིད་པའི་ཐད། མཚོན་ཐབས་ཀྱི་ཐད། ལོ་རྒྱུས་སྒྲིག་གཞིའི་ཐད། ས་བབ་དབྱེ་མཚམས་ཀྱི་ཐད་བཅས་སུ་ཕྱེ་ཡོད། དེ་ནི་གློག་བརྙན་གྱི་བརྡ་རྟགས་རེ་རེ་དང་མཚོན་བྱའི་སྣང་བརྙན་རེ་རེ་ལས་བརྡར་ཤ་བཅད་པ་ཡིན།

          གློག་བརྙན་ནི་ཀུན་འདུས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན་ཡང་། རང་ཅག་བོད་པ་རྣམས་ལ་རོལ་རྩེད་ཙམ་དུ་གྱུར་པའི་ཚོང་ལས་གློག་བརྙན་གྱིས་ཤན་ཤུགས་ཐེབས་དྲག་པས་གློག་བརྙན་ནི་ཕུལ་བྱུང་གི་ཤེས་རིག་ཅིག་ཏུ་བརྩི་མཁན་ཧ་ཅང་ཉུང་ཤས་རེད། གློག་བརྙན་སྒྱུ་རྩལ་དར་ནས་ད་བར་དུ་ལོ་ངོ་བརྒྱ་ཕྲག་ལྷག་འགོར་ཡོད་ཀྱང་བོད་ཀྱི་གློག་བརྙན་གྱི་གནས་བབ་ནི་ཕྱི་གླིང་རྒྱལ་ཁབ་ནས་གློག་བརྙན་བྱུང་མ་ཐག་གི་རྣམ་པ་དང་གཅིག་མཚུངས་ཡིན་ཏེ། དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་ས་མཐའི་ཞིང་གྲོང་དང་གྲོང་གསེབ་ཆུང་ས་དག་ནས་སྒྱུ་མ་མཁན་དང་རྟ་རྩལ་ཚོགས་པའམ་དུད་འགྲོའི་སྒྱུ་རྩལ་ཚོགས་པའི་རྩེད་མོ་མ་བསྟན་གོང་ལྟད་མོ་བ་འགུག་པའི་ལག་ཆ་ཁོ་ན་མ་གཏོགས། རིག་གནས་སྒྱུ་རྩལ་དུ་བཀུར་བའི་ལུགས་ཤིག་གཏན་ནས་མ་བྱུང་ཞེས་འཛམ་གླིང་གློག་བརྙན་ལོ་རྒྱུས་སུ་གསལ་བོར་བསྟན་ཡོད། དེའི་རྐྱེན་གློག་བརྙན་ནི་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས། འཚོ་བ་དང་རིན་ཐང་གི་ལྟ་ཚུལ་སོགས་ཕན་ཚུན་ལ་བརྗེ་རེས་སམ་ཁྱབ་བསྒྲགས་བྱེད་པར་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན། ཐོག་མར་གློག་བརྙན་ནི་ཚོང་ལས་གློག་བརྙན་ཁོ་ནར་ངོས་མི་འཛིན་པར་ཤེས་བྱ་རིག་གནས་གང་མང་ཞིག་གཞི་གཅིག་ཏུ་འདུས་པའི་ཀུན་འདུས་ཀྱི་རིག་གནས་སྒྱུ་རྩལ་ཞིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་ནི་བོད་རང་ལ་ཆ་རྒྱུས་མེད་པའི་ཤེས་རིག་གསར་བ་འདི་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པའི་སྔོན་འགྲོ་ཡིན། མི་རིགས་ཀྱི་གློག་བརྙན་ནི་མི་རིགས་རང་བཞིན་གྱི་ལྟ་བའི་མཛེས་དཔྱོད་དང་ཡུལ་སྲོལ་གོམས་ལུགས། སྒེར་གཤིས་རིག་གནས། ཐུན་མིན་གྱི་བསམ་བློའི་འཁྱེར་སོ་ཅི་རིགས་མངོན་པར་མཐོ་བ་མཚོན་བྱེད་དུ་འཛིན་པའི་སྒྱུ་རྩལ་གྱི་སྣང་བརྙན་གཞི་བྱས་ཏེ་ཁོར་ཡུག་དང་མངའ་ཁོངས་ཀྱི་རྣམ་པ་ཐོན་པའི་གློག་བརྙན་རིག་གནས་ལ་བྱ།

      གློག་བརྙན་འདི་ནི་མཚོ་ལྷོ་ས་ཆ་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་ཞིག་ཡིན་ལ། སྤྱིར་མཚོ་སྔོན་པོའི་ལྷོ་རྒྱུད་དུ་ཆགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཨ་མདོ་བོད་རིགས་རིག་གནས་ཀྱི་ལྟེ་བའི་ས་ཁོངས་ཤིག་ཡིན་པ་དང་ལོ་བརྒྱའི་རིང་ས་གཞི་གཤིན་པོ་དེར་འོད་སྟོང་རབ་ཏུ་འཕྲོ་བའི་མི་རིགས་ཀྱི་དམངས་ཁྲོད་གསོ་སྐྱོང་བྱས་ཡོད། རིག་གནས་སྒྱུ་རྩལ་བཅིངས་འགྲོལ་བཏང་རྗེས་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་དང་རིམ་ཁག་ས་གནས་ཏང་ཨུ་ཡོན་ལྷན་ཁང་། སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་དུ་བསྟར་ནས་ཕུལ་དུ་བྱུང་བའི་རིག་གནས་སྲོལ་རྒྱུན་དེ་དག་རྒྱུན་འཛིན་དང་སྲུང་སྐྱོབ། གསར་སྤེལ་བཅས་བྱེད་ཐུབ་པ་བྱུང་ཡོད། གློག་བརྙན་འདིས་མཐོ་སྒང་ན་གཞིས་ཆགས་བའི་བོད་རིགས་འཚོ་བ་དངོས་ཤིག་བརྗོད་ཀྱི་ཡོད་དེ། གནའ་ནས་བཟུང་བོད་གངས་ཅན་པ་འདི་གཡུ་བྱུར་དང་རྩག་སྲམ་ལ་དགའ་བའི་མི་རིགས་ཤིག་ཡིན། རྒྱུ་མཚན་ས་ཁམས་ཁོར་ཡུག་གི་དབང་གིས་ས་བབ་ཆགས་ཚད་མཐོ་ཞིང་གྲང་རླུང་ཆེ་བའི་བོད་པ་དམངས་ཚོགས་རྩག་སྲམ་ལྟ་བུའི་གོན་པ་མཐུག་པོ་གོན་རྒྱུར་དགའ། མདོ་དབུས་མཐོ་སྒང་ན་གཞས་ཆགས་པའི་སྐྱ་མི་ཡིན་ཕྱིར་སྨད་རྒྱ་མཚོ་ཆེན་པོ་ལས་བཏོན་པའི་བྱུར་རྡོ་ལྟ་བུ་ས་འདི་ག་ན་ཧ་ཅང་བཀོན་པོ་འདུག་པས་བོད་ཀྱི་བུ་མོ་རྒན་དར་གཞོན་གསུམ་སུ་ཡིན་རུང་རྒྱན་ཆ་ལ་དགའ་སྟེ། བྱུ་རུའི་སྐེ་རྒྱན་ལ་དེ་བས་ཀྱང་དགའ་བོ་འདུག ཨ་མའི་རྒྱན་ཆ་བུ་མོར་སྟེར་བ་དང་ཁྱིམ་ཚང་ཆ་རྐྱེན་བཟང་ངན་གང་ཡིན་རུང་རང་ཚང་གི་བུ་མོ་ལ་བྱུ་རུའི་སྐེ་རྒྱན་ཞིག་ཉོ་བ་ནི་དཔེ་རུ་གྱུར་ཡོད། བྱུ་རུའི་སྐེ་རྒྱན་འདི་བོད་པའི་བུ་མོའི་འདོགས་ཆ་གཙོ་བོར་གྱུར་ཡོད། གློག་བརྙན་གྱི་གཏམ་རྒྱུད་འདིར་སྙིང་རྗེ་དང་བརྩེ་སེམས། གསོལ་འདེབས་ཀྱིས་གྲུབ་བའི་ཆེས་དྭངས་གཙང་གི་འཚོ་གནས་རྣམ་པ་མཚོན་ཡོད། དེ་བཞིན་གངས་ལྗོངས་ས་མཐོའི་ཡུལ་མི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་དང་དོན་གཉེར་བྱེད་པའི་མི་ཚེའི་ཡུལ་ཁམས་བཅས་ལས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཟུར་ཞིག་ཇི་བཞིན་མཚོན་པར་བྱས་ཡོད།

       གློག་བརྙན་འདི་ནི་རྩྭ་ཐང་གི་བུ་མོ་ཕལ་བ་ཞིག་གི་ནང་སེམས་ཀྱི་ལྷད་མེད་དྭངས་གཙང་གི་གཤིས་རྒྱུད་ལ་སེམས་འགུལ་སློང་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། ལོ་ན་གཞོན་པའི་འབྲོག་མོ་ཞིག་གི་མཇུག་མཐར་དངོས་བོ་འདོར་འདོད་པའི་ཁྱབ་ཁོངས་ཀྱི་ཕྱིའི་མཛེས་པ་དང་། བསམ་པའི་ཁྱབ་ཁོངས་ཀྱི་ནང་གནས་མཛེས་པའི་སེམས་ཁམས་འཚར་ལོངས་ཀྱི་བརྒྱུད་རིམ་བཤད་པ་རེད། གློག་བརྙན་གཏམ་རྒྱུད་ཀྱིས་བྱམས་སྙིང་རྗེ་མཚོན་ཡོད། གཅེས་སེམས་དང་སྨོན་ལམ་ལས་གྲུབ་པའི་དྭངས་གཙང་ལྷན་མེད་ཀྱི་འཚོ་གནས་རྣམ་པ་དེ་བཞིན་གངས་ལྗོངས་ས་མཐོའི་གྲོང་མིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་དང་དོན་གཉེར་བྱེད་པའི་མི་ཚེའི་ཡུལ་ཁམས་ཀྱིས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་ཡོད།

གཉིས།  སྤྱི་ཚོགས་ཁྲོད་བཟོས་པའི་ཤུགས་རྐྱེན།

         གློག་བརྙན་ཞེས་པའི་ཚད་གཞི་དང་མཚོན་ཐབས་ཀྱི་ཐད་ནས་བལྟས་ན། འདི་ལའང་མི་འདང་ས་དང་ངོ་སྐྱེངས་བའི་སྣང་བརྙན་དགོད་སློང་བ་ཡོད།

          སྐྱ་ཐང་ཐང་གི་རྩྭ་ཐང་དང་སྦྲ་གུར་ཧྲུལ་བོ་ཆུང་ཆུང་དེས་ནང་བཟའ་མི་བཞི་འཚོ་སྡོད་བྱས་ཡོད་དེ། འབྲི་མ་བུ་གཉིས་ཀྱི་འོ་མར་ལ་བརྟེན་ནས་ཁ་རྒྱབ་གསོ་ཐབས་བྱས་ཡོད། ཕ་མ་ནི་ཆེས་སྒེར་སེམས་མེད་པའི་མི་དེ་ཡིན། ཕ་མས་ང་ཚོའི་ཆེད་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་དཀའ་ལས་སྐུ་ཚེགས་མང་བོ་མྱོང་བཞིན་ཡོད། མི་ཚེ་ལ་སྔོན་དཔག་བྱེད་དཀའ་བའི་བསམ་ཡུལ་འདས་པའི་དོན་རྐྱེན་མང་བོ་འབྱུང་སྲིད་དེ། གློག་བརྙན་འདི་ཡང་དེ་ལས་མ་ལྡོག་པར་བུ་མོ་ཞིག་གི་རང་གི་གནས་སྐབས་ཙམ་གྱི་དགོས་འདོད་དེ་སྐོང་ཕྱིར་རང་ཚང་ལ་འབྲི་མོ་གཉིས་ཡོད་པ་ཚོང་བ་གཉིས་ལ་བཙོང་། བུ་མོ་སྒྲོལ་མ་ཕྱི་མཛེས་ཀྱི་རྒྱན་ཆ་ལ་ཞེན་ཆགས་ཏེ་ཁྱིམ་ཚང་གི་གནས་བབ་ལ་འདང་མི་རྒྱག་པར་གཞན་གྱི་རྗེས་སུ་སྙེགས་ནས་ཨ་ཕར་བྱུ་རུའི་སྐེ་རྒྱན་ཞིག་འབྲི་མོ་དེ་གཉིས་དང་བརྗེ་རུ་བཅུག མོ་རང་གི་ཨ་མའི་ལུས་ཕུང་ཀྱང་ནད་ཀྱིས་བཟུང་ནས་སྨན་པར་ཡང་མ་བསྟན་པར་མོ་ལ་བྱུ་རུ་ཉོས། འོན་ཀྱང་མོས་རང་ལ་ཚེ་སྲོག་གནང་མཁན་གྱི་ཨ་མའི་ནད་གཞི་དང་རང་ལ་འོ་མ་སྦྱིན་མཁན་གྱི་འབྲི་མོ་གཉིས་ཀྱི་དྲིན་ལན་རྩ་བ་ནས་བརྗེད་འདུགཡིན་ཡང་རྒྱ་ཚོང་བ་སྒོ་རུ་འབྱོར་ནས་འབྲི་མོ་ལ་སྙིང་རྗེ་ཅི་ཡང་མེད་པས་སྒོ་ནས་གདུག་རྩུབ་ཀྱི་རང་གཟུགས་ཕྱི་རུ་མངོན་ནས་ཁྲིད་དུས། བཤད་སྲོལ་ཞིག་ལ“ཟོག་འགྲོགས་ཀྱིན་འགྲོགས་ཀྱིན་ཇེ་བཟང་དང་མི་འགྲོགས་ཀྱིན་འགྲོགས་ཅན་ཇེ་ངན”ཞེས་པ་བཞིན་འབྲི་མོས་རང་གི་གཞིས་ཁྱིམ་གྱི་ལྷས་ར་དྲོད་མོ་དང་གཅེས་པའི་བདག་མོ་ལ་ཡེ་ནས་ཁ་བྲལ་མི་འདོད་པའི་རྣམ་པ་དེས་བུ་མོ་སྒྲོལ་མའི་སེམས་གཏིང་ནས་རང་གི་དྲིན་ཆེན་འབྲི་མོ་བཙོང་མ་འདོད་པར་གློ་བུར་དུ་བརྒྱུགས་ནས་འབྲི་མོ་ཕྱིར་རང་ཁྱིམ་དུ་ཁྲིད། དེ་དུས་བུ་མོ་སྒྲོལ་མའི་ད་གཟོད་འབྲི་མོ་ནི་རང་ལ་བརྩེ་བའི་སྒོ་ཟོག་གཅིག་པུ་ཡིན་པ་གཞི་ནས་རྟོགས་ཏེ་ཁོ་མོས་བདམས་པ་ནི་ཕྱི་གོས་ཀྱི་མཛེས་པའི་རྒྱན་ཆ་བྱུ་རུའི་སྐེ་རྒྱན་མ་ཡིན་པར་གཡང་གི་འབྲི་མོ་བདམས་པ་དེས། སྤྱི་ཚོགས་འཚོ་བའི་ཁྲོད་གཡང་གི་འབྲི་མོ་ནི་ང་ཚོའི་མི་རིགས་ཤིག་གི་འཚོ་རྟེན་ཡིན་པ་ང་ཚོ་ཕྱི་རབས་པ་མང་པོ་ཞིག་གི་ངོ་ཤེས་ཀྱིན་མི་འདུག དེང་གི་དུས་འདིར་ང་ཚོའི་ཕ་ཡུལ་གྱི་རྩྭ་ཐང་དང་ཕྱུགས་ཟོག་གི་རིན་ཐང་བོར་ནས་གྲོང་ཁྱེར་དུ་ཆས་པ་ནི་ཉུང་ཉུང་མིན། གློག་བརྙན་ཁྲོད་ཡང་འཁྲབ་ཁྲིད་པ་ཁོང་གི་བསམ་བློའི་དགོངས་པ་རེ་ཞིག་མཚོན་ཡོད་བསམ།

         འདི་ནི་མཐོ་སྒང་གི་མི་རྣམས་ཀྱིས་འཚོ་བའི་དོན་དུ་མིག་མདུན་གྱི་དཔལ་འབྱོར་ཁེ་ཕན་དང་སྲོལ་རྒྱུན་གྱི་དགེ་སེམས་བར་ནས་འགལ་འདུའི་ངང་འདུར་ཞིང་།  མི་དང་སྲོག་ཆགས།  མི་དང་རང་བྱུང་ཁམས་བར་གྱི་བརྩེ་སེམས་བོར་བའི་དུས་རབས་རྒྱབ་ལྗོངས་སུ་བྱས་ཏེ་ཚེ་སྲོག་གི་སྙིང་བོ་འཚོལ་བའི་གློག་བརྙན་ཞིག་ཡིན། གློག་བརྙན་ཁྲོད་བྱིས་པའི་བག་ཆགས་ནི་ལྷད་མེད་དང་དྭངས་གཙང་ཡིན་ཏེ་མིའི་བསམ་བློའི་སློབ་གསོ་ལས་མགོ་བརྩམས་པ་ཡིན་པས། རང་མི་རིགས་ཀྱི་གོམས་སྲོལ་དང་ལུགས་སྲོལ་གྱི་དབང་གིས་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་བུ་མོ་ཞིག་ལ་མཚོན་ན་ནང་སེམས་ན་བྱུ་རུའི་སྐེ་རྒྱན་ལ་སོགས་པའི་ཕྱི་གོས་ཀྱི་རྒྱན་སྤྲས་ནི་རེ་བ་དང་སྨོན་པའི་མཛེས་དཔྱོད་ཀྱི་བག་ཆགས་ཞིག་ཏུ་ཆགས་ཡོད། དེ་བས། ལོ་གསར་བའི་མིའི་དགོས་མཁོ་དང་མཛེས་པ་ལས་དྲིན་ཆེན་འབྲི་མོའི་ཚེ་སྲོག་གལ་ཆེ་བ་དང་དྲིན་ངོ་རྟོགས་པའི་བླང་བྱ་ལྡན། གང་ལྟར། དྲིན་བྱས་དྲིན་དུ་མི་གོ་བའི་མི་རིགས་ཤིག་གི་གཤིས་ཀ་དང་ངོ་གདོང་ཟུར་ཙམ་མཚོན་ཡོད། རྒྱུ་མཚན་ནི་ང་དང་ཆེས་ཐག་ཉེ་བའི་སྲོག་ཆགས་གང་ལའང་གཅེས་འཛིན་གྱི་འདུ་ཤེས་མེད་པ་དང་ཚེ་སྲོག་གི་རིན་ཐང་རྡོག་བརྫིས་བྱེད་པའི་བརྟུལ་ཞུགས་རྒྱུན་ཆགས་པ། དོན་དུ་རང་གི་འཚོ་གནས་ཙམ་གྱི་ཕྱིར་དུ་ཚེ་སྲོག་གི་གཤེད་མར་གྱུར་ཞིང་ཇུས་ངན་གྱི་སྦྱོར་ལམ་ལྐོག་གྱུར་བ་ཡིན། གློག་བརྙན་གྱི་གནས་ལུགས་ནི་སྣང་བརྙན་གྱི་རོལ་རྩེད་ཙམ་མ་ཡིན་པར་མིའི་བསམ་བློ་དང་མཛེས་དཔྱོད་གྱི་གནས་ལུགས་བརྙེད་དགོས་པ་དེ་ཡིན། མི་རིགས་རང་གི་མེས་པོ་གོང་མ་ནས་མི་རབས་ནས་མི་རབས་བར་དུ་འཚོ་བའི་དྲོད་ཁོལ་སྟེར་མཁན་ནི་གཡང་གི་སྒོ་ཕྱུགས་ལས་གཞན་གང་ཡང་མ་འདུས། ལྟོ་རྒྱབ་ཀྱི་ཆེད་དུ་རྐྱང་རྐྱང་མ་ཡིན་པར་ཕྱི་མཛེས་པའི་ཁ་དོག་བསྒྱུར་བྱེད་ཡང་སྒོ་ཟོག་འབྲི་མོའི་ཤ་ཁྲག་དང་ཚེ་སྲོག་ཡིན་པ་ང་ཚོའི་གྱིས་ཀྱང་ཤེས་ཀྱིན་མི་འདུག་ལ། ཚེ་སྲོག་གང་དང་ཐ་ན་ཕྱི་རོལ་ཡུལ་གྱི་བྱ་བྱེའུ་འབའ་འབུ་ཚང་མ་ལ་ཡང་ཚེ་སྲོག་ཡོད་པས་རྐྱེན་གྱིས། སྨྲ་ཤེས་ཤིང་དོན་གོ་བའི་མི་བུ་ཞིག་གི་ངོས་ཐད་ནས་ཚེ་སྲོག་གཅེས་སྤྲས་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཞིག་ཏུ་འཛིན་དགོས་སྙམ། རང་གི་མིག་མདུན་གྱི་ཁེ་ཕན་ཁོ་ན་ཅིག་གི་སླད་དུ་རང་ལ་གཅེས་པའི་སྲོག་ཆགས་དུད་འགྲོ་ཡིན་ཡང་ཚེ་སྲོག་མི་བརླག་པར་ཚེ་སྲོག་ལ་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་འདུ་ཤེས་འཛིན་སྟངས་ཡོད་པར་བྱེད་རྒྱུ་གལ། དེ་མིན་ང་ཚོས་ནམ་རྒྱུན་གླེང་བར་སློང་བའི་བྱམས་དང་སྙིང་རྗེ། ལས་དང་རྒྱུ་འབྲས་ཟེར་བ་ནི་བོད་པ་རང་གི་རིག་གནས་ཡིན་པ་གཞི་ནས་ཉམས་བཞིན་འདུག་སྙམ།

ས་བཅད་གསུམ་པ། དམངས་སྲོལ་སྐོར་གླེང་བ།  

གཅིག  ཕྱི་ཡུལ་གྱི་མཛེས་སྡུག་ལས་ནང་སེམས་ཀྱི་མཛེས་སྡུག་གི་གལ་ཆེའི་རང་བཞིན།

        ཕྱི་རོལ་ཡུལ་གྱི་མཛེས་པ་ནི་ཁྱོད་ཀྱིས་མིག་གིས་མཐོང་ཐུབ་པའི་ཕྱི་ཚུལ་ཞིག་རེད།  སྤྱིར་བཏང་དུ་མིའི་གཟུགས་དབྱིབས་དང་།  བཞིན་རས། བྱ་སྤྱོད། ཉམས་འགྱུར། སྐད་ཆ།  རྒྱན་སྤྲས་སོགས་ཕྱིའི་གཟུགས་བརྙན་གྱི་མཛེས་བའི་ཕྱོགས་བསྡུས་མཚོན་ཚུལ་ལ་ཟེར།

         ནང་སེམས་མཛེས་པའི་ཐོག་མའི་གོ་དོན་ནི་ནང་སེམས་ཀྱི་འཇིག་རྟེན་གྱི་མཛེས་པ་དང་། མིའི་བསམ་བློ་དང་། ཀུན་སྤྱོད།  བསམ་ཚུལ། གཤིས་ཀ་སོགས་ནང་གནས་བྱང་ཚད་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས་ནང་གནས་ཀྱི་མཛེས་པ་ལའང་སེམས་ཀྱི་མཛེས་པ་ཟེར།

      སྤྱིར་མི་རིགས་ཞེས་བྱ་བ་ནི་ཡུལ་ཁོངས་དང་ཆོས་ལུགས། རིག་གནས་དང་སྐད་ཡིག་བཅས་ཁྱད་ཆོས་དུ་མའི་ཐོག་ནས་གྲུབ་དགོས་ལ། དེ་ལྟར་གྲུབ་པ་ཞིག་ཀྱང་ཡིན། ཁྱད་ཆོས་དེ་དག་མ་འཛོམས་ན་མི་རིགས་ཞེས་བྱ་བའི་བདག་ཉིད་ཅན་དུ་འགྱུར་མི་སྲིད་ལ། ཁྱད་ཆོས་དེ་དག་ཉམས་ཆག་ཏུ་སོང་ན་མི་རིགས་དེའང་ཉམས་རྒུད་དུ་འགྲོ་བའི་ལྟས་དང་རྒྱུ་རུ་འགྱུར།

       “གོས་རྒྱན་ནི་མི་རིགས་ཤིག་གི་མི་ཆོས་ཀུན་སྤྱོད་དང་། འཚོ་བ་རོལ་སྟངས། རིན་ཐང་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་རིག་གནས་ཤིག་གི་ཁྱད་པར་མངོན་སུམ་དུ་མཚོན་པར་བྱེད་པའི་མེ་ལོང་ལྟ་བུ་ཞིག་རེད། ”[2] དེ་ནི་མི་རིགས་ཤིག་དང་ས་ཆ་ཞིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་ཅིག་རེད། རང་རེའི་བོད་མི་རིགས་ལ་མཚོན་ན་ཧ་ཅང་ཉམས་འགྱུར་ལྡན་པའི་ཐུན་མོང་གི་གྱོན་ཆས་དང་འདོགས་རྒྱན་མང་པོ་ཡོད་པ་མ་ཟད། ས་ཆ་སོ་སོར་རང་རང་གི་ཆ་ལུགས་རེའང་ཡོད། མཚོ་ལྷོ་ས་ཆའི་གྱོན་ཆས་ལ་བོད་སྤྱིའི་གྱོན་ཆས་དང་མཐུན་པའི་ཆ་ཡང་ཡོད། རང་རེའི་བོད་ལ་མཚོན་ནའང་འཛམ་གླིང་གི་མི་རིགས་སྤྱི་དང་ཀུན་ནས་མཚུངས་ཤིང་གོས་སུ་སྡོང་ལོ་གྱོན་པའི་དུས་ནས་རི་དྭགས་ཀྱི་པགས་པ་གྱོན་པ་སོགས་གོས་རྒྱན་སྟབས་བདེ་ཡི་དུས་རབས་ཤིག་བྱུང་ཟིན་ལ་དེ་ནི་བོད་ཀྱི་གྱོན་གོས་ལོ་རྒྱུས་ཐོག་མ་ཡིན། ཡང་གཅིག་བཤད་ན། གོས་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ ཞིང་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ། ཕྱི་གོས་རྒྱན་གྱི་སྟེང་ནས་མི་རིགས་དེའི་ཀུན་སྤྱོད་མཚོན་པར་མ་ཟད་། ད་དུང་མི་རིགས་དེའི་ཤེས་རིག་ལྡན་པའི་ལོ་རྒྱུས་ཀྱང་མཚོན་གྱིན་ཡོད།

        སྨད་ཀྱི་རྒྱ་མཚོ་ཆེན་མོ་ལས་བཏོན་པའི་བྱུར་སྡོང་དང་གཡུ་རྡོ་ཡི་མཛེས་པ་སྤྲས་པའི་བསམ་བློ་ཞིག་གནའ་ནས་ད་ལྟའི་བར་ཆགས་ཤིང་འཕེལ་བ་རེད། དེ་ནི་མི་རིགས་ཤིག་གི་སྤྱི་མཐུན་རང་བཞིན་གྱི་མཛེས་དཔྱོད་དུ་གྱུར་ཡོད་པ་མ་ཟད། གནའ་མིའི་ཁ་དཔེ་ལ“རིན་པོ་ཆེའི་རྒྱན་ཆ་ལུས་ན་ཡོད་ན་གེགས་དང་བར་ཆད་སེལ་ལ་རྒྱུ་དང་འབྱོར་བ་ལག་ལ་ཡོང་།”ཟེར་བ་སྣང་བཞིན་ལུས་ལ་རིན་ཆེན་རྒྱན་ཆ་སྤྲས་པར་དགའ་བའི་གོམས་སྲོལ་ཆགས་ཡོད། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།།”ཟེར་བར་ནང་སེམས་མཛེས་པ་སྟེ་སེམས་ཁམས་མཛེས་པ་དང་མི་སེམས་བཟང་བ། ལྷག་བསམ་རྣམ་དག་ཡིན་པ་བཅས་ནི་ཆེས་གལ་ཆེ་བ་ཡིན། དེང་སྐབས་སྤྱི་ཚོགས་ཀྱི་མི་དང་མིའི་བར་གྱི་འབྲེལ་འདྲེས་ནི་ཟོལ་བཅོས་ཀྱི་གདོང་འབག་གྱོན་ཡོད་པ་རེད། ཕྱི་ནས་མཛེས་པ་ནི་མིའི་ཕྱིའི་རྣམ་པ་གཞན་ལས་མཛེས་སྡུག་ལྡན་པའི་གདོང་ཞིག་ཡིན་པ་མཚོན་པ་ཙམ་ཡིན། གལ་ཏེ་མིའི་བསམ་པ་བཙོག་གྱུར་ན་ཕྱི་མཛེས་ལྷ་མོ་འདྲ་ཞིག་ཡིན་རུང་ཕན་པ་མེད། གཞན་ཡང་ངས་བལྟས་ན་ཕྱི་རྒྱལ་གྱི་མཛེས་པར་རྒྱབ་སྐྱོར་བྱེད་མཁན་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ནི་ཕྱི་ཚུལ་གཙོ་བོ་ཡིན་ཞེས་བཤད་སྲིད།  ཁྱོད་ཀྱིས་འདི་འགག་གནད་དུ་བཟུང་ནས་མི་ཚང་མས་ཕྱི་ཡུལ་གྱི་མཛེས་པ་ཁོ་ནར་ཧུར་ཐག་བྱས་ཚེ་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་མི་ཐུབ་ལ་ཕན་ཚུན་བར་ཕྲག་དོག་ཀྱང་སྔོན་ལས་ཆེ་རུ་འགྱུར་འགྲོ།  ཕྱིའི་མཛེས་སྡུག་གིས་མི་ལ་མཐོང་ཚོར་གྱི་ཚོར་བ་སྐྱིད་པོ་དང་ནང་སེམས་ཀྱི་མཛེས་སྡུག་གིས་མི་ལ་ནམ་ཡང་དྲོད་ཁོལ་སྟེར་ཐུབ།

        མིའི་ཕྱིའི་ཚུགས་ཀ་དང་རྒྱན་ཆ་ནི་མི་ལ་བཞག་པའི་བག་ཆགས་དང་པོ་ཡིན་རུང་། འོན་ཀྱང་ཡུན་རིང་ཞིག་ལ་མི་སེམས་མཐོང་ན། ནང་སེམས་ཀྱི་མཛེས་པ་ནི་རྒྱུན་ཆད་མེད་པར་ཕྱིར་མངོན་ནས་ཁྱོད་ལ་སེམས་འགུལ་ཐེབས་སུ་འཇུག་སྲིད།  དེ་བཞིན་གློག་བརྙན་འདིར་བུ་མོ་སྒྲོལ་མའི་རང་གི་ཕྱིའི་མཛེས་པའི་རྒྱན་ཆ་ལ་རེ་བའི་སྨོན་པ་དང་རང་དང་འབྲི་མོའི་བར་གྱི་བརྩེ་བ་ནི་ནང་སེམས་ཀྱི་མཛེས་སྡུག་ངོ་མ་ཅིག་རེད་སྙམ། དེ་བའི་གློག་བརྙན་འདི་ལས་ཀྱང་བུ་མོ་སྒྲོལ་མའི་ནང་སེམས་ཀྱི་མཛེས་སྡུག་གི་དབང་གིས་གཡང་གི་འབྲི་མོ་དང་རང་ཉིད་བར་གྱི་བརྩེ་བ་ཟབ་མོ་དྲན་པ་དང་འབྲི་མོའི་སེམས་ཀྱི་ཚོར་བ་དང་ལེན་བྱེད་ཆེད་རང་ཉིད་དགའ་བའི་དངོས་པོ་དང་ཕུགས་བསམ་དོར་བ་དེ་ཡིན། ནང་སེམས་ཀྱི་བྱམས་བརྩེ་དང་རྒྱུ་འབྲས་ལྡན་མིན་སོགས་ནང་གི་མཛེས་པ་ལྡན་མིན་དེ་མཛེས་མའི་ཚད་ཐིག་ཅིག་ཏུ་བཟུང་རྒྱུ་བརྗེད་པའི་ངན་གཤིས་ཙམ་དུ་ཟད་དེ། ཕྱི་མཛེས་ནང་སྟོང་ནི་ནམ་ཡང་མཛེས་པ་ངོ་མ་དེ་མིན་པ་གསལ་བོར་ཤེས་དགོས།

ས་བཅད་བཞི་བ། གློག་བརྙན་བསམ་བློའི་རང་བཞིན་གྱི་སྐོར། 

གཅིག  གློག་བརྙན་འདིར་བཀོལ་བའི་བརྙན་མིག་བརྗེ་འགྱུར།

            བརྙན་ལེན་འཕྲུལ་ཆས་ཐེངས་གཅིག་ལ་སྒོ་ཕྱེ་བ་ནས་མཚམས་འཇོག་པའི་བར་བླངས་པའི་མུ་འབྲེལ་རང་བཞིན་གྱི་པར་ངོས་ཀྱི་ཚོགས་པ་ལ་བརྙན་མིག་ཟེར། བརྙན་མིག་གིས་གཙོ་བོ་བརྙན་ལེན་སའི་ཟུར་དང་། བརྙན་ལེན་འཕྲུལ་ཆས་འགུལ་སྐྱོད་མྱུར་བུལ།  བརྙན་དུ་ལེན་བྱའི་བྱ་དངོས་དང་བརྙན་ལེན་འཕྲུལ་ཆས་ཀྱི་བར་ཐག་ལ་སོགས་བརྟེན་ནས། མི་སྣའི་ཐོབ་ཐང་དང་དབང་ཤུགས། ནང་སེམས་ཀྱི་འགྱུར་བ།  ཁོར་ཡུག་གི་རྣམ་པ་སོགས་མཚོན།

        བརྙན་མིག་གི་ལྗོངས་དབྱེ་ནི་གཙོ་བོ་བརྙན་ལེན་འཕྲུལ་ཆས་དང་བརྙན་དུ་ལེན་བྱའི་བྱ་དངོས་གཉིས་ཀྱི་བར་ཐག་རིང་ཐུང་མི་འདྲ་བ་ལ་བརྟེན་ནས། པར་ངོས་སུ་འཆར་བའི་སྣང་བརྙན་ཆེ་ཆུང་མི་འདྲ་བ་ལ་ཟེར།  ལྗོངས་དབྱེ་ནི་གློག་བརྙན་འཕྲིན་སྒྱུ་རྩལ་གསར་རྩོམ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ལྗོངས་དབྱེའི་བྱེད་ལས།

(1)བརྗོད་དོན་ཚོད་འཛིན་དང་གསལ་སྟོན་བྱེད་པ།   

(2)མཚོན་སྟངས་དངོས་ཟོལ་ཅི་རིགས་མངོན་པ།

(3)རང་ཉིད་ཟབ་ཞུགས་ཀྱི་ཚོར་བ་བསྐྱེད་པ།

(4)མཐོང་ཚོར་ལ་གཙོ་ཕལ་འབྱེད་པ།

        ལྗོངས་དབྱེའི་རིགས་ལ་སྣ་ལྔ་ཙམ་ཡོད་དེ།  གློག་བརྙན《སྒྲོལ་མའི་མགུལ་རྒྱན》ཞེས་པ་དེའི་ཁྲོད་ཀྱི་ཧྲིལ་ལྗོངས་དང་བར་ལྗོངས་སུ་རྟོགས།  ཧྲིལ་ལྗོངས་ནི་མི་སྣའི་ལུས་ཡོངས་རྫོགས་སམ། ཡང་ན་བྱ་འགུལ་ཞིག་གི་ཡུལ་ངོས་ཧྲིལ་བོ་མཚོན་པ་ཤོས་ཆེ།  བརྙན་མིག་འདིའི་རིགས་ཀྱི་མཐོང་ཁྱབ་རྒྱང་ལྗོངས་ལས་ཅུང་ཆུང་། མི་སྣ་དང་ཁོར་ཡུག་གཉིས་ཀ་གསལ་བོར་མཐོང་ཐུབ།  ཧྲིལ་ལྗོངས་བརྙན་མིག་གི་རིང་ཚད་སྤྱིར་བཏང་དུ་སྐར་ཆ་དྲུག་ལས་ཐུང་མི་རུང་།  ཧྲིལ་ལྗོངས་ཀྱི་ཁྱད་ཆོས་ནི།

(1)བརྙན་དུ་ལེན་བྱའི་དངོས་པོའི་གཟུགས་བརྙན་ཧྲིལ་བོ་མངོན་པ།

(2)པར་ངོས་ཀྱི་ཡུལ་གཙོ་བོ་ཁོར་ཡུག་བར་གྱི་འབྲེལ་བ་གསལ་སྟོན་བྱེད་པ།

(3)པར་ངོས་ཀྱི་བྱ་དངོས་ཕན་ཚུན་བར་གྱི་འབྲེལ་བ་མཚོན་པ།

(4)བརྙན་ལེན་ཁྲོད། ཧྲིལ་ལྗོངས་བརྙན་མིག་ལ་གནས་ས་གཏན་འཁེལ་བྱེད་པའི་བྱེད་ནུས་ལྡན།

          བར་ལྗོངས་ནི་པུས་མོའི་ཡན་གྱི་ཡན་ལག་གམ། བྱ་འགུལ་ཞིག་གི་ཡུལ་ངོས་ཀྱི་ཟུར་བྱེ་བྲག་པ་རེ་མཚོན་པ་ཤས་ཆེ། འདི་ནི་ཧྲིལ་ལྗོངས་བརྙན་མིག་དང་བསྡུར་ན་མཐོང་ཁྱབ་ཆུང་།  གཙོ་བོ་མི་སྣའི་ལུས་ཀྱི་འགུལ་སྐྱོད་མཚོན་པ་དང་ཁོར་ཡུག་མཚོན་བྱ་ཕལ་བར་  གྱུར་ཡོད། བར་ལྗོངས་ཀྱི་ཁྱད་ཆོས་ནི།

(1) འཁྲབ་སྟོན་པའི་ལུས་ཀྱི་ཉམས་འགྱུར་དང་རྐང་ལག་གི་སྟངས་སྟབས་སོགས་མཚོན་པར་བྱེད་ནུས་ལྷག་པར་ལྡན།

(2)ལྗོངས་དབྱེ་འདི་རིགས་ཀྱི་མཐོང་ཐག་རིང་ཐུང་དང་མཐོང་ཁྱབ་ཆེ་ཆུང་ཚད་དང་ལྡན་པ་ཤ་སྟག་ཡིན་པས། གློག་བརྙན་འཕྲིན་ཁྲོད་བཀོལ་རྒྱ་ཧ་ཅང་ཆེ།

(3)བྱུང་རིམ་བརྗེ་འགྱུར་དང་འཕེལ་རྒྱས། བཀྲམ་སྟོན་བཅས་ལ་བྱེད་ནུས་ལྷག་པར་ལྡན།

        བརྙན་མིག་གི་འགུལ་སྐྱོད་བྱེད་སྟངས་ལ་གློག་བརྙན་རུ་བཀོལ་ཡོད་པ་ནི་བརྙན་མིག་འདེད་པ། བརྙན་མིག་འཐེན་པ།  བརྙན་མིག་སྣུར་བ།  བརྙན་མིག་འབྲང་བ།  ཡུལ་ཅན་གྱི་བརྙན་མིག བརྙན་མིག་རིང་བོ་ཡིན། གློག་བརྙན་འཕྲིན་ཁྲོད་བརྙན་མིག་འགུལ་སྟངས་རེ་རེ་ནི་སྒྱུ་རྩལ་མཚོན་ཐབས་རེ་རེ་ཡིན།

        བརྙན་མིག་གི་མཐོང་སྣེ་ནི་ལྟ་མཁན་གྱི་མིག་དབང་དང་རྣམ་རིག་པར་ངོས་ལས་གནས་གཅིག་ཏུ་འདྲེན་པ་དེ་ནི་བརྙན་མིག་གི་མཐོང་སྣེའི་བྱེད་ནུས་ཡིན། གནས་དེ་ནི་པར་ངོས་དེའི་བསྟན་དོན་གཙོ་བོ་མངོན་སའང་ཡིན། འདི་དག་ཚང་ནི་གློག་བརྙན་འདིར་སྤྱོད་པའི་བརྙན་མིག་བརྗེ་འགྱུར་རྣམ་པ་རེད།

གཉིས།  བརྗོད་དོན་གླུ་དབྱངས།

         གློག་བརྙན་ཁྲོད་ཀྱི་བརྡ་རྟགས་ནི་མཐོང་ཐོས་གཉིས་ཀྱི་རྒྱུ་ཆ་མཉམ་དུ་འདྲེས་པ་ཞིག་ཡིན། གློག་བརྙན་གྱི་སྒྲ་ལ་སྐད་ཆ། སྒྲ་སྐྱེད། རོལ་དབྱངས་བཅས་རིགས་གསུམ་ཡོད། ངས་འདིར་བརྗོད་འདོད་པ་ནི་རོལ་དབྱངས་ཡིན། གློག་བརྙན་གྱི་རོལ་དབྱངས་བྱེད་ལས་ཀྱི་ཆ་ནས་དབྱེ་ན་བརྗོད་དོན་གླུ་དབྱངས། བར་བཅུག་གླུ་དབྱངས། མཇུག་བསྡུ་བའི་གླུ་དབྱངས་བཅས་ཡོད།

       བརྗོད་དོན་གླུ་དབྱངས་ནི “གློག་བརྙན་གྱི་བརྗོད་བྱ་གཙོ་བོའི་བསམ་བློ་མཚོན་པའམ་ཡང་ན་གཞི་རྩིའི་ནང་དོན་ཡོངས་རྫོགས་སྙིང་བསྡུས་བྱེད་པའི་གླུ་དབྱངས་ཤིག་ཡིན། གླུ་དབྱངས་ཀྱི་འགྱུར་ཁུགས་སྐབས་འགར་གློག་བརྙན་གྱི་བརྗོད་བྱ་གཙོ་བོའི་རོལ་དབྱངས་སུ་བརྩིས་ནས་རྒྱུན་མཐུད་དང་འཕེལ་རྒྱས་གཏོང་གི་ཡོད།”[3] དེ་ནི་རོལ་དབྱངས་འགའ་ཡིས་གྲུབ་པའི་ཀུན་སློང་ཐུང་ངུ་ཞིག་ཡིན་ཆོག་ལ་དབྱངས་རྟ་ཞིག་ཡིན་ཀྱང་ཆོག དེས་བློ་རྩེ་གཅིག་སྒྲིམ་དང་མཚོན་ཤུགས་ལྡན་པ་ནི་གློག་བརྙན་རོལ་དབྱངས་ཀྱི་ལྟེ་བ་དང་གློག་བརྙན་ཡོངས་ཀྱི་རོལ་དབྱངས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། གློག་བརྙན་རོལ་དབྱངས་ལ་འདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་རེད། བརྗོད་དོན་གླུ་དབྱངས་ཀྱིས་གློག་བརྙན་ཁྲོད་ཀྱི་ནུས་པ།        (1)བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ཕྱོགས་བསྡུས་འབུར་དུ་ཐོན་པ། 

(2)རྣམ་པ་མངོན་པ་དང་བརྩེ་དུང་མཚོན་པ།                       

(3)ཚབ་བྱེད་མི་ཐུབ་པའི་སྣེ་ཁྲིད་ཀྱི་ནུས་པ།                        

         བརྗོད་དོན་གླུ་དབྱངས་ཀྱིས་ཟློས་གར་ཁྲོད་ཀྱི་གཙོ་ཁྲིད་ཀྱི་སེམས་ཁམས་མཚོན་པའི་ཕྱོགས་ལ་ཐུན་མོང་མ་ཡིན་པའི་ནུས་བ་ཡོད། བརྗོད་དོན་གླུ་དབྱངས་དང་ཟློས་གར་གྱི་ནང་དོན་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་།  གཙོ་བོ་ཟློས་གར་ཁྲོད་ཀྱི་མི་སྣའི་བརྩེ་དུང་མཚོན་པ་དང་ཟློས་གར་གྱི་ནང་དོན་ཟློས་གར་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཟློས་གར་གྱི་ནང་དོན་ལ་ཞུགས་པ་དང་མཉམ་འདྲེས་བྱེད་པ།  བརྙན་འཕྲིན་ཟློས་གར་གྱི་བརྩམས་ཆོས་ཀྱི་ཁྱད་ཆོས་དང་གཏམ་རྒྱུད་ཀྱི་སྟངས་སྟབས་ལ་ཚོད་འཛིན་བྱེད་པ་ཡང་མངོན་ཡོད།

        བརྗོད་དོན་གླུ་དབྱངས《བྱུ་རུའི་སྐེ་རྒྱན》འདི་ནི་མིང་དུ་གྲགས་པའི་གཞས་གདང་རྩོམ་མཁན་རྒན་གསང་བདག་ལགས་ཀྱིས་བརྩམས་པ་དང་། གླུ་མ་ཚེ་འཛིན་དབང་མོས་བླངས་པ་ཡིན། གླུ་དབྱངས་འདིས་གློག་བརྙན་གྱི་ཁོར་ཡུག་གཏན་འབེབ་བྱེད་ལ་བརྗོད་དོན་བསྡུས་ཏེ་སྟོན་པ། སེམས་ཁམས་གསལ་བོར་བརྗོད་ཐུབ་ལ་བརྩེ་བ་ཇེ་ཟབ་ཏུ་གཏོང་ཐུབ་སྟེ། མཚམས་སྦྱོར་བའི་བྱེད་ལས་ཀྱང་ལྡན། གློག་བརྙན་གྱི་ནང་དོན་ཕལ་མོ་ཆེ་བརྗོད་དོན་གླུ་དབྱངས་ནས་ཚོར་ཐུབ་ལ་བརྗོད་དོན་གླུ་དབྱངས་ནི་གློག་བརྙན་ཞིག་ལ་མེད་དུ་མི་རུང་བ་ཡིན། སྤྱིར་གློག་བརྙན་ནི་སྣ་འདུས་ཀྱི་སྒྱུ་རྩལ་ཞིག་ཡིན་པས་བརྗོད་དོན་གླུ་དབྱངས་ཀྱིས་གློག་བརྙན་ཁྲོད་གནས་བབ་གལ་ཆེན་ཟིན་ཡོད་ལ། རོལ་དབྱངས་ཀྱི་དབྱངས་རྟ་རེ་རེས་གློག་བརྙན་གྱི་སྒྱུ་རྩལ་ལ་རམ་འདེགས་བྱས་ཡོད། བརྗོད་དོན་གླུ་དབྱངས་ནི་བརྙན་འཕྲིན་ཟློས་གར་གྱི་ལྟེ་བའི་རོལ་དབྱངས་ཡིན་ཞིང་།  དེས་བརྗོད་བྱ་གཙོ་བོའི་བསམ་བློ་དང་།  ནང་དོན་གཙོ་བོ།  ལྟེ་བའི་མི་སྣ་བཅས་ལ་རྩེ་གཅིག་ཏུ་དམིགས་ཡོད།  རོལ་དབྱངས་ཀྱི་སྣང་བརྙན་ངེས་ཅན་ཞིག་ཆགས་པ་དང་།  བརྗོད་བྱ་གཙོ་བོའི་ནུས་པ་གཏིང་ཟབ་ཏུ་གཏོང་པ་དེས་མཚོན་པའི་བརྩེ་དུང་གིས་ལྟད་མོ་བའི་སེམས་ཁམས་ལ་སུན་འབྱིན་བྱེད་སླ། ལྟད་མོ་བས་དང་ལེན་དེ་བས་བྱེད་སླ་བས་བརྙན་འཕྲིན་ཟློས་གར་དང་བརྗོད་བྱ་གཙོ་བོའི་གླུ་དབྱངས་ནི་རུས་པ་དང་ཤ་འབྲེལ་བ་དང་བརྙན་འཕྲིན་ཟློས་གར་ཞིག་གི་བླ་སྲོག་དང་སྙིང་བཅུད་རེད་ཅེས་བརྗོད་ཆོག

བཞི།  གློག་བརྙན་སྒྱུ་རྩལ་ཁྲོད་ཀྱི་མི་སྣ་བཞེངས་སྐྲུན།

        གློག་བརྙན་འཕྲིན་བརྙན་རིས་ནང་གི་མི་སྣའི་གཤིས་ཀ་ནི་ཉམས་འགྱུར་ཅན་ཡིན་དགོས། སྤྱིར་བརྙན་རིས་ཁྲོད་ཀྱི་མི་སྣའི་སེམས་ཁམས་གཟུགས་སྣང་ཅན་དུ་བསྒྱུར་བ་དེ་ནི་གློག་བརྙན་འཕྲིན་འཁྲབ་གཞུང་གསར་རྩོམ་གྱི་ཁྱད་ཆོས་གཙོ་བོ་ཡིན། གློག་བརྙན་གྱི་རྩ་བའི་སྐད་ཆ་ནི་གཟུགས་རིས་ཡིན། གློག་བརྙན་ནི་ཐད་མཐོང་གི་མིག་ཚོར་སྒྱུ་རྩལ་ཡིན། གློག་བརྙན་གྱི་མིག་ཚོར་གཟུགས་རིས་ཁྲོད་མི་སྣའི་མཚོན་ཐབས་གཙོ་བོ་ནི་ཉམས་འགྱུར་ཡིན་པ་དང་སྒྱུ་རྩལ་ཆུ་ཚད་བརྟག་བྱེད་གཙོ་བོ་ཡང་ཡིན།

        རྩོམ་རིག་ནི་མིའི་རིག་པ་དང་རྩོམ་གྱི་ཁྱད་ཆོས་དེ་མི་གཤིས་ལས་གྲུབ་ཅེས་པ་ཇི་བཞིན་མི་སྣ་ནི་གློག་བརྙན་ཁྲོད་ནས་ཀྱང་ཐུན་མོང་མ་ཡིན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དབྱིན་ཇིའི་ཟློས་གར་གཞུང་ལུགས་སྨྲ་བ་ཆེན་མོ་ཨ་ཆེར་གྱིས་“ཟློས་གར་འཁྲབ་གཞུང་གི་འབྲི་ཐབས་ཡོད་ཚད་ནི་མི་སྣའི་སྣང་བརྙན་ལེགས་འགྲུབ་འབྱུང་བའི་ཆེད་དུ་ཡིན་ཏེ། ཟློས་གར་བརྩམས་ཆོས་ལ་མི་སྣ་བཞེངས་སྐྲུན་ལས་དམིགས་ཡུལ་གཞན་མེད།”[4]ཅེས་གསུངས་པ་ལྟར་ཟློས་གར་གྱི་མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་དོན་སྙིང་ལ་ངོས་ཟིན་ཐོན་པའི་སྟེང་། ཐབས་ལམ་སྣ་ཚོགས་སྤྱད་ནས་མི་སྣའི་སྣང་བརྙན་འབུར་དུ་ཐོན་པར་བྱ་དགོས། གློག་བརྙན་ལ་མཚོན་ན་སྒྲ་དང་གཟུགས་ཀྱི་ལམ་ནས་མི་སྣའི་སྣང་བརྙན་ཐད་ཀར་དུ་མངོན་དགོས་པའི་རྐྱེན་གྱིས་གློག་བརྙན་ཁྲོད་ཀྱི་མི་སྣ་བཞེངས་སྐྲུན་བྱེད་སྐབས་ཞིབ་ཆའི་ཕྱོགས་ནས་ཤུགས་གང་ཡོད་འདོན་དགོས། མི་སྣའི་སྣང་བརྙན་གྱིས་འདུ་ཤེས་སྔོག་འདོན་བྱེད་པ་ནི་མི་སྣ་དེའི་བསམ་པའི་གཏིང་རིམ་ན་བག་ལ་ཉལ་ཞིང་རང་རྐྱ་ཐུབ་པའི་བསམ་པའི་འཁྱེར་སོ་དང་ཕུགས་བསམ་ལྡན་པ་ལ་གོ་དགོས། གློག་བརྙན་གྱིས་བལྟ་མཁན་ལ་ཚོར་སྣང་འགོག་མེད་དུ་སྟེར་རྒྱུ་ནི་རྩ་བའི་དམིགས་འབེན་ཞིག་ཡིན་པ་ལྟར། གློག་བརྙན་ཁྲོད་ཀྱི་མི་སྣའི་སེམས་གཏིང་གི་འདུ་ཤེས་སྔོག་འདོན་བྱས་པ་བརྒྱུད་ནས་བལྟ་མཁན་གྱི་སེམས་ཁམས་ལ་ཟུར་གཟེར་སློང་བར་བྱེད་རྒྱུ་ནི་གལ་ཆེ། འཛམ་གླིང་ན་མིང་དུ་གྲགས་པའི་ཟློས་གར་བ་ཡུས་པུ་ཧྲིན་གྱིས“མི་སྣའི་སྣང་བརྙན་གྱི་འདུ་ཤེས་ནི་ཟློས་གར་འཁྲབ་གཞུང་གསར་རྩོམ་གྱི་རྩ་གནད་དུ་བྱས་པ་ཡིན།” ཞེས་གསུངས། ཧྥ་རན་སའི་རྩོམ་རིག་གཞུང་སྨྲ་བ་ཆེན་མོ་ཐའེ་ནཱལགས་ཀྱིས “ཁྱོད་ཀྱིས་མི་སྣ་ལ་བལྟ་ཞིབ་བྱེད་སྐབས་ཁྱོད་ཀྱི་མཐོང་ཐོས་སུ་གྱུར་པ་ནི་མི་སྣའི་གཏམ་གླེང་དང་སྤྱོད་ལམ། བྱ་བྱེད་བཅས་ཡིན་མོད། འདི་དག་གི་ཁྲོད་ན་མི་མངོན་པར་བག་ལ་ཉལ་བ་ནི་འདུ་ཤེས་ཡིན།”[5]དེ་བས་མི་སྣའི་ཕྱིའི་སྣང་བརྙན་གྱིས་ནང་གི་འདུ་ཤེས་མཚོན་པ་ཡིན།

       གློག་བརྙན་ཁྲོད་ནས་མི་སྣའི་བཟོ་ལྟ་བཞེངས་སྐྲུན་བྱེད་པ་ཙམ་མ་ཡིན་པར་སེམས་ཁམས་ཀྱང་མཚོན་དགོས་ཕྱིར། མི་སྣའི་སྐད་ཆ་རུ་གྱུར་པའི་འཁྲབ་ཚིག་ཕལ་ཆེ་བས་མི་སྣའི་བསམ་བློ་དང་སེམས་ཁམས་མཚོན་བཞིན་ཡོད་ལ་དེ་ནི་བརྡ་སྤྲོད་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་རེད། མི་སྣའི་སེམས་ཁམས་མཚོན་པར་བྱེད་པའི་སྐད་ཆ་དེའང་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་སྐད་ཆ་ཙམ་མ་ཡིན་པར་གདམ་གསེས་དང་དག་སྒྲིག་གསར་གཏོད་སོགས་སྒྱུ་རྩལ་ལས་སྣོན་བྱས་པ་བརྒྱུད་དེ་སེམས་ཁམས་མཚོན་པར་བྱས་ཚེ། ད་བཟོད་ཚིག་རྙོག་དང་བྲལ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་བཞིན་དུ་སྐབས་རེར་ལྡོག་ཕྱོགས་དང་ཤུགས་བསྟན་གྱི་བརྗོད་སྟངས་བཀོལ་ན་ལྷག་ཏུ་ནུས་ཤུགས་ཆེ། མི་སྣའི་རང་གཤིས་དང་འགུལ་བསྐྱོད་ནི་གློག་བརྙན་གཏམ་རྒྱུད་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཉིས་ཡིན་ཏེ། མི་རྣམས་ཀྱིས་རང་གི་འདོད་བློ་དང་དགོས་དབང་གི་ཆེད་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་དམིགས་ཡུལ་དང་ཕུགས་བསམ་གྱི་ཕྱོགས་ལ་འབད་པ་བྱེད་ཀྱིན་ཡོད། གློག་བརྙན་ཁྲོད་ཀྱི་མི་སྣ་དེ་དམིགས་བསལ་ཅན་གྱི་ཁོར་ཡུག་དང་དོན་རྐྱེན་ལ་ཕྲད་དུ་བཅུག་པ་ན་མི་སྣ་དེའི་ཁོར་ཡུག་དང་དོན་རྐྱེན་ལ་ལྟ་སྟངས་དང་འགལ་རྐྱེན་བཟློག་པའི་ཐབས་ཤེས་སོགས་མངོན་ཐུབ་པར་མ་ཟད། སྒྱུ་རྩལ་པའི་ཤེས་རབ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལ་བསམ་གཞིགས་དང་རྒྱུ་ཆ་འཚོལ་སྡུད་བྱས་རྗེས་མི་སྣ་དེའི་རང་གཤིས་ལ་ལས་སྣོན་བྱས་པ་ན། མི་སྣ་དེའི་རང་གཤིས་དང་བསྟུན་ནས་ཐུན་མོང་མ་ཡིན་པའི་འགུལ་བསྐྱོད་ཀྱང་འབྱུང་ངེས་པས་གློག་བརྙན་གྱི་བརྗོད་སྙིང་འབུར་དུ་ཐོན་པ་ལ་མཐུན་རྐྱེན་མི་དམན་པ་ཞིག་ཐོན་ངེས། མི་གཤིས་ནི་རང་བྱུང་དང་སྤྱི་ཚོགས་ཀྱི་རང་བཞིན་གཅིག་གྱུར་དུ་གྲུབ་པའི་རང་རྒྱུད་ལ་ཟེར། མི་གཤིས་དེ་མི་སྣའི་ཕྱིའི་བྱ་སྤྱོད་དང་སེམས་ཀྱི་འགྱུར་བ་ལས་མཚོན་པར་བྱེད་པའི་འགལ་འདུའི་རྣམ་པ་ཅན་དུ་གནས་ཤིང་། གློག་བརྙན་ཁྲོད་ཀྱི་མི་སྣའི་ཁ་བརྡ་ལའང་འདི་ལྟ་བུའི་རྣམ་པ་དང་རང་བཞིན་གནས་སུ་འཇུག་པ་ནི་མི་སྣ་དེ་གསོན་ཉམས་ལྡན་པའི་ཆེད་དུ་ཡིན། གློག་བརྙན་གྱི་མི་སྣ་གཙོ་བོ་བུ་མོ་སྒྲོལ་མ་ནི་ལྷད་མེད་བབ་ཆགས་ཀྱི་འཚོ་བའི་ཁྲོད་འཚར་ལོངས་བྱུང་ཞིང་། གཞུང་རྒྱུད་དྲང་ལ་གཤིས་རྒྱུད་འཇམ་པའི་བུ་མོ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད།

         གློག་བརྙན་སྒྱུ་རྩལ་ལ་གློག་བརྙན་གྱི་དོན་དམ་ཁྱད་ཆོས་ཏེ་གློག་བརྙན་གྱི་ཡོལ་རས་ངོས་སུ་ཤར་བའི་བརྗོད་དོན་དང་གཏམ་རྒྱུད། འཚོ་བའི་སྣང་བརྙན། མི་སྣའི་ཕྱི་གཟུགས་དང་གཤིས་ཀ ཐ་ན་འཁྲབ་ཆས་དང་འཁྲབ་ལྭ་སོགས་ཀྱང་ཐད་ཀར་མིག་ལམ་དང་རྣ་ལམ་དུ་འཇོག་རྒྱུ་ཡོད་པས་དངོས་ཡོད་འཚོ་བ་དང་ཤིན་ཏུ་ཐག་ཉེ་བའི་བདེན་སྣང་བསྐྲུན་ཡོད། སྤྱིར་གློག་བརྙན་གྱི་བདེན་སྣང་དེས་ཕྱིའི་སྣོད་བཅུད་ཀྱི་བདེན་པའི་སྣང་བརྙན་སྟོན་ཐུབ་པར་མ་ཟད་མིའི་རིགས་ཀྱི་ནང་སེམས་ཀྱི་འགྱུར་བའི་བདེན་སྣང་ཡང་སྟོན་ཐུབ་པས་ན་ཕྱི་ནང་གཉིས་ཀྱི་ཕྱོགས་ནས་བདེན་སྣང་སྟེར་ཐུབ།

བཞི།  གློག་བརྙན་སྤྱིའི་སྒྲིག་གཞིའི་མཚོན་ཐབས་ལ་ཤུགས་རྐྱེན་ཐེབས་ཚུལ།

     གློག་བརྙན་བརྩམས་ཆོས་ཀྱི་སྒྲིག་གཞི་ནི། གློག་བརྙན་གསར་རྩོམ་མཁན་གྱིས་རང་ཉིད་ཀྱི་འཚོ་བའི་ངེས་ཤེས་གཞིར་བཟུང་ཞིང་། སྣང་བརྙན་གསར་སྐྲུན་དང་བརྗོད་དོན་བཀྲམ་སྟོན་གྱི་དགོས་མཁོར་གཞིགས་ནས། གློག་བརྙན་གྱི་བསམ་གཞིགས་བྱེད་ཐབས་སྤྱད་དེ། མི་སྣ་དང་ཁོར་ཡུག་གི་འབྲེལ་བ་རྩ་འཛུགས་འོས་ཤིང་འཚམ་པ་དང་། བྱུང་རིམ་གཙོ་ཕལ་དང་དོན་སྔ་ཕྱི་བཀོད་སྒྲིག་ལེགས་པོ་བྱས་པ་བརྒྱུད། མཚོན་དོན་གང་དེ་འཚོ་བའི་གཏན་ཚིགས་དང་མཐུན་ཞིང་། སྒྱུ་རྩལ་གྱི་ངོས་ནས་འཐུས་ཚང་དང་གཅིག་གྱུར་ཞིག་ཏུ་ཆགས་པར་བྱེད་པ་དེའོ།།

       སྒྲིག་གཞི་མ་གྲུབ་སྔོན་གྱི་གློག་བརྙན་ཏེ། གློག་བརྙན་བྱུང་མ་ཐག་པའི་དུས་ལ་གོ་སྐབས་དེའི་གློག་བརྙན་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་འཚོ་བ་ཇི་བཞིན་དུ་བརྙན་ཤོག་སྟེང་བཀོད་པ་ཙམ་དང་། ཡང་ན། མཐོང་སྣེ་གཏན་འཁེལ་བྱས་ཏེ་གར་སྟེགས་སྒྱུ་རྩལ་བརྙན་དུ་ཕབ་པ་ལྟ་བུ་ཡིན་པས། དེ་ནི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་བགྲང་དཀའ། སྐབས་དེའི་གློག་བརྙན་ལ་འཁྲབ་གཞུང་ཀྱང་མེད་པས། བརྩམས་ཆོས་ཀྱི་སྒྲིག་གཞི་ནི་ལྟ་ཅི་སྨོས། དཔེར་ན། 《སྒྲོལ་མའི་མགུལ་རྒྱན》དེ་ནི་གློག་བརྙན་སྒྱུ་རྩལ་པའི་འཚོ་བའི་ཉམས་མྱོང་དང་བསམ་བློའི་གོ་རྟོགས། སྒྱུ་རྩལ་གསར་གཏོད་ཀྱི་ཤེས་རབ་སོགས་ལས་གློག་བརྙན་གྱི་བརྗོད་སྙིང་ལ་ངེས་ཤེས་ཟབ་མོ་ཡོད་དགོས་པར་མ་ཟད། བརྗོད་སྙིང་དང་འབྲེལ་ཏེ་གློག་བརྙན་སྤྱིའི་སྒྲིག་གཞི་ལ་སྒྱུ་རྩལ་བློས་བསླངས་བྱས་ཏེ་འཚོ་བ་དང་མཐུན་ཞིང་འཚོ་བ་ལས་སྡུག་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་མཚོན་ཐབས་ཤིག་ཡིན།

      “གློག་བརྙན་ཞིག་ཕབ་སྐྲུན་བྱེད་པ་ལ་ཆ་རྐྱེན་རྣམ་པ་གསུམ་ཚང་དགོས་ཏེ། ཐོག་མར་འཁྲབ་གཞུང་དང་མ་དངུལ་འཚོལ་བ། བར་དུ་བརྙན་ལེན་དང་སྒྲིག་སྦྱོར། མཐའ་མར་ཁྱབ་བསྒྲགས་དང་འགྲེམས་སྤེལ་བྱེད་པ་ཡིན་ལ་སྒྲིག་གཞི་ནི་གློག་བརྙན་ཕབ་སྐྲུན་ཁྲོད་ནས་ལས་རིགས་གལ་ཆེན་ཞིག་ཡིན།”[6]གློག་བརྙན་གྱི་འཁྲབ་གཞུང་དང་མ་དངུལ། བརྙན་ལེན་དང་འཁྲབ་ཁྲིད་བྱེད་པ་སོགས་ཕབ་སྐྲུན་ཚོགས་པའི་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྒྱུ་རྩལ་གསར་གཏོད་ལ་འགོག་རྐྱེན་ཐེབས་སྲིད། གློག་བརྙན་ལ་མཚོན་ནའང་བརྙན་རིས་དུ་མས་བཟོ་ལྗོངས་གྲུབ་ཅིང་བཟོ་ལྗོངས་དུ་མས་དུམ་ཚན་གྲུབ་ལ་དུམ་ཚན་དུ་མས་ད་བཟོད་གློག་བརྙན་ཞིག་གྲུབ་པ་ཡིན་པས། བརྙན་རིས་ནི་གཟུགས་དང་སྒྲ། དུས་དང་ཁམས་གཙོ་བོར་གྱུར་པའི་བརྡ་ སྤྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  གློག་བརྙན་བརྙན་ལེན་བྱེད་པ་ལ་ཐེངས་གཅིག་དང་ཟུར་གཅིག་མིན་པས་བརྙན་ལེན་བྱས་རྗེས་བརྙན་རིས་དང་སྒྲའི་རྒྱུ་ཆ་ཤིན་ཏུ་མང་སྟེ། སྐབས་རེར་བརྙན་རིས་ཤིག་བརྙན་ལེན་པའི་བསམ་ཐོག་ཏུ་མ་ཤར་བ་དང་འཁྲབ་སྟོན་པའི་མིག་གི་ལྟ་ཕྱོགས་ཤིག་གམ་ཡང་ན་བརྙན་ལེན་བྱེད་ས་ནས་མང་ཚོགས་ཀྱིས་གནོད་པ་བྱེད་པ། གློག་འོད་འཕྲོ་ཕྱོགས་མ་འགྲིག་པའམ་ཡང་ན་མཛེས་ཆས་སྤྲོས་པ་ལ་སྐྱོན་ཡོད་པ་སོགས་རྐྱེན་གང་མང་གི་དབང་གིས་བསྐྱར་ལེན་བྱེད་པ་མ་ཟད། བརྙན་ལེན་པ་གང་མང་ཞིག་གིས་ཟུར་སོ་སོ་ནས་བརྙན་ལེན་བྱེད་པས་ན་བརྙན་རིས་ཀྱི་རྒྱུ་ཆའང་དེ་ལྟར་མང་བོ་འབྱུང་སྲིད། གློག་བརྙན་སྒྱུ་རྩལ་པ་རྣམས་ཀྱིས་རང་གི་ཤེས་སྟོབས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མཚོན་ཐབས་བེད་སྤྱད་དེ་རྣམ་དཀར་དགེ་བའི་ལས་ལ་བསྟོད་དབྱངས་འབུལ་བ་དང་མ་རུང་སྡིག་པའི་རྩིང་སྤྱོད་ལ་སུན་འབྱིན་དང་དགག་རྒྱག་བྱེད་ཆེད་འཇིག་རྟེན་གྱི་ཆོས་དུ་མ་རང་སྣང་གི་སྒོ་ནས་བསྐྱར་སྒྲིག་བྱེད་ཀྱིན་ཡོད་མོད། འོན་ཀྱང་གློག་བརྙན་ལ་མཚོན་ན་གཟུགས་དང་སྒྲ་ཡི་ལམ་ནས་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་སྒྱུ་རྩལ་ཞིག་ཡིན་ཕྱིར། སྒྱུ་རྩལ་ནི་འཚོ་བ་ལས་བྱུང་ཞིང་འཚོ་བ་ལས་སྡུག་ཅེས་པ་ལྟར་གློག་བརྙན་གྱི་འགྲོས་ཀྱང་དངོས་ཡོད་འཚོ་བའི་འགྲོས་གཉིས་ཤིན་ཏུ་མཚུངས་ཤིང་ཉེ་ལ་མཉམ་པའི་རྣམ་པ་ཅི་རིགས་ཡོད།  རྒན་པདྨ་ཚེ་བརྟན་གྱིས་བརྩམས་པའི་གློག་བརྙན་ལ་སྤྱིའི་ཆ་ནས་སྒྱུ་རྩལ་རང་བཞིན་དང་སྒྱུ་འཕྲུལ་རང་བཞིན་ཡོད་པའི་དབང་གིས་རོང་འབྲོག་དམངས་ཚོགས་ཞིག་གི་ངོས་ཐད་ནས་ཐད་ཀར་གོ་བ་ལེན་མི་ཐུབ། འོན་ཀྱང་ཞི་བདེ་ཉི་མའི་གློག་བརྙན་དག་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་དངོས་ཡོད་ཀྱི་འཚོ་བའི་ཟུར་བྲིས་ཡོད་པས་རོང་འབྲོག་དམངས་ཚོགས་ཀྱི་འཚོ་བའི་ཁ་ཕྱོགས་དང་མཐུན་པོ་ཡིན་སྟབས་དེ་ལའང་དགའ་བསུ་དང་གདེང་འཇོག་བྱེད་མཁན་འདུག དཔེར་ན། ཁོང་གིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་གློག་བརྙན《མོ་སྟོན་ཕག་མགོ》《སྒྲོལ་མའི་མགུལ་རྒྱན》ལྟ་བུ། གློག་བརྙན་སྒྲོལ་མའི་མགུལ་རྒྱན་འདིར་སེམས་ཁམས་དང་འཚོ་རིམ་རྣམ་པའི་གློག་བརྙན་སྒྲིག་གཞིའི་ཁོངས་སུ་རྟོགས།སེམས་ཁམས་ནི་ཟློས་གར་གྱི་བྱུང་རིམ་མམ་འགལ་བ་གཙོ་བོར་མི་འཛིན་པར། མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་བསྟུན་ནས་དོན་དག་ཞིབ་བརྗོད་བྱེད་པའི་རིགས་ལ་གོ། གློག་བརྙན་ཁྲོད་ཀྱི་མི་སྣའི་སེམས་ཀྱི་འགྱུར་བ་དང་བྱ་སྤྱོད་མངོན་ཚུལ་ལ་མྱོང་རོལ་དང་དབྱེ་ཞིབ་བྱས་པ་བརྒྱུད། དེའི་མཚོན་བྱ་དང་བསྟན་དོན་ལ་གཞིགས་ནས་མིའི་རིགས་ཀྱི་རང་ཉིད་ཤེས་རྟོགས་ལ་སྐུལ་འདེད་གཏོང་བ། གཞན་གྱི་གཏམ་རྒྱུད་ཁྲོད་རང་ཉིད་ཀྱི་ཚེ་སྲོག་ལ་ཡང་བསྐྱར་ངོས་འཛིན་བྱ་དགོས། འཚོ་རིམ་རྣམ་པ་ནི་འཚོ་བ་དངོས་ཀྱི་རང་བྱུང་གི་རྣམ་པ་གཞིར་བཟུང་ནས། ཡུལ་རྣམ་མམ་ཟིན་ཐོར་འགོད་པ་ཞིག་ཡིན།

          གློག་བརྙན་མཁན་པོ་ཀོ་ལི་ཧྥེ་སི་ཡིས་དོན་བརྗོད་གཙོ་བོ་རུ་བཟུང་སྟེ་བརྙན་རྡུལ་བེད་སྤྱོད་བྱས་པ་ནི་གློག་བརྙན་སྒྱུ་རྩལ་མ་གཏོགས་གཞན་ལ་མེད་པའི་སྒྱུ་རྩལ་གྱི་ལག་ཆ་གསར་བ་ཞིག་བསྐྲུན་ཡོད་དེ། ཟློས་གར་ལ་མཚོན་ན་གར་སྟེགས་དང་ལྟད་མོ་བའི་བར་ཐག་ངེས་ཅན་ཞིག་ལྡན་པས་འཁྲབ་སྟོན་པ་རྣམས་ཀྱིས་ཟློས་གར་ཁྲོད་ཀྱི་མི་སྣའི་ཕྲ་ཞིང་ཞིབ་པའི་ཉམས་འགྱུར་ཆེ་བརྗོད་དང་སྒྲོ་འདོགས། རབ་བཏགས་ཀྱི་ཐབས་ལ་བརྟེན་ནས་མངོན་གྱིན་ཡོད་མོད། གློག་བརྙན་གྱི་བརྙན་རྡུལ་ལ་བརྟེན་ནས་གློག་བརྙན་ཁྲོད་ཀྱི་མི་སྣའི་ཞིབ་ཆའི་ཉམས་འགྱུར་དེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཉམས་འགྱུར་དང་ཤིན་ཏུ་ཉེ་བའི་སྒོ་ནས་སྟོན་ཐུབ། གློག་བརྙན《སྒྲོལ་མའི་མགུལ་རྒྱན》ཞེས་པ་ནས་དྲིན་བྱས་དྲིན་དུ་མི་གོ་བའི་མི་རིགས་ཤིག་གི་གཤིས་ཀ་དང་ངོ་གདོང་ཟུར་ཙམ་མཚོན་ཡོད། བརྙན་ལེན་ཀྱི་སྤྱིའི་སྒྲིག་གཞིའི་ཐད་ནས་ཆེས་འབུར་དུ་ཐོན་པ་གཏན་ནས་མིན། གློག་བརྙན་དེའི་བརྙན་རིས་ཀྱི་ཕྱིའི་རྣམ་པ་དང་གྲུབ་ཚུལ་གཙོ་བོར་མི་འཛིན་པར་གློག་བརྙན་གྱི་བརྗོད་དོན་དང་བསྟུན་ནས་བརྙན་རིས་མཐུད་སྦྱོར་བྱེད་པ་ཡིན་པས་སེམས་ཤུགས་དྲག་པོ་སྐྱེས་པའི་གནས་སྐབས་དེ་ལས་ཅུང་འདའ་དགོས་སོ། །

མཇུག་བསྡུ་བའི་གཏམ།

         སྤྱིར་གློག་བརྙན་བརྩམས་ཆོས་ཤིག་ལ་དཔྱད་བརྗོད་བྱ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། དཔྱད་བརྗོད་ལེགས་པོ་ཞིག་འབྲི་དགོས་ཚེ་ངེས་པར་དུ་གཞུང་ལུགས་ཀྱི་རྒྱབ་རྟེན་དང་རིགས་ལམ་གྲུང་བོ་ཞིག་དགོས། དེ་ལྟར་མིན་ཚེ་དཔྱད་བརྗོད་དེ་ཡང་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཞིག་ཏུ་འགྱུར་ངེས། མིའི་རིགས་ཀྱི་རིག་གནས་ཁ་ཕྱོགས་སྟེང་ནས་དེང་རབས་རིང་ལུགས་ཀྱི་གློག་བརྙན་སྒྱུ་རྩལ་གསར་རྩོམ་དང་ཀུན་སྤྱོད་བཅས་ལ་ཞིབ་འཇུག་བྱེད་པ་དེས་ནུབ་ཕྱོགས་ཀྱི་གློག་བརྙན་དེ་དེང་རབས་རིང་ལུགས་ཀྱི་གློག་བརྙན་སྟེང་ནས་ཡང་བསྐྱར་བྱུང་བ་མཚོན་གྱིན་ཡོད། གློག་བརྙན་འདི་ཡང་སྒྱུ་རྩལ་རིག་གནས་ལ་དཔྱད་པ་བཏང་བའི་དཔྱད་རྩོམ་ཞིག་ཡིན་ལ། དེ་ནི་བོད་རིགས་བུ་མོ་སྒྲོལ་མས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་དང་ལུས་སེམས་ཀྱི་མཛེས་སྡུག་ལ་ཡིད་སྨོན་བྱེད་ལུགས་མཚོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཡིན་པ་དང་། བོད་ཀྱི་ཞིང་འབྲོག་ཁུལ་གྱི་མི་རྣམས་ཀྱིས་རྒྱུན་དུ་མཐོང་བའི་སྤྱིར་བཏང་གི་བྱ་བ་ཙག་ཙིག་ལ་བརྟེན་ནས་ལྟད་མོ་བ་སྤྲོ་བ་ཡོད་པའི་འཚོ་བའི་གཏམ་རྒྱུད་འཁྲབ་སྟོན་བྱས་ནས་མི་སྣ་གཙོ་བོའི་བརྩེ་བ་ངོ་མ་དང་དྭངས་གཙང་གི་བྱིས་བློ་བརྒྱུད་ནས་ལྟད་མོ་བར་སེམས་འགུལ་ཐེབས་སུ་བཅུག གློག་བརྙན་ནང་འཁྲབ་སྟོན་པ་ཉུང་བ་དང་འཁྲབ་བྱའི་མི་སྣའི་འབྲེལ་བ་སྟབས་བདེ་བས་བུ་མོ་སྒྲོལ་མར་བྱུ་རུའི་སྐེ་རྒྱན་ཉོ་བའི་བརྗོད་གཞིར་དམིགས་ཏེ། ནད་ཀྱིས་རྐྱེན་པས་དབུལ་ཕྱུག་ཁྱིམ་ཚང་ཞིག་གི་བུ་མོའི་སེམས་པ་འཚར་ལོངས་བྱུང་བའི་བརྒྱུད་རིམ་བཤད་པ་རེད། ད་དུང་གློག་བརྙན་གྱི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཀྱང་འཁྲབ་སྟོན་བྱས་ནས་དེའི་ངོ་མཚར་ཆེ་བའི་འཁྲབ་རྩལ་དང་དགོད་བྲོ་བའི་སྤྲོ་སྣང་གང་ལེགས་མཚོན་པར་བྱས་ཡོད། 



[1] ཟླ་བཟང་དཔལ་མཁར་རྒྱལ། 《གློག་བརྙན་སྒྱུ་རྩལ་གྱི་གསང་བ།》【M】ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡༠པར་པར་གཞི་དང་པོ་དཔར། ཤ ༣༥༦ 

[2] ནམ་མཁའ་ཚེ་རིང་། 《མཚོ་ལྷོའི་དམངས་སྲོལ་རིག་གནས་ངོ་མཚར་ཀུན་དགའི་སྤྲོ་སྣང》【J】 ཀན་སུའི་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ༡༠པར་པར་གཞི་དང་པོ་དཔར།  ཤ ༤༩ 

[3]རིན་ཆེན་ཚེ་རིང་དང་བསོད་ནམས་བཀྲ་ཤིས།《རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་མིང་མཛོད།》【G】ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༡༢པར་པར་གཞི་དང་པོ་དཔར། ཤ ༡༢༤ 

[4] 威廉•阿契尔 《剧作法》【J】中国戏剧出版社  2004.2  P 75

[5] H·丹纳  《艺术哲学》【J】译者:张伟   北京出版社 2004.8  P 256 

[6] ཀླུ་རྒྱལ་རཱ་ཏི། 《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ།》【M】ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ་༡པོར་པར་གཞི་དང་པོ་དཔར། ཤ 126 



རྩོམ་པ་པོ་མཚམས་སྦྱོར།

1855109140.jpg

སྔགས་བཟའ་སྐྱིད། ༡༩༩༨ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་སྐྱེས། ཕ་མའི་བཀའ་དྲིན་ལ་བསྟེན་ནས་སློབ་གྲྭ་འགྲིམས་པའི་སྐལ་བ་ལྡན་ལ༢༠༡༧ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་སྐད་ཡིག་སྡེ་ཁག་གི་ཟློས་གར་གློག་བརྙན་རྩོམ་རིག་ཆེད་ལས་འཛིན་གྲྭ་ནས་༢༠༢༡ལོར་སློབ་མཐར་ཕྱིན། སློབ་གྲྭ་འགྲིམས་པའི་སྐབས་སུ་ཟློས་གར་དང་སྲོལ་རྒྱུན་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་སྣང་འཇོག་མང་ཙམ་བྱས་ལ། རྩོམ་ཡིག་རེ་འགའ་དུས་དེབ་དང་ཚགས་པར་སོགས་ལའང་འགོད་མྱོང་།


གཟིགས་གནས། http://www.filmtbt.com/movies/story/2015-01-08/368.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།