༄༅། །འགལ་འདུ་དང་གཏོལ་བྲལ། ད་དུང་ཡིད་བརྙན་གྱི་ཁུག་པ་རེ་རེ།

༄༅། །འགལ་འདུ་དང་གཏོལ་བྲལ། ད་དུང་ཡིད་བརྙན་གྱི་ཁུག་པ་རེ་རེ།

                                                             ——པདྨ་ཚེ་བརྟན་གྱི་གློག་བརྙན་《དབུགས་ལྒང་》གི་དཔྱད་གླེང་།


  སྨུག་པོ།

p2623435716_副本.jpg

         རྒན་པདྨ་ཚེ་བརྟན་གྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་སུ་བརྩམས་ཆོས་བགྲང་དུ་རེ་བ་ཞིག་བརྩམས་ཏེ་ཀློག་པ་པོ་ལ་བག་ཆགས་ཟབ་མོ་བཞག་ཡོད། དེ་མིན་གློག་བརྙན་སྒྱུ་རྩལ་གྱི་ཐད་ནས་བོད་ཁུལ་གྱི་སྒྱུ་རྩལ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན། རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཡོངས་ལ་བོད་བརྙན་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་དང་འཚོ་བའི་རྣམ་པ། ཀུན་སྤྱོད་འདུ་ཤེས། རིག་གནས་དད་མོས་སོགས་མཚོན་པར་བྱེད།  དེ་ནི་ལོས་ཡིན་ཏེ། སྒྱུ་རྩལ་གྱིས་སྤྱི་ཚོགས་མེ་ལོང་གི་བྱེད་ནུས་འདོན་པའི་ཞར་ལ་བློ་བསྐྱེད་དང་ཚོར་བརྗེ་ཡི་ནུས་པའང་འདོན་བཞིན་ཡོད།

        ཁོང་གི་བརྩམས་ཆོས་ཐམས་ཅད་ཀྱིས་མིའི་ཚེ་སྲོག་གི་དོན་སྙིང་དང་འཚོ་བ་ཡི་འགལ་འདུ། མི་ཚེ་ཡི་གདམ་ག་སོགས་སྐྱིད་ལ་སྡུག་པའི་མིའི་འཚོ་གནས་ལ་བསམ་གཞིག་ཞིབ་མོ་བཏང་སྟེ་མིའི་སེམས་ཁམས་གཏིང་ནས་མངོན་པར་བྱེད་པའི་བརྗོད་བྱ་མཚོན་ཡོད། བརྩམས་ཆོས་འདི་དག་ལ་བལྟས་ན་རྩོམ་མཁན་ཁོང་ཉིད་ཀྱིས་ནམ་རྒྱུན་འདི་ལྟ་བུའི་མིའི་འཚོ་གནས་ཀྱི་ཐད་ལ་ཞིབ་འཇུག་མང་དུ་བྱས་ཡོད་པ་རྟོགས་ཐུབ་ལ། སུས་ཀྱང་ཚོད་དཔག་བྱེད་དཀའ་བའི་མི་སེམས་ཀྱི་འཇིག་རྟེན་དེ་གཏམ་རྒྱུད་སྣ་ཚོགས་ལ་བརྟེན་ནས་བལྟ་མཁན་གྱི་སྤྱན་ལམ་དུ་འདྲེན་པར་བྱེད། འདི་ལྟར་བརྩམས་ཆོས་ཁྲོད་དུ་མིའི་སེམས་གཏིང་གི་འདུ་ཤེས་དང་འཁྱེར་སོ་མངོན་པར་མཚོན་པའི་འབྲི་ཐབས་འདི་ལ་ཕྱི་གླིང་རྩོམ་རིག་གཞུང་ལུགས་སུ་མངོན་མཚོན་རིང་ལུགས་ཀྱི་འབྲི་ཐབས་ཞེས་རྩོམ་རིག་གྲུབ་མཐའ་ཡན་གར་བ་ཞིག་ཏུ་ངོས་འཛིན་བྱས་ཡོད།

         མངོན་མཚོན་རིང་ལུགས་ནི་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་བའི་ནང་ཡོ་རོབ་གླིང་གི་རྒྱལ་ཁབ་འཇར་མན་དང་ཧྥ་རན་སི། ཨོ་སི་ཁྲུ་རི་ཡ། ཡོ་རོབ་བྱང་མ། ཨུ་རུ་སུ་སོགས་ནས་དར་ཁྱབ་བྱུང་བའི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་མཐའ་ཞིག་ཡིན། དེ་ནི་ཐོག་མར་མཛེས་རིས་གསར་རྩོམ་གྱི་སྟེང་ནས་དར་ཏེ་རིམ་བཞིན་གླུ་དབྱངས་དང་རྩོམ་རིག   ཟློས་གར།  གློག་བརྙན་སོགས་ཀྱི་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེར་སྐད་གྲགས་ཆོད་པའི་མངོན་མཚོན་རིང་ལུགས་ཀྱི་གློག་བརྙན་ལ་《འབུམ་རམས་པ་ཁཱ་ལིས་ཅཱ་ལིས་ཀྱི་སྡོད་ཁང་ཆུང་ཆུང་དང་།》(《卡里加里博士的小屋》德国,1920年。)  《ཨཱ་ཀའོ་ཨར།》(《阿高尔》德国,1920年。)《ཞོགས་པ་ནས་ནམ་གུང་གི་བར་དུ།》(《从清晨到午夜》德国,1923年)《ཟླ་བའི་སྟེང་གི་ཁང་པ།》(《月亮上的房子》德国,1921年。)《ས་གཞིའི་རྣམ་ཤེས་》(《大地之灵》德国,1923年。) སོགས་ཡོད་ལ་དེ་དག་ནི་མི་སྣའི་སེམས་ཁམས་གཏིང་ནས་སྔག་འདོན་བྱས་ཏེ་དེའི་ཤུགས་ཀྱིས་སྒྱུ་རྩལ་གྱི་ཚོར་བ་སྒུལ་བར་བྱེད་པའི་བརྩམས་ཆོས་འབའ་ཞིག་རེད།

         པདྨ་ཚེ་བརྟན་གྱི་གློག་བརྙན་《དབུགས་ལྒང་》ཡང་མི་སེམས་གཏིང་ནས་མངོན་པ་ལ་གོང་གི་བརྩམས་ཆོས་འདི་དག་ལས་དམན་པ་ཞིག་མ་རེད་སྙམ། གཤམ་དུ་གློག་བརྙན་《དབུགས་ལྒང་》གི་མཚོན་ཐབས་ཀྱི་ཁྱད་ཆོས་གཙོ་བོ་འགའ་བརྗོད་པར་བྱ།

གཅིག  འགལ་འདུ་ཡི་སྨུག་ལོང་།

p2661211361_副本_副本.jpg

         སྤྱིར་མངོན་མཚོན་རིང་ལུགས་ཀྱི་སྒྱུ་རྩལ་གྲུབ་མཐའ་ལ་མཚོན་ན་འགལ་འདུ་ཤུགས་ཆུང་ངུར་བྱས་ཏེ་མི་སེམས་ཀྱི་འཇིག་རྟེན་ཕྱི་ལ་མངོན་པ་གཙོ་བོར་བྱེད་པ་ཡིན་ཏེ། དབྱིན་ཇིའི་ཟློས་གར་གཞུང་ལུགས་པ་ཨ་ཉེ་ཁི་ཨར་(阿·尼柯尔1894—1976)གྱིས་“ཟློས་གར་ཕལ་ཆེར་འགལ་ཟླའི་རྨིང་གཞིའི་སྟེང་བྱུང་།” ཞེས་གསུང་པ་ལྟར། འགལ་འདུ་གཏན་ནས་མེད་པ་ཞིག་མིན། གཙོ་བོ་ནི་འགལ་འདུ་ལ་བརྟེན་ནས་གཏམ་རྒྱུད་ལ་ཀྱག་ཀྱོག་དང་འཁྲིགས་ཆ་དོད་པོར་བཟོ་བ་དང་འགལ་འདུ་ཡི་རྐྱེན་གྱིས་གཏམ་རྒྱུད་འཕེལ་རྒྱས་སུ་བཏང་སྟེ་མཐོ་རླབས་སུ་བསྐྱོད་པར་བྱེད་པ་ཞིག་ཡིན་ན་འགལ་འདུ་གཙོ་བོར་བྱེད་པའི་བརྩམས་ཆོས་ཀྱི་རིགས་སུ་གཏོགས་མོད། གློག་བརྙན་《དབུགས་ལྒང་》ལྟ་བུ་ལ་མཚོན་ན།  འགལ་འདུ་ནི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་སོ་སོའི་སེམས་སུ་སྨུག་ལོང་འཐིབས་པ་ལྟར་རབ་རིབ་དང་མག་མོག་གི་སྒོ་ན་ལྷན་ནེར་ཡོད་པ་ལས་མི་སྣ་དང་མི་སྣའི་དབར་དུ་འགལ་འདུ་སྣ་ཚོགས་རྣོ་ངར་ལྡན་པའི་སྒོ་ནས་མེ་དང་ཆུ་བཞིན་ལྷན་གཅིག་ཏུ་གནས་ཐབས་མེད་པ་ཞིག་མ་ཡིན་པས།  འདིའི་ཁྲོད་ཀྱི་འགལ་འདུ་ནི་མི་སྣ་རང་སྟེང་དུ་བློ་ཉིས་འགལ་ལྟ་བུའི་རབ་རིབ་ཏུ་གནས་པའི་སྒོ་ནས་མཚོན་པར་བྱས་འདུག

         གསལ་བཤད་དུ་དཔེ་ཞིག་བཀོད་ན།  མི་སྣ་གཙོ་བོ་དར་རྒྱས་ཀྱི་ནང་སེམས་ཀྱི་འགལ་འདུ་ནི་ཧ་ཅང་གཏིང་ཟབ་ས་ཞིག་ན་བལ་ལ་ཉལ་ནས་ཡོད་དེ། ཨ་ལགས་ཚང་གིས་ལུང་བསྟན་གནང་པ་ལྟར་ཆུང་མའི་ལུས་ལ་འཁོར་བའི་ཕྲུ་གུ་དེ་ནི་རང་གི་ཕ་རྒན་གྱི་རྣམ་ཤེས་ཡིན་པ་ལ་ཐེ་ཚོམ་མེད་པར་རློམ་ཡོད་ཀྱང་། ཆུང་མ་སྒྲོལ་དཀར་གྱིས་ཨ་ལགས་ཚང་གི་ལུང་བསྟན་ལ་ནོར་འཁྲུལ་འབྱུང་སྲིད་པ་མ་ཟད། ཉི་མ་སྐར་མ་བརྩིས་ན་ཕ་རྒན་འདས་པའི་དུས་དང་ཆུང་མའི་ལུས་ལ་བུ་འཁོར་བ་གཉིས་ལ་དུས་ཀྱི་ཆ་ནས་འགལ་བ་ཡོད་པས་རང་དབང་མེད་པར་ཡིད་གཉིས་ཐེ་ཚོམ་གྱི་དབང་དུ་མི་འགྲོ་ག་མེད་ཡིན་ཡང་། ཨ་ལགས་ཚང་གིས་དངོས་སུ་གསུངས་པས་ཁོས་ཁ་ནས་ཐེ་ཚོམ་གྱི་སྐད་ཆ་ཅི་ཡང་བཤད་མེད་ཀྱང་། འཁྲབ་ཁྲིད་པས་མི་སྣའི་སེམས་ཁམས་ཡུལ་ལྗོངས་ཁོར་ཡུག་གི་དངོས་པོའི་སྟེང་དུ་འཕྲོས་པའི་སྒོ་ནས་སེམས་ཁམས་མཚོན་པར་རམ་འདེགས་བྱས་པ་སོགས་ཀྱི་བཟོ་ལྟ་ལ་བལྟས་ན་སེམས་ན་འགལ་འདུ་ཡོད་པར་ཚོད་དཔག་བྱེད་ཐུབ། དེ་བས་དར་རྒྱས་ཀྱི་སེམས་ཀྱི་འགལ་འདུ་ནི་ཁོ་རང་ཉིད་མ་གཏོགས་གཞན་གྱིས་མི་ཤེས་པའི་ཧ་ཅང་གཏིང་ཟབ་ས་ཞིག་ན་ཡོད་ལ།  གལ་སྲིད་གཞན་གྱིས་ཁོ་ལ་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཡོད་དམ་ཞེས་དྲི་བའི་དབང་དུ་བྱས་ན་ཁོས་སྔར་བཞིན་ཐེ་ཚོམ་མེད་ཅེས་ཨ་ལགས་ཚང་གི་གསུང་ལ་ནོར་འཁྲུལ་མེད་པའི་ཚུལ་དུ་བརྗོད་ངེས་ཡིན། སྐབས་འདིར་ཁོ་ལ་མཚོན་ན་ཐེ་ཚོམ་དང་འགལ་འདུ་ཡོད་ཀྱང་ཁེས་ལེན་པར་མི་ཕོད།  རྒྱུ་མཚན་ནི་དེ་ལྟར་ཐེ་ཚོམ་བྱེད་པ་ནི་ཁོའི་བསམ་སྦྱོར་ནང་འགལ་གྱི་བྱ་སྤྱོད་ཕྱིར་མངོན་པ་ཡིན་པས་གཞན་གྱི་འཕྱ་སྨོད་དང་ངན་སྨྲོས་ཀྱི་དབང་དུ་འགྲོ་སྲིད་ན། ཁོས་ནམ་ཡང་རང་ཉིད་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་དགོས།  འོན་ཀྱང་ཁོའི་ཆུང་མས་མངལ་གྱི་ཕྲུ་གུ་སྐྱེས་འགོག་བྱེད་རྒྱུའི་བསམ་ཚུལ་བརྗོད་པ་ནས་བཟུང་ཁོ་ལ་སྟོང་འདང་བརྒྱག་རྒྱུ་ཇེ་མང་དུ་གྱུར་ཏེ་སེམས་པ་བདེ་ལ་འབབ་ཐུབ་ཀྱི་མེད་པའི་ཚོར་སྣང་སྟེར་བའི་སྟེང་ནས་ཁོའི་སེམས་ན་འགལ་འདུ་ཡོད་པ་ཤེས་ཐུབ། གཞན་བྱིས་པ་ཇེ་མང་དུ་གྱུར་ན་རྒྱལ་ཁབ་འཆར་ལྡན་བུ་སྐྱེས་ཀྱི་བཅས་ཁྲིམས་ལ་འགལ་བ་མ་ཟད། བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་དེ་གཉོར་སྐྱོང་བྱེད་པར་དཀའ་ཁག་ཡོད་ལ། སློབ་གྲྭ་ལ་བསྐྱལ་ན་སློབ་ཡོན་སྤྲོད་རྒྱུ་སོགས་ཀྱི་སྟེང་ནས་རང་ཉིད་ཀྱི་འགན་འཁུར་ཇེ་ལྕི་རུ་སོང་ཡོད་པས་ཁོས་བློ་ཁ་ནང་དུ་ཕྱོགས་ནས་བསམ་གཞིག་མི་བྱེད་ག་མེད་ཡིན་པ་བཅས་ཀྱི་སྟེང་ནས་ཁོ་རང་གི་ནང་སེམས་ཀྱི་འགལ་འདུ་ནི་བསམ་བློའི་གཏིང་ཟབ་ས་རུ་སྨུག་རྒྱུ་ལྟར་ཡམ་ཡོམ་དུ་གཡོ་འགུལ་བྱེད་བཞིན་ཡོད་པར་ཚོད་བགམ་བྱས་ཆོག

p2884042705_副本.jpg

         སྒྲོལ་དཀར་དང་ཇོ་མོ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་ནང་སེམས་ལ་འགལ་འདུའི་སྨུག་ལོང་གིས་ཡོངས་སུ་གཡོགས་འདུག་པ་ནི་མངོན་སུམ་དུ་ཤེས་ཐུབ་སྟེ། སྒྲོལ་དཀར་ལ་བྱིས་པ་གསུམ་ཡོད་པས་ད་རུང་གཅིག་སྐྱེས་ན་རང་ཉིད་ཀྱི་དཀའ་ཁག་ཇེ་མང་དུ་གྱུར་བ་དང་མཉམ་དུ་ཕྱོགས་གང་ཐད་ནས་ཁྱིམ་ཚང་གི་འགན་འཁུར་ཇེ་ལྕི་རུ་གྱུར་ཡོད་པས་བྱིས་པ་སྐྱེས་འགོག་བྱེད་འདོད་ཀྱང་། མངལ་དུ་ཆགས་པ་ནི་རང་གི་ཁྱོ་ཀའི་ཕ་རྒན་གྱི་རྣམ་ཤེས་ཡིན་པ་མ་ཟད། བོད་ཀྱི་བཤད་སྲོལ་ལྟར་ན་བྱིས་པ་སྐྱེས་འགོག་བྱས་ན་བར་དོར་འཁྱམ་པའི་རྣམ་ཤེས་ལ་འཕོ་ཡུལ་མེད་པར་གྱུར་པས་ཉེས་བ་བསགས་པ་ཡིན་པ་སོགས་ལ་བསམ་བློ་བཏང་ནས། རང་གི་མངལ་གྱི་བྱིས་པ་སྐྱེས་དང་འགོག་གི་དབར་དུ་འགལ་འདུའི་སྨུག་ལོང་གིས་ཁྱབ་འདུག་པ་མཚོན་འདུག  དེ་བཞིན་དུ་ཇོ་མོ་བྱང་ཆུབ་སྒྲོལ་མ་ལ་མཚོན་ན། སྔར་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་ཀྱིས་སེམས་ལ་རྨ་ཁ་བཟོས་ཡོད་པའི་རྨང་གཞིའི་སྟེང་། ཐེངས་འདིར་སློབ་གྲྭ་ནས་སྟེང་དབང་གིས་དགེ་རྒན་སྟག་འབུམ་རྒྱལ་ལ་འཕྲད་པ་དང་། དགེ་རྒན་སྟག་འབུམ་རྒྱལ་གྱིས་བྲིས་པའི་དཔེ་ཆ་དེ་ལ་བལྟས་རྗེས་སྔར་བྱུང་བའི་དོན་དག་ལ་ཕལ་ཆེར་གོ་འཛོལ་ཐེབས་འདུག་སྙམ་དུས་ཁོ་མོའི་སེམས་ལ་དྲན་ཚུལ་སྣ་ཚོགས་བཅོས་མིན་དུ་སྐྱེས་ཏེ་སེམས་ཀྱི་ཁུར་བོ་ཆེན་པོ་ཞིག་ཏུ་གྱུར་པའི་སྟེང་ནས་ཁོ་མོའི་སེམས་ཀྱི་འགལ་འདུ་རྟོགས་ཐུབ།

       དེ་མིན་དར་རྒྱས་ཀྱི་བུ་ཆེ་བ་འཇམ་དབྱངས་སློབ་གྲྭར་བསྐྱལ་བའི་ཉིན་དེར་སློབ་གྲྭའི་སྒོ་ལམ་ནས་ཁ་ཕྱིར་འཁོར་ཏེ། “ཨ་ཕ། ང་སློབ་གྲྭར་འགྲོ་ན་མི་འདོད་ཀི།” ཟེར་བ་དེ་ལས་ལོ་ན་ཆུང་བའི་བྱིས་པ་དེའི་སེམས་ནའང་སྨྲ་བསམ་བརྗོད་འདས་ཀྱི་འགལ་འདུ་དང་སེམས་ཁྲལ་ཡོད་པ་རྟོགས་ཐུབ། འདི་ལྟར་གློག་བརྙན་ཁྲོད་ཀྱི་མི་རེ་རེའི་སེམས་ལ་སྒྲོན་མེ་བཏེགས་ན་མི་སྣ་འདི་དག་གི་སེམས་ལ་འགལ་འདུ་ཡི་སྨུག་ཀློང་གིས་གཡོགས་ཡོད་པ་མཐོང་ཐུབ།

        རྒན་པདྨ་ཚེ་བརྟན་གྱིས་བརྙན་མིག་ལ་དྲངས་པའི་མི་སྣ་འདི་དག་ནི་འདི་ལྟར་འགལ་འདུའི་རང་བཞིན་ཅན་དུ་བྱས་པ་ལ་སྒྱུ་རྩལ་གྱི་ཕན་འབྲས་ཕྱོགས་གཉིས་ན་ཐོན་འདུག་སྟེ། ཕྱོགས་གཅིག་ནས་མི་སྣ་སོ་སོའི་སེམས་ཀྱི་རང་བཞིན་ལས་འཕྲོས་པའི་སྣང་བརྙན་གསོན་ཉམས་ལྡན་པར་མཚོན་འདུག་པ་ནི་འདི་ལྟར། དར་རྒྱས་ནི་མིག་མདུན་གྱི་དོན་དངོས་ལ་དཀའ་ཁག་ཅི་འདྲ་ཆེ་ཡང་རང་གི་ཕ་དང་ཨ་ལགས་བཅས་ཀྱི་སྐད་ཆ་ལ་རང་གི་བློ་ཡིས་བརྟག་དཔྱད་གཏོང་མི་ཕོད་པར་མ་ཟད་དེ་ལས་འདའ་བར་མི་བྱེད་པ་དང་ཆུང་མ་སྒྲོལ་དཀར་གྱིས་སྐྱེས་འགོག་བྱེད་བསམ་པ་དེ་ལའང་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་སྤྱོད་པ། ཐབས་མཁས་ཀྱི་སྒོ་ནས་སྒྲོལ་དཀར་གྱི་སེམས་ཁ་བསྒྱུར་བར་འབད་པ་བྱེད་པ་སོགས་ལས་ཁོའི་ལུས་སྟེང་ནས་ཀུན་མཐུན་གྱི་སྣང་བརྙན་མཐོང་ཐུབ།  སྒྲོལ་དཀར་ནི་དེ་ལས་ལྡོག་སྟེ་དོན་དངོས་གནས་ཚུལ་དཔྱོད་ཤེས་ཀྱིས་རང་ཉིད་ཀྱི་བསྒྲུབ་མི་ཐུབ་པའི་འོས་འགན་ནི་ཅིས་ཀྱང་དང་དུ་ལེན་མི་འདོད་པར་མ་ཟད། ཨ་ལགས་ཀྱི་གསུང་ལའང་དོགས་སློང་དང་བརྟག་དཔྱད་བྱེད་པར་ཕོད་པའི་ཚུགས་ཐུབ་ཀྱི་ཐུན་མིན་རང་གཤིས་ལྡན་པའི་སྐྱེས་མ་ཞིག་གི་སྣང་བརྙན་མཐོང་ཐུབ། བྱང་ཆུབ་སྒྲོལ་མ་ནི་སེམས་ཁ་གཉོམ་ཞིང་གཏན་ཚུགས་མེད་པ། དོན་རྐྱེན་བྱུང་བའི་དུས་སུ་དེའི་སྔ་ཕྱི་ཀུན་ལ་བརྟག་དཔྱད་གཏིང་ཟབ་མོ་གཏོང་མི་ཤེས་པར།  གཞན་གྱིས་གནས་ལུགས་གོ་བརྡ་སྤྲད་པའི་ཚེ་ན་དེ་མ་ཐག་ཏུ་བསམ་བློ་ཕྱིར་འཁོར་ཏེ་ཡིད་ཆེས་རྐྱང་བྱེད་པའི་སྒམ་ཚུགས་དང་བློ་བརྟན་མེད་པའི་བུ་མོ་གཉོམ་ཆུང་ཞིག་གི་སྣང་བརྙན་མཚོན་འདུག   སློབ་མ་འཇམ་དབྱངས་ནི་ཕ་དར་རྒྱས་དང་མཚུངས་བར་བསམ་བློ་མང་པོ་གཏོང་མི་ཕོད་ལ། དྲན་ཚུལ་ཁོང་དུ་སྦ་བར་བྱེད་པའི་བུ་ཆུང་ལྷུན་ཆགས་ཤིག་རེད། གལ་སྲིད་ཁོའི་ནང་སེམས་ཀྱི་འགལ་འདུ་ཕྱི་ལ་མངོན་པར་བྱས་ཀྱང་ཕ་རྒན་གྱི་ཚིག་གཅིག་གིས་ཁུ་སིམ་མེར་བཏང་འཇོག་པ་ལ་བལྟས་ན་ཁོའི་རང་གཤིས་ནི་མངོན་གསལ་གྱིས་འབུར་དུ་ཐོན་པ་ཞིག་མིན་པས་ཁོའི་སྟེང་ནས་ཀྱང་ཀུན་མཐུན་གྱི་སྣང་བརྙན་མཐོང་ཐུབ།  འདི་ལྟར་མི་སྣ་ལ་རང་གཤིས་དང་སྣང་བརྙན་གསལ་བ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཏུ་ཅིས་ཀྱང་ངོས་འཛིན་པར་འདོད།

        ཕྱོགས་གཞན་ཞིག་ནས་མི་སྣ་འདི་དག་གི་སྣང་བརྙན་འབུར་ཐོན་དུ་བཞེངས་བསྐྲུན་བྱས་པ་ལ་བརྟེན་ནས་རྩོམ་མཁན་གྱི་བསམ་བློའི་དགོངས་གཞི་དང་བརྩམས་ཆོས་ཀྱི་བསམ་བློའི་རང་བཞིན་གསལ་བོར་བསྟན་འདུག  དེ་ནི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་ན་ཡོད་པའི་མི་རྣམས་ནི་དར་རྒྱས་ཕ་བུ་གཉིས་ནང་བཞིན་གཞན་གྱིས་བཤད་ཚད་ལ་ལགས་སོ་ཟེར་རྐྱང་བྱེད་པའམ། ཡང་ན་སྒྲོལ་དཀར་ནང་བཞིན་རང་ཉིད་ཀྱི་བདེ་སྡུག་ལ་རང་གིས་བསམ་བློ་བཏང་སྟེ་རང་ལྟེ་བར་བྱས་ནས་གཞན་ལ་བསམ་བློ་མི་གཏོང་པའི་སྒེར་ཚུགས་ཀྱི་འདུ་ཤེས་ཅན།  དེ་མིན་བྱང་ཆུབ་སྒྲོལ་མ་ནང་བཞིན་བསམ་གཞིག་གི་བློ་ཁ་ཆེན་པོ་མེད་པར་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འགྲེང་བའི་གཏན་ཚུགས་བྲལ་བ་བཅས་རང་གཤིས་མི་འདྲ་བ་དུ་མའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ་ང་ཚོ་ནི་གང་གི་རྗེས་སུ་འགྲེང་རྒྱུ་ཡིན། ཡང་ན་གང་གི་རྗེས་སུ་འགྲེང་ན་འགྲིག་ཅེས་པའི་དྲི་གཞི་འདོན་པའི་དགོངས་གཞི་མཚོན་པ་ལ་ཕན་འབྲས་བླ་ན་མ་མཆིས་པ་ཐོན་ཡོད་པ་དང་།  ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ང་ཚོ་མི་ཡི་རང་བཞིན་ནི་འདི་ལྟ་བུའོ་ཞེས་ང་ཚོ་རང་ཉིད་ཀྱི་ནང་སེམས་ཕྱི་ལ་འདོན་ཆེད་མིའི་གདོད་གཤིས་གཏིང་ནས་བསྔོགས་ཏེ་བསམ་གཞིག་གཏོང་བར་བྱས་པ་བཅས་གློག་བརྙན་གྱི་རྩ་བའི་དམིགས་ཡུལ་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཐོན་འདུག

p2629120044_副本.jpg

གཉིས།  གཏོལ་བྲལ་གྱི་བཀག་རྡོ།

         གཏོལ་བྲལ་ཞེས་པ་ནི་ཐེ་ཚོམ་དང་འགལ་འདུ།   ཅི་བྱེད་གང་འགབ་མི་ཤེས་ལ་གོ་དགོས་པ་བཞིན། གློག་བརྙན་འདིའི་ནང་དུ་གཏོལ་བྲལ་གྱི་རྣམ་པ་མངོན་སུམ་དུ་མཐོང་ཐུབ། སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུའང་མི་རྣམས་དོན་རྐྱེན་སྣ་ཚོགས་ལ་འཕྲད་པའི་སྐབས་དང་ཡང་ན།  བྱ་བའི་གདམ་ག་ལ་དབྱེ་འབྱེད་དཀའ་བའི་གཏོལ་བྲལ་གྱི་ངང་ཚུལ་མང་པོ་མཐོང་རྒྱུ་ཡོད།   གློག་བརྙན་འདིར་རྩོམ་པ་པོས་གཏོལ་བྲལ་གྱི་རྣམ་པ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སེམས་ཀྱི་བརྡར་ཤ་གཅོད་དཀའ་བའི་ཆ་དེ་ལྟ་མཁན་གྱི་མིག་ལ་བཤམས་ནས་ང་ཚོའི་སེམས་ལའང་བརྗིད་ཏིག་ཏིག་གི་ཚོར་སྣང་འགོག་མེད་དུ་སྟེར།

      གློག་བརྙན་འདིའི་མི་སྣའི་སེམས་ཀྱི་གཏོལ་བྲལ་གྱི་ཆ་རེ་རེ་བཀྲལ་ན་འདི་ལྟ་སྟེ། མི་སྣ་གཙོ་བོ་དར་རྒྱས་ཀྱི་སེམས་སུ་ཕ་འདས་པོའི་རྣམ་ཤེས་རང་གི་ཆུང་མའི་ལུས་ལ་འཁོར་བའི་ཕྲུག་གུ་བདེ་ལེགས་ངང་སྐྱེས་པར་འདོད་ནའང་རང་གི་ཆུང་མར་བྱིས་པ་སྐྱེས་འདོད་མེད་པའི་ཨུ་ཚུགས་ལ་མཐུན་འགྲིག་གི་བྱེད་ཐབས་མེད་པའི་གཏོལ་བྲལ་གྱི་ངང་དུ་ཅི་བྱེད་གང་འགབ་མི་ཤེས་པར་སྟོང་འདང་དང་སེམས་ཁྲལ་གྱིས་སྡོད་དགོས་པ་དང་།  སྒྲོལ་དཀར་གྱིས་ཕྲུ་གུ་སྐྱེས་མི་འདོད་ཀྱང་ཁྱོ་གའི་ཕ་འདས་པོའི་རྣམ་ཤེས་ཡིན་པས་མི་སྐྱེས་ཐབས་མེད་ཏུ་གྱུར་ཏེ་གཏོལ་བྲལ་གྱི་དབང་གིས་སེམས་ཁམས་འཁྲུགས་པ།   ཇོ་མོ་བྱང་ཆུབ་སྒྲོལ་མ་ནི་སྔར་གྱི་བརྩེ་དུང་གི་རྨ་ཁ་དེའི་དབང་གིས་དགེ་རྒན་སྟག་འབུམ་རྒྱལ་གྱི་སྟེང་ལ་ཁྲོས་ནས་ཡོད་ཀྱང་།  ཁོས་བྲིས་པའི་དཔེ་ཆ་དེ་བཀླགས་རྗེས་སེམས་ལ་རང་དབང་མེད་པར་འགྱོད་གདུང་སྐྱེས་པ་དང་། སྔར་གྱི་བྱ་བ་ལ་གོ་འཛོལ་ཐེབས་སོང་སྙམ་བཞིན་སེམས་ཁ་གཏོལ་བྲལ་དུ་གྱུར་ཡོད་པ། དགེ་རྒན་སྟག་འབུམ་རྒྱལ་གྱིས་སྔར་གྱི་བརྩེ་དུང་གི་གོ་འཛོལ་སེལ་ཆེད་རང་གི་སེམས་པ་ཕྲ་མོ་ཡིག་འབྲུའི་གཟུགས་སུ་བསྒྱུར་བ་ལས་ཐབས་གཞན་མ་རྙེད་པ་དེ་ལས་ཁོའི་སེམས་ལ་ཕོག་པའི་གཏོལ་བྲལ་གྱི་བཀག་རྡོ་ཇི་འདྲའི་སྲ་ཞིང་མཁྲེགས་པ་ཞིག་ཡིན་པ་ཚོད་བགམ་བྱེད་ཐུབ།  དེ་བཞིན་དུ་དར་རྒྱས་ཀྱི་ཕ་འདས་པ་དང་སློབ་གྲྭར་འགྲོ་སྐབས་ལུག་གཅིག་རེ་ཤན་པའི་ལག་ཏུ་མ་བཙོང་ན་སློབ་ཡོན་མེད་པ་སོགས་ཀྱི་དཀའ་ཁག་བསམ་བཞིན་སློབ་གྲྭར་འགྲོ་འདོད་མེད་པའི་སྟེང་ནས་སློབ་མ་དེའི་སེམས་ཀྱི་གཏོལ་བྲལ་གྱི་ཆ་མཐོང་ཐུབ་པ་བཅས་གློག་བརྙན་ཁྲོད་ཀྱི་མི་རེ་རེའི་སེམས་སུ་དགྲོལ་དཀའ་བའི་དགུ་མདུད་བརྒྱབ་ཡོད་པ་མིག་མཐོང་ལག་ཟིན་དུ་སྣང་བྱུང་།

        གོང་དུ་བརྗོད་ཟིན་པ་ལྟར་རྒན་པདྨ་ཚེ་བརྟན་གྱི་བརྩམས་ཆོས་དག་ནི་དེང་རབས་མངོན་མཚོན་རིང་ལུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལྡན་པ་ཤ་སྟག་རེད་དེ། མི་སྣ་དག་གི་སེམས་ཀྱི་འགལ་འདུ་དང་གཏོལ་བྲལ་གྱི་ཆ་རེ་རེ་ཚུར་སྣང་བྱས་པ་ལ་བརྟེན་ནས་མི་སེམས་གཏིང་ནས་བསྔོག་འདོན་བྱས་ཡོད།  ང་ཚོའི་སྒྱུ་རྩལ་བརྩམས་ཆོས་ཀུན་ལས་སྤྱི་ཚོགས་འཚོ་བའི་ཕྱི་ནང་གསང་གསུམ་མཚོན་པ་ནི་སྒྱུ་རྩལ་གྱི་དམིགས་ཡུལ་གཙོ་བོ་ཞིག་ལ་བརྩི་བ་ཡིན་ན། སྤྱི་ཚོགས་ལ་འགྱུར་ལྡོག་ཅི་དང་ཅི་བྱུང་བ་ཡོད་ཚད་མིའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་། སེམས་ཀྱི་ཉོན་མོངས་ལས་བྱུང་བ་ལ་བསྙོན་དུ་མེད།  འོ་ན་སྤྱི་ཚོགས་ཀྱི་འགྱུར་བ་དེས་ཕྱིར་མིའི་སེམས་ཁམས་ལ་འགལ་འདུ་དང་གཏོལ་བྲལ་ཇི་ལྟ་བུ་སྟེར་བཞིན་ཡོད་པའང་སྒྱུ་རྩལ་བརྩམས་ཆོས་ཀྱིས་མཚོན་པ་འདི་སྒྱུ་རྩལ་གྱི་བླ་ན་མ་མཆིས་པའི་མཛེས་པ་ཞིག་ཅི་ལ་མིན།

       མི་མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་ལམ་ལུགས་ཁོ་ན་ཁ་གཏད་དུ་བཟུང་ནས་དེའི་དགེ་སྐྱོན་བརྗོད་པའི་བརྩམས་ཆོས་སྤེལ་བ་ལས། འདི་ལྟར་མིའི་སེམས་ཀྱི་ཉོན་མོངས་ཀྱི་དབང་གིས་སྤྱི་ཚོགས་ལ་འགྱུར་བ་ཐེབས་བཞིན་ཡོད་ལ། དེས་ཁ་ཕྱིར་གཏད་ནས་མིའི་སེམས་ལ་འགལ་འདུ་དང་དཀའ་ཁག་སྤྲོད་བཞིན་ཡོད་པའི་སྟེང་ནས་རྒྱུ་འབྲས་གཉིས་ཀའི་ངོ་བོ་སེམས་ཀྱི་གདོད་གཤིས་ལ་ཞིབ་འཇུག་དང་ཕྱིར་འདོན་བྱེད་པའི་སྒྱུ་རྩལ་ཐབས་ལམ་འདི་ཇི་འདྲའི་ལེགས་ཨང་། “འདུ་ཤེས་དང་ཕུགས་འདུན་ལས་བྱུང་བའི་ཐེ་ཚོམ་དང་གཏོལ་བྲལ་གྱིས་མི་སྣའི་སེམས་ཀྱི་འགལ་འདུ་ཤུགས་དྲག་པོ་མཚོན་ཡོད་པས་འདི་ལྟ་བུ་ལ་ཟློས་གར་གྱི་རིན་ཐང་ཞེས་བརྗོད་ཆོག” ཅེས་པ་ལྟར་མིའི་སེམས་ཁམས་ཀྱི་གཏོལ་བྲལ་གྱི་ཆ་གཏིང་ནས་མངོན་པ་ལ་ཟློས་གར་གྱི་རིན་ཐང་ཆེ་བ་བརྗོད་ཡོད་པ་ལྟ་བུ་རེད།  དེ་བས་མི་སེམས་ཀྱི་གཏོལ་བྲལ་ནི་འགལ་འདུ་ཤུགས་དྲག་པོ་ཞིག་གི་འབྲས་བུ་ཡིན་ལ། སྤྱིར་སྒྱུ་རྩལ་གྲུབ་མཐའ་གཞན་ལྟར་བརྩམས་པའི་བརྩམས་ཆོས་ཤིག་ཡིན་ན་འགལ་འདུ་ལས་བརྒལ་པའི་ཆེད་དུ་གཏམ་རྒྱུད་ལ་འགྱུར་ལྡོག་སྣ་ཚོགས་གཏོང་དགོས་མོད།  གློག་བརྙན་《དབུགས་ལྒང་》ལས་དངོས་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་དཀའ་བས་མི་སྣ་གཙོ་བོ་དར་རྒྱས་དང་སྒྲོལ་དཀར། བྱང་ཆུབ་སྒྲོལ་མ།  སྟག་འབུམ་རྒྱལ། འཇམ་དབྱངས་བཅས་ཀྱིས་སེམས་གཏིང་ལ་འཁོར་བའི་གཏོལ་བྲལ་གྱི་སྡུག་བསྔལ་མྱོང་བ་ལས་ཐབས་ཅི་ཡང་མེད། འདི་ལྟར་གཏོལ་བྲལ་གྱི་དབང་གིས་བལྟ་མཁན་ལའང་སྐྱོ་ཤུར་ཤུར་གྱི་ཚོར་སྣང་ཟབ་མོ་ཞིག་སྟེར་ལ། གློག་བརྙན་གྱི་གཏམ་རྒྱུད་ཀྱང་ངང་ངམ་ཤུགས་ཀྱིས་སྐྱོ་གར་རང་བཞིན་ཅན་དུ་གྱུར།  དུས་མཚུངས་སུ་མི་སྣ་འདི་དག་ལ་གདུང་སེམས་ཚད་མེད་ཅིག་སྐྱེས་བར་བྱེད་པ་འདིའང་སྒྱུ་རྩལ་གྱི་འདྲེན་ཤུགས་ཤིག་མ་ཡིན་ནམ།

གསུམ།  ཡིད་བརྙན་གྱི་ལྡེམ་སྐྱོད།

       རང་རྒྱལ་རྩོམ་རིག་གིས་མི་སྣའི་སྣང་བརྙན་གཙོ་བོར་བྱེད་ནའང་། ཕྱི་གླིང་རྩོམ་རིག་གིས་ཡིད་བརྙན་གཙོ་བོར་བྱེད། ཕྱི་ནང་ཟུང་དུ་སྦྲེལ་བའི་དེང་དུས་ཀྱི་རྩོམ་རིག་བློ་མིག་གིས་དཔྱད་ན། རླབས་ཆེ་བའི་རྩོམ་རིག་སྒྱུ་རྩལ་ལ་མི་སྣའི་སྣང་བརྙན་དང་ཡིད་བརྙན་གལ་ཆེ་བ་ཤེས་ཐུབ། གློག་བརྙན་《དབུགས་ལྒང་》ལས་གཏམ་རྒྱུད་ཀྱི་བྱུང་རིམ་སོ་སོའི་བར་བར་དག་ལ་ཡིད་བརྙན་གྱི་ཁུག་པ་རེ་རེ་བརྐྱངས་འདུག་སྟེ། འདིར་རེ་རེ་བཞིན་བརྗོད་ན།

 1684153997828533.jpg

       ཡིད་བརྙན་དང་པོ་ནི། ཐོག་མར་ཨ་མྱེས་ཀྱིས་འཇམ་དབྱངས་ནི་དྲིན་ཆེན་མའི་རྣམ་ཤེས་ཡིན་པའི་གཏམ་རྒྱུད་བརྗོད་པའི་རྗེས་སུ་བྱིས་པ་གཉིས་ཀྱིས་འཇམ་དབྱངས་རྒྱབ་ཀྱི་སྨྲེ་བ་བཀོགས་ནས་ལུས་གཅེར་བུའི་སྒོ་ནས་བྱེད་ཐང་དུ་མཆོང་རྒྱུག་བྱེད་པ་ནི་ཡིད་བརྙན་ཞིག་རེད་དེ། རྣམ་ཤེས་དང་འབྲེལ་བའི་བཤད་སྟངས་དེའི་བཀག་བརྒྱ་གཏོར་བའི་ཡིད་ཀྱི་འདུ་བྱེད་ནི་བྱིས་པ་གཉིས་ཀྱིས་ཕུ་བོ་འཇམ་དབྱངས་རྒྱབ་ཀྱི་སྨྲེ་བ་བཀོགས་ནས་བྱེད་ཐང་དུ་མཆོང་རྒྱུག་བྱེད་པའི་གཟུགས་བརྙན་གྱི་སྟེང་དུ་འཕོས་ནས། མིའི་སེམས་ཀྱི་བཀག་རྒྱ་གཏོར་ནས་ཧ་ཅང་བག་ཡངས་ཀྱི་བདེ་བ་ཞིག་སྙེག་འདོད་པ་ནི་བྱིས་པ་གཉིས་ལ་དོགས་འཛེམ་དང་འཚེར་སྣང་ཅི་ཡང་མེད་པར་བྱེད་ཐང་དུ་མཆོང་རྒྱུག་བྱེད་པའི་ར་རི་བྲལ་བའི་སེམས་ཁམས་ཀྱི་དག་གཙང་མཚོན་པ་སྟེ།  ཡིད་བརྙན་འདིས་མི་སེམས་ལ་དོགས་སྣང་ཅི་ཡང་མེད་པའི་བག་ཡངས་ཀྱི་བདེ་བ་དང་ལྷན་དུ་འདྲེས་བར་བྱས་པ་ནི་ཧ་ཅང་མཛེས་སྡུག་ལྡན་པའི་རེ་བཞག་གང་ཞིག་མངོན་དུ་གྱུར་པའི་སྤྲོ་སྣང་དང་ཇི་འདྲའི་མཚུངས་ཨང་།

1684154046620948.jpg

       ཡིད་བརྙན་གཉིས་པ་ནི། ཨ་མྱེས་ཚེ་ལས་འདས་ཏེ་བེམ་པོ་སྦྱིན་སྲེག་བྱས་པའི་མཚན་མོར། མུན་པ་རབ་རིབ་ཀྱི་ས་སྲོད་དུ་འཇམ་དབྱངས་ཀྱིས་ཨ་མྱེས་ཀྱི་མིང་ནས་འབོད་བཞིན་བཙལ་འཚོལ་བྱེད་པའི་གཟུགས་བརྙན་དེ་ནི་མི་སེམས་ཀྱི་ཞེན་ཆགས་གཟུགས་སུ་འཕོས་པ་སྟེ། གཙོ་བོ་དར་རྒྱས་དང་འཇམ་དབྱངས་གཉིས་ཀྱིས་ཨ་མྱེས་ལ་བཅིངས་པའི་འཁྲེང་སེམས་གཟུགས་སུ་འཕོས་པའི་ནང་སེམས་ཀྱི་འགྱུར་བ་དེ་གཟུགས་བརྙན་དུ་བྱས་པར་འདོད།

1684154068441376.jpg

       ཡིད་བརྙན་གསུམ་པ་ནི། དགོང་མོ་དེར་སྒྲོལ་དཀར་གྱིས་རང་གི་ལུས་ལ་འཁོར་བའི་ཕྲུ་གུ་སྐྱེས་འགོག་བྱེད་འདོད་པ་དང་ཉི་མ་བརྩིས་ན་ཨ་ལགས་ཀྱིས་གསུང་བ་དང་ཕྲུ་གུ་ལུས་ལ་འཁོར་བ་གཉིས་དུས་ཀྱི་ཆ་ནས་འགལ་བར་འདུག་པ་སོགས་བརྗོད་སྐབས་དར་རྒྱས་འཚིག་པ་ཟོས་ཏེ་སྒྲོལ་དཀར་ལ་འགྲམ་ལྕག་གཞུས། ཕྱི་ཉིན་སྒྲོལ་དཀར་གྱིས་སྒོ་ནས་སློག་པའི་ནང་གི་རྡུལ་སྤྲུགས་སྐབས་དར་རྒྱས་ཀྱིས་ལྕགས་རའི་གམ་ན་སྒྲོལ་དཀར་ལ་བལྟས་འདུག  སྐབས་དེར་ལྕགས་དྲའི་སྟེང་གི་འགྱིག་ཤོག་དཀར་པོ་དེ་རླུང་གིས་ལྷབ་ལྷབ་ལྷབ་བར་མེད་དུ་གཡུགས་པའི་གཟུགས་བརྙན་ཞིག་བརྙན་མིག་ཏུ་འཆར་བར་བྱས། དེ་ནི་ཡིད་བརྙན་ཞིག་སྟེ། སྐབས་ཐོག་དེར་དར་རྒྱས་ཀྱིས་མདང་དགོང་སྒྲོལ་དཀར་ལ་འགྲམ་ལྕག་གཞུས་པ་ལ་གཟོལ་གསོལ་དང་ཕྲུ་གུ་བདེ་ལེགས་ངང་སྐྱེས་བར་བྱེད་པའི་ཞུ་བ་ཇི་ལྟར་བྱེད་པ་ལ་བསམ་བློ་གཏོང་བའི་ཡིད་ཁམས་གཟུགས་སུ་འཕོས་པ་ཡིན། འགྱུག་ཤོག་རླུང་གིས་དྲག་ཏུ་གཡུགས་པ་དེས་དར་རྒྱས་ཀྱི་སེམས་ཁམས་རབ་ཏུ་འཁྲུགས་པའི་ཡིད་བརྙན་རེད།   དེ་བས་ཁོ་ཐབས་ཟད་འུ་ཐུག་གིས།  “སྒྲོལ་དཀར། ཁྱོད་ཀྱིས་མངལ་གྱི་ཕྲུ་གུ་ལེགས་པོར་སྐྱེ་རུ་འཇུག་ན། ངས་དུ་ཆང་གཅོད་པའི་དམ་བཅས་ཆོག་ཅེས་བརྗོད།” སྐད་ཆ་འདི་ལས་ཁོའི་སེམས་པ་ཆུ་ཁོལ་ལྟར་གདུ་བཞིན་ཡོད་པ་ཤེས་ཐུབ།  སེམས་པ་ཆུ་ལྟར་ལྷོག་ལྷོག་གདུ་བ་དང་འགྱིག་ཤོག་རླུང་གིས་ལྷབ་ལྷུབ་གཡོ་བ་གཉིས་གཅིག་ཏུ་འདྲེས་བར་བྱེད་པ་ལས་འཁྲབ་འཁྲིད་པའི་སྒྱུ་རྩལ་བློ་ཁམས་རྟོགས་ཐུབ།

1684154109894802.jpg

       ཡིད་བརྙན་བཞི་པ་ནི། སྒྲོལ་དཀར་ལག་གི་ཀ་ཏོ་རའི་ནང་གི་ཆུ་དྭངས་མོ་དེར་མོའི་ངོ་གདོང་གི་རྣམ་པ་ཧ་ཅང་གསལ་ལེར་འཆར་བའི་གཟུགས་བརྙན་དེ་རེད། ཆུ་དྭངས་བ་དང་མོའི་ངོ་གདོང་མེ་ལོང་དུ་འཆར་བ་ལྟར་གསལ་བ་ལས་ཁོའི་སེམས་གཤིས་ནི་ཕྱི་གསལ་ནང་གསལ་དུ་ཡོད་པའི་ཡིད་བརྙན་གྲུབ།  སྒྲོལ་དཀར་ནི་འབྲོག་མོ་ཕལ་བ་ཞིག་ཡིན་ཡང་། ཨ་ལགས་ཀྱི་གསུང་ལ་དོགས་སློང་དང་བརྟག་དཔྱད་བྱས་ཏེ་བསམ་ཚུལ་ཇི་བཞིན་དུ་བཤད་ཕོད་པ་ནི་མོའི་སེམས་ལ་ཤར་ཚད་ཁ་ནས་བཤད་རྐྱང་བྱེད་པའི་ཁ་ཞེ་གཉིས་མེད་ཀྱི་དག་གཙང་གི་ཁྱད་ཆོས་ལྡན་ལ། དར་རྒྱས་ནི་དེ་ལས་ལྡོག་སྟེ་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་སྙེག་པ་ལས་རང་གི་བསམ་བློ་སྨག་རུམ་གྱིས་བཏུམས་ཟིན་པའི་ཁྱད་ཆོས་དང་བསྡུར་པའི་སྒྱུ་རྩལ་གྱི་ལག་ཐབས་ཤིག་རེད་སྙམ།

p2884042734_副本.jpg

       ཡིད་བརྙན་ལྔ་པ་ནི། མཇུག་མཐར་དབུགས་ལྒང་དམར་པོ་དེ་བར་སྣང་དུ་དལ་བུར་བསྐྱོད་སྐབས། མི་ཚང་མས་རང་རང་གི་གནས་སུ་ལག་པ་ཐོད་པར་བཀབ་ནས་དབུགས་ལྒང་ལ་བལྟ་བའི་གཟུགས་བརྙན་དེ་རེད། དེ་ནི་མི་རྣམས་ཀྱི་བསམ་བློ་ནི་ཁོར་ཡུག་གི་བཀག་རྒྱ་དང་གནོན་ཤུགས་ལས་ཐར་ཏེ་བག་ཡངས་ལམ་དུ་བསྐྱོད་འདོད་སེམས་ཁམས་མཚོན་པའི་ཡིད་བརྙན་རེད། ཡིད་བརྙན་འདི་ལས་མི་རྣམས་ཀྱི་སེམས་ན་ནམ་ཡང་གནོན་ཤུགས་ཡོད་པ་ཐབས་མཁས་ཀྱིས་བསྟན།

      སྒྱུ་རྩལ་རིག་པའི་སློབ་དཔོན་ཆེན་མོ་ཕུན་ཅིས་ཞང་གིས།“ཡིད་བརྙན་འབྲི་བཞེངས་བྱེད་སྐབས། སྒྱུ་རྩལ་པ་རྣམས་ཀྱིས་བློ་རྩེ་ཞིབ་མོའི་སྒོ་ནས་རང་བྱུང་ཁམས་ཀྱི་སྙན་ངག་གི་རང་བཞིན་ལྡན་པའི་དངོས་གཟུགས་དག་བདམས་ནས་ཡིད་དང་གཟུགས་བརྙན་འདྲེས་པར་བྱེད།”  ཅེས་པ་ལྟར་གློག་བརྙན་《དབུགས་ལྒང་》དུ་ཡིད་བརྙན་དུ་མ་ལ་བརྟེན་ནས་མི་སྣའི་སེམས་ཁམས་ཀྱི་གདོད་གཤིས་མངོན་མཚོན་བྱེད་པ་ལ་ནུས་ཤུགས་བཏོན་འདུག

       དེར་བརྟེན་ཡིད་བརྙན་གྱི་ཁུག་པ་རེ་རེ་ལ་སྨྲ་བསམ་བརྗོད་འདས་ཀྱི་སེམས་འགྱུ་སྣ་ཚོགས་སྦས་སྐུང་བྱས་ཏེ་ང་ཚོའི་བསམ་གཞིག་གི་བར་སྟོང་ཡངས་བར་ཕྱེས་འདུག་ལ། ཡིད་དང་དངོས་གཟུགས་བརྙན་གཅིག་ཏུ་འདྲེས་པའི་རྣམ་པ་འདིས་གློག་བརྙན་འཁྲབ་ཁྲིད་ཀྱི་སྒྱུ་རྩལ་རྟོག་ཁམས་ཡངས་བོར་བསྐྱེད་དེ། ཀུན་རྟོག་ལ་མཐའ་མེད་ན་སྒྱུ་རྩལ་ལ་མཐའ་མེད་པའི་རླབས་ཆེན་གྱི་མཛེས་པ་མངོན་པར་གྲུབ།

       རྩོམ་མཁན་གྱིས་གཏམ་རྒྱུད་ཀྱི་བྱུང་རིམ་ནམ་ལངས་ལངས་ཉི་མ་ཤར་ཤར་དུ་གསལ་བོར་བྲིས་པ་དང་ཤུགས་མཚོན་དུ་བྱ་བའི་དམིགས་གཏད་དུ་མ་ཡིད་བརྙན་དུ་བྱས་ནས་ལྟ་མཁན་གྱི་ཡིད་ལ་འཁྲུལ་སྣང་དང་དོགས་གཞི་བསྐྱེད་པར་བྱས་ཏེ་ཡིད་བརྙན་གྱི་ཁུག་པ་རེ་རེར་ཕྱིར་རྟོག་གི་རྒྱ་རྙི་བཤམས་ནས་ཐེ་ཚོམ་ཅན་ལ་སྒྱུ་རྩལ་གྱི་བསླུ་བྲིད་གཏོང་བའི་ལག་ཐབས་འདང་ཚད་པ་སྤྱད་འདུག  

       མདོར་ན།  ཡིད་བརྙན་གྱི་མཛེས་པས་བརྗོད་བྱ་གཏིང་ཟབ་ཏུ་བྱས་ལ། འགལ་འདུ་དང་གཏོལ་བྲལ་གྱིས་མི་སེམས་ལ་སྐྱོ་བ་འདྲེན་པ་འདིས།  བརྩམས་ཆོས་འདི་སྐྱོ་སྣང་ཅན་དུ་གྲུབ་སྟེ་འཇིག་རྟེན་འཁོར་བ་ན་བདེ་བ་ལྟར་སྣང་ཙམ་ལས་མེད་པའི་ཟབ་དོན་ཆོས་ཀྱི་དགོངས་གཞིའང་ངང་གིས་བསྟན་འདུག

དཔྱད་མཆན་ཡོད།