སྔ་མ་བོར་ལ་ཕྱི་མ་མ་ཟིན་པ་དེ།

སྔ་མ་བོར་ལ་ཕྱི་མ་མ་ཟིན་པ་དེ།

                                            ——གློག་བརྙན་ཐར་ལོའི་བརྗོད་དོན་དང་འབྲེལ་ནས་བརྙན་མིག་འགའ་ལ་དཔྱད་པ།

མྱི་སྐྱ་མགོན་པོ་རྒྱལ།

 

ནང་དོན་མདོར་བསྡུས།  པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོའི》སྔོན་གྱི་བོད་སྐད་ཀྱི་གློག་བརྙན་དག་ལ་བརྗོད་དོན་གྱི་ཆ་ནས་རིག་གནས་གསར་རྙིང་གི་འགལ་འདུ་ཞིག་མཚོན་པའམ།  རིག་གནས་གསར་རྙིང་གི་གདོང་ཐུག་ལས་བྱུང་བའི་འགྱུར་ལྡོག་གི་ཆ་དེ་མཚོན་པ། ཡང་ན་འགྱུར་ལྡོག་དེའི་གོ་རིམ་ཁྲོད་ཀྱི་འུ་ཐུག་ཐབས་ཟད།  སྙིང་ཉེ་ལ་སྙིང་རྗེ་བའི་མི་དག་གི་བྱ་སྤྱོད་དག་མཚོན་ཞོར།  ཁོ་ཚོའི་ལས་དབང་ངམ་འགྱུར་ལྡོག་དེ་རྗེས་སུ་ཅི་འདྲ་ཞིག་ཏུ་འགྱུར་བར་བསམ་གཞིག་གི་བར་སྟོང་ཞིག་བཞག་ཡོད་པ་དེ་རེད།  གློག་བརྙན《ཐར་ལོ》ནི་རིག་གནས་གསར་རྙིང་གི་འགལ་འདུ་དང་འགྱུར་ལྡོག་དེ་དག་མཚོན་པ་ཆེས་ལེགས་པའི་གློག་བརྙན་ཞིག་ཏུ་འདོད་པས།  འདིར་འགྱུར་ལྡོག་དེ་དག་ཇི་ལྟར་མཚོན་ཡོད་པ་གསལ་འགྲེལ་བྱེད་པར་ལྷུར་ལེན་བྱས་ཡོད། 

གནད་ཚིག  ཐར་ལོ། ཐོབ་ཐང་། བརྙན་མིག  མེ་ལོང་གཟུགས་རིས་དུས་རིམ།

0823dd54564e92581ce26deb49d7f554cdbf4e47_副本.jpg

གླེང་སློང་བ།

       བོད་སྐད་གློག་བརྙན་ནམ་བོད་ཀྱི་གློག་བརྙན་ཞེས་རྒྱལ་ཕྱི་ནང་གི་གློག་བརྙན་དུས་ཆེན་ཁག་གཙོ་བྱས་གློག་བརྙན་གྱི་ཚོམས་སོ་སོ་རུ་གྲགས་དང་འཕེལ་བཞིན་པའི་སྐབས་འདིར།  བོད་ཀྱི་གློག་བརྙན་གླེང་དགོས་ཚེ།  པད་མ་ཚེ་བརྟན་ལགས་ནི་མི་གླེང་ཐུ་མེད་དུ་ཆགས་འདུག་པའི་མི་ཞིག་རེད། ཁོས་སྤྱི་ལོ་ཉིས་སྟོང་གཉིས་ནས་གློག་བརྙན་ཆེད་ལས་སློབ་སྦྱོང་བྱེད་མགོ་བརྩམས་ཤིང་།  ཡོངས་གྲགས་སུ་ཉིས་སྟོང་ལྔ་ལོར་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》 ཕབ་བསྐྲུན་བྱས་ཚར་བ་ནས་བོད་ལ་བོད་ཀྱི་གློག་བརྙན་ཐོག་དང་པོར་བྱུང་བར་ངོས་འཛིན་བྱེད་བཞིན་འདུག འདི་ལྟར་བརྩིས་ཚེ་འཛམ་གླིང་དུ་གློག་བརྙན་བྱུང་ནས་ལོ་བརྒྱ་དང་བཅུ་འགོར་བ་དང་།  རྒྱ་ལ་གློག་བརྙན་བྱུང་ནས་ཏག་ཏག་ལོ་བརྒྱ་འགོར་བའི་ཉིན་མོར་འདིར་ད་གཟོད་བོད་དུ་གློག་བརྙན་བྱུང་འདུག

      པད་མ་ཚེ་བརྟན་ནི་རྩོམ་པ་པོ་དང་འཁྲབ་ཁྲིད་པ།  འཁྲབ་གཞུང་བཅོས་སྒྲིག་པ། ལོ་ཙྭ་བ་སོགས་ཀྱི་མིང་ཐོབ་བཞེས་པའི་མི་ཞིག་རེད།  ཁོ་ཡིས་བཅར་འདྲི་ཞིག་ཏུ་སྔོན་བརྩམས་སྒྲུང་བྲིས་པས་རྗེས་ཀྱི་གློག་བརྙན་གྱི་འཁྲབ་གཞུང་འབྲི་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ངེས་ལ།  ཡིན་ཡང་བརྩམས་སྒྲུང་དང་གློག་བརྙན་འཁྲབ་གཞུང་གཉིས་ལ་མི་འདྲ་ཚུལ་མང་པོ་འདུག་ཚུལ་ཞིག་བཤད་པ་ནང་བཞིན།  ཁོ་ཡིས་བརྩམས་སྒྲུང་དང་གློག་བརྙན་གཉིས་ལ་མངོན་གསལ་གྱི་ཁྱད་པར་ཞིག་འདུག་པ་ནི། བརྩམས་སྒྲུང་དག་ལ་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ་དང་། (གཙོ་ཆེ་ཤས་ཀྱི་སྒོ་ནས་བཤད་པ་ཡིན། ) 《ལག་དམར》ཕུད་པའི་གློག་བརྙན་དག་ནི་དངོས་བཤུས་ཀྱི་ཆ་འདུས་ཆེ་བ་ཞིག་ཏུ་འདུག  འདི་འདྲའི་འབྱུང་རྐྱེན་ལ་རྒྱུ་རྐྱེན་གང་མང་ཞིག་ཡོད་སྲིད་ཀྱང་། གཙོ་བོ་ཞིབ་བཤེར་གྱི་འགག་སྒོ་ཁག་དང་གློག་བརྙན་ཕབ་བསྐྲུན་གྱི་མ་རྩའི་ཚད་བཀག་ཡིན་ངེས།  

        པད་མ་ཚེ་བརྟན་གྱི་སྔོན་དུ་རྒྱལ་ཕྱི་ནང་གི་མི་རིགས་གཞན་གྱིས་ཕབ་བསྐྲུན་བྱས་པའི་བོད་འབྲེལ་གློག་བརྙན་སྐོར་ཞིག་བྱུང་འདུག་ལ།  དེ་དག་གིས་བོད་ཡུལ་གྱི་ཡུལ་ལྗོངས་མཚར་པོ་དག་དང་།  ཕྱིའི་གྱོན་པ་ནས་ཁྱད་མཚར་བའི་གོམས་སྲོལ་སོགས་ཁྱད་མཚར་བའི་རིག་གནས་ཀྱི་རྟགས་མཚན་ཞིག་ཏུ་བཟུང་ནས་ཕབ་བསྐྲུན་བྱས་པ་ལས།  བོད་མིའི་འཚོ་བའི་ཟབ་སའི་ཚེ་སྲོག་ལ་བཟུང་བའི་ལྟ་ཚུལ་དང་། འཚོ་གནས་ཀྱི་དཀའ་ཁག འཚོ་བའི་འགྱུར་ལྡོག  མི་ཚེ་དང་རིན་ཐང་གི་ལྟ་ཚུལ་སོགས་ཕལ་བའི་མི་ཡི་དགའ་སྐྱོ་ཆགས་སྡང་གི་ཟབ་སར་འཇུས་ནས་འཁྲབ་ཚིག་རང་སྐད་སྤྱད་པ་ཤིན་ཏུ་དཀོན་པ་མ་ཟད།  ཐ་ན་ཡུལ་སྲོལ་གོམས་གཤིས་དང་མི་མཐུན་པ་འཁྲབ་སྟོན་བྱས་པ་ཡང་འགའ་རེ་འདུག་པས།  པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ།  བརྙན་ལེན་པ་དང་སྒྲ་ལེན་པ་བཅས་བོད་མི་རང་གི་ཚོགས་པ་ཞིག་བསྒྲིགས་ཏེ།  བོད་རང་གི་གློག་བརྙན་ཕབ་སྐྲུན་བྱས་པ་ནི་རང་གཞན་གཉིས་ལ་བསྟན་པའི་བགྲོད་ལམ་གསར་བ་ཞིག་ཏུ་ངེས་བཟུང་ཆོག་འདུག 

         གློག་བརྙན《ཐར་ལོའི》སྔོན་གྱི་པད་མ་ཚེ་བརྟན་གྱི་བོད་སྐད་ཀྱི་གློག་བརྙན་དག་ལ་བརྗོད་དོན་གྱི་ཆ་ནས་རིག་གནས་གསར་རྙིང་གི་འགལ་འདུ་ཞིག་མཚོན་པའམ།  རིག་གནས་གསར་རྙིང་གི་གདོང་ཐུག་ལས་བྱུང་བའི་འགྱུར་ལྡོག་གི་ཆ་དེ་མཚོན་པ། ཡང་ན་འགྱུར་ལྡོག་དེའི་གོ་རིམ་ཁྲོད་ཀྱི་འུ་ཐུག་ཐབས་ཟད།  སྙིང་ཉེ་ལ་སྙིང་རྗེ་བའི་མི་དག་གི་བྱ་སྤྱོད་དག་མཚོན་ཞོར།  ཁོ་ཚོའི་ལས་དབང་ངམ་འགྱུར་ལྡོག་དེ་རྗེས་སུ་ཅི་འདྲ་ཞིག་ཏུ་འགྱུར་བར་བསམ་གཞིག་གི་བར་སྟོང་ཞིག་བཞག་ཡོད་པ་དེ་རེད།  གློག་བརྙན་ཐར་ལོ་ནི་རིག་གནས་གསར་རྙིང་གི་འགལ་འདུ་དང་འགྱུར་ལྡོག་དེ་དག་མཚོན་པ་ཆེས་ལེགས་པའི་གློག་བརྙན་ཞིག་ཏུ་འདོད་པས།  འདིར་འགྱུར་ལྡོག་དེ་དག་ཇི་ལྟར་མཚོན་ཡོད་པ་གསལ་འགྲེལ་བྱེད་པར་ལྷུར་ལེན་བྱ་རྒྱུ་ཡིན།

p2619162816_副本.jpg

དང་པོ། བརྗོད་དོན་ལ་དཔྱད་པ།

      ཐར་ལོ་ནི་རི་མགོ་ན་རི་གླུ་དང་ལུག་ཁྱུ་གྲོགས་སུ་བསྟེན་པའི་ཁེར་རྐྱང་གི་མི་བུ་ཞིག་རེད། ཁོ་རང “ས་སྒོ་ཞིག་ལ་འགྲོ་མ་མྱོང་བར”རི་མགོ་རྐྱང་རྐྱང་ནས་བསྡད་རྐྱེན་གློ་བུར་དུ་གྲོང་ལ་འགྲོ་བ་ནི་མཐོང་རྒྱ་བསྐྱེད་ཐེངས་ཤིག་རེད་ལ། རིག་གནས་གཉིས་ཀྱི་གདོང་ཐུག་ལ་ཉམས་སད་བྱེད་ཐེངས་ཤིག་ཏུ་ཡང་གྱུར་ཡོད་པ་རེད། 

       སྐབས་ཤིག་ཁོ་རང་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་ལེན་ཆེད་རི་མགོ་ནས་གྲོང་དུ་སོང་ཞིང་། གྲོང་ནས་གཡང་མཚོ་ཡིས་མཚོན་པའི་རིག་གནས་གསར་པ་དང་འཕྲད་པ་ལས་བསླུ་བྲིད་མང་པོ་ཞིག་གི་མགོ་བརྩམས་ཏེ་ནང་སེམས་ལ་འགྱུར་ལྡོག་དང་གཡོ་སྐྱོམ་བྱེད་མགོ་བརྩམས་པ་རེད།  བསླུ་བྲིད་དང་འགྱུར་ལྡོག་དེ་གཉིས་དོན་གྱིས་རིག་གནས་གཉིས་ཀྱི་གདོང་ཐུག་ལས་བྱུང་བའི་བསླུ་བྲིད་དང་འགྱུར་ལྡོག་ཅིག་རེད།  པད་མ་ཚེ་བརྟན་ཁོང་ནས་ནང་ལོག་གི་བཅར་འདྲི་ཞིག་ཏུ “ང་ལ་མཚོན་ན་འགྱུར་ལྡོག་འདི་དག་མཚོན་པར་བྱེད་པ་མ་གཏོགས་ཐག་གཅོད་ཇི་ལྟར་བྱེད་མིན་ངས་འབྲི་ནུས་པ་ཞིག་མ་རེད”ཅེས་པ་ལྟར།  འགྱུར་ལྡོག་དེ་ཡི་གོ་རིམ་དང་མངོན་ཚུལ་དག་མཚོན་པར་བྱེད་པ་ནི་པད་མ་ཚེ་བརྟན་གྱི་སྔོན་མའི་གློག་བརྙན་དག་གི་བརྗོད་བྱ་གཙོ་བོ་ཞིག་རེད་ལ། གློག་བརྙན་ཐར་ལོ་ཡང་རིག་གནས་གཉིས་ཀྱི་གདོང་ཐུག་ལས་བྱུང་བའི་འགྱུར་ལྡོག་དང་།  འུ་ཐུག་ཐབས་ཟད།  སྙིང་ཉེ་ལ་སྙིང་རྗེ་བའི་མི་དག་གི་བྱ་སྤྱོད་དག་མངོན་པར་མཚོན་པ་ཞིག་རེད།  

      ཐར་ལོར་གློ་ལུ་བྱུང་བའི་དགོང་མོ་དེར་ཁོ་རང་ཆང་གིས་བཟི་ནས་གཉིད་དུ་ཤོར་རྗེས་སྤྱང་ཀིས་ལུག་ཁྱུ་བསད།  ལུག་ཁྱུའི་བདག་པོ་ཡོང་ནས་ཁོ་ལ་འགྲམ་ལྕག་ཚ་བེར་བ་ཞིག་བཞུས་པ་མ་ཟད། སྤྱང་ཀིས་བསད་པའི་ལུག་དག་ཁོ་རང་གིས་སྐྱིན་ཚབ་འཇལ་དགོས་པའི་ཆག་སྒོ་དེ་ནང་སེམས་ཀྱི་འགྱུར་ལྡོག་དག་ལྷང་ལ་འབུད་པའི་སྒུལ་ཤུགས་ལྟ་བུ་ཞིག་ཏུ་གྱུར་སོང་བས། མཐའ་མར་ཁོས་ལུག་ཁྱུ་བཙོང་སྟེ་སྒོར་མོ་དག་གཡང་མཚོ་ཡི་མདུན་དུ་སྤུངས་པ་རེད། སྒོར་མོ་སྤུངས་པ་དང་མཉམ་དུ་ཁོ་རང་གཞན་གྱིས་ངོ་མི་ཤེས་པའམ་ཁོར་ཡུག་གང་ལ་འདྲེས་ལོབས་སུ་གཏོང་རྐྱེན་ར་ལུ་ཡང་བྲེགས་པ་རེད།  ར་ལུ་དང་ལུག་ཁྱུ་ནི་ཁོའི་འཚོ་རྟེན་དང་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། དེ་གཉིས་བོར་བ་དོན་གྱིས་ཁོ་ཡིས་རང་ཉིད་བོར་བ་རེད།  རང་ཉིད་བོར་རྗེས་ཀྱི་ཕྱི་ཉིན་གཡང་མཚོ་ཡི་མཚོན་པའི་གྲོང་གི་ཐོབ་ལ་མ་ཐོབ་པའི་བྱ་དངོས་དག་ཀྱང་གར་སོང་ཆ་མེད་དུ་གྱུར་པས། ཐར་ལོ་ནི་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་མི་ཞིག་ཏུ་གྱུར་པ་རེད། 

     ཡང་གློག་བརྙན་ཐར་ལོའི་གཏམ་རྒྱུད་ཀྱི་སྐྱ་ཐིག་ལྟ་བུར་གྱུར་ཡོད་པའི་ཐོབ་ཐང་ལག་ཁྱེར་དེ་ནི་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་མཚོན་ཚུལ་ཞིག་ཏུ་གྱུར་འདུག ཁོ་རང་ཐོག་དང་པོར་རང་ཉིད་ལུག་རྫི་ཡིན་དུས་ཀྱི་ཐོབ་ཐང་ལག་ཁྱེར་ལེན་དུ་སོང་བ་རེད།  ཡིན་ཡང་ཁོས་ལུག་རྫི་ཡིན་དུས་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ཡོང་ནས་རྡོ་རྗེ་སའོ་ཀྲང་གི་ལག་ཏུ་འཇོག་དུས།  ཁོ་རང་སྔོན་གྱི་ཐར་ལོའམ་ཐོབ་ཐང་ལག་ཁྱེར་ཐོག་གི་མི་དེ་མ་ཡིན་པར།  ཁོ་ཡི་མཚོན་བྱེད་དུ་གྱུར་པའི་ར་ལུ་ཡང་སྔ་མོ་ནས་བཞར་ཟིན་པས།  སའོ་ཀྲང་གིས་རྗེས་ཕྱོགས་ཁྱོད་ཀྱིས་ར་ལུ་འཇོག་རྒྱུ་ཡིན་ནམ་ཞེས་འདྲི་སྐབས།  མིན་ཞེས་བཤད་སོང་བས།  ཁོ་རང་རང་གི་ཐོབ་ཐང་ལག་ཁྱེར་གསར་བ་དེ་ལེན་པར་ཡང་བསྐྱར་གྲོང་དུ་མངགས་པ་རེད།  ཡིན་ཡང་ཐོབ་ཐང་ལག་ཁྱེར་གཞན་དེ་མ་ལོངས་པར་ལམ་བར་དུ་ལུས་པས།  འདི་ནི་ཐོབ་ཐང་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་མཚོན་ཚུལ་དེ་རེད།

1684487571112132.jpg

གཉིས་པ།  བརྙན་མིག་བྱེ་བྲག་པར་དཔྱད་པ།

གཅིག  བརྙན་མིག

       རྒྱུན་དུ་བརྙན་མིག་ཅེས་པར་གློག་བརྙན་འཕྲིན་ནང་དུ་གོ་བ་གཉིས་བླངས་ཆོག་འདུག  “གཅིག་ནི་གློག་བརྙན་བརྙན་ལེན་ཆས་དང་། བརྙན་གཏོང་ཆས་བཅས་ཀྱིས་བརྙན་གཟུགས་གྲུབ་པར་བྱེད་པའི་འོད་རིག་པའི་གྲུབ་ཆ་དེར་གོ་བ་དང་། དེ་ལ་རྒྱུན་དུ་འོད་རིག་བརྙན་མིག(光学镜头)ཅེས་བརྗོད། གཞན་ཞིག་ནི་ཕབ་སྐྲུན་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་གྱི་མུ་མཐུད་རང་བཞིན་གྱི་བརྙན་རིས་ལ་ཟེར། ཡང་ན་གཅོད་སྒྲིག་ཚེག་གཉིས་བར་གྱི་དུམ་ཚན་ལ་ཟེར། དེ་ལ་བརྙན་མིག་བརྙན་རིས(镜头画面)ཅེས་བརྗོད།”

        འདིར་གླེང་བ་ནི་བརྙན་མིག་རྗེས་མ་སྟེ།  གློག་བརྙན་གྲུབ་བྱེད་ཀྱི་རྩ་བའི་གྲུབ་ཆ་དེ་ཡིན།  བརྙན་མིག་དེ་ལ་ལྗོངས་དབྱེ་ཐད་ནས་རྒྱང་ལྗོངས(远景)དང་ཧྲིལ་ལྗོངས།(全景) ཉེ་ལྗོངས།(近景) བར་ལྗོངས།(中景) ཆེད་བྲིས(特写)སོགས་སུ་དབྱེ་ཆོག་ལ། བརྙན་ལེན་ཆས་དང་བརྙན་ལེན་བྱའི་དངོས་གཟུགས་གཉིས་བར་གྱི་ཟུར་ཚད་ཐད་ནས་ཐུར་ཕབ(俯拍)དང་དགྱེ་ཕབ།(仰拍) གསེག་ཕབ། (倾斜)སྙོམ་ངོས་བརྙན་མིག(水平镜头)བཅས་སུ་དབྱེ་འདུག  ད་དུང་བརྙན་མིག་འགུལ་སྐྱོད་ཀྱི་ཕྱོགས་ནས་འདེགས་འབབ་བརྙན་མིག(升降镜头)དང་གཡོ་ཕབ་བརྙན་མིག(摇镜头)  རྗེས་འདེད་བརྙན་མིག (跟镜头) གཡོ་འགུལ་བརྙན་མིག(晃动镜头)སོགས་སུ་ཡང་དབྱེ་ཆོག་འདུག”

གཉིས།  མེ་ལོང་བརྒྱུད་ནས་བླངས་པའི་བརྙན་མིག་དག་ལ་དཔྱད་པ།

        པད་མ་ཚེ་བརྟན་གྱི་གློག་བརྙན་ཐར་ལོ་ནི་འཁྲབ་ཁྲིད་པའི་བཀོད་སྒྲིག་ཚགས་དམ་ཞིང་གབ་དོན་གྱི་ཆ་མང་བའི་གཏན་འཇགས་ཡུན་རིང་གི་བརྙན་མིག(固定长镜头)སྤྱད་ནས་ཕབ་སྐྲུན་བྱས་པ་ཞིག་རེད། གློག་བརྙན་ནང་དུ་གབ་དོན་གྱི་ཆ་འདྲེས་པའི་བརྙན་མིག་མང་མོད། དེ་དག་ལས་མེ་ལོང་བརྒྱུད་ནས་བླངས་པའི་བརྙན་མིག་དག་གི་བཀོད་སྒྲིག་འོས་ཤིང་འཚམ་ཞིང་། གློག་བརྙན་གྱི་བརྗོད་དོན་མཚོན་པར་ཆར་བ་ཆུ་གྲོགས་ལྟ་བུར་གྱུར་འདུག

      མེ་ལོང་ནི་གནའ་དེང་གི་སྒྱུ་རྩལ་བརྩམས་ཆོས་མང་དག་ཅིག་གི་ནང་དུ་བྱུང་ཡོད་པ་མ་ཟད། མེ་ལོང་གིས་སྐབས་རེར་མག་མོག་དང་རབ་རིབ་མཚོན་པ།  སྐབས་རེར་སྣང་བའི་གཟུགས་རིས་གང་ཞིག་དོན་དངོས་མ་ཡིན་པ་མཚོན་པ། ཡང་སྐབས་རེར་མི་རང་ཉིད་ཀྱི་ནང་སེམས་ཀྱི་བསྡུས་གཟུགས་ལྟ་བུ་མཚོན་པ་ཡང་འདུག 

        ཡ་ཁུ་ལ་ཁེངས(雅克拉康)ལགས་ཀྱིས་བཏོན་པའི་མེ་ལོང་གཟུགས་རིས་གཞུང་ལུགས(镜像理论)ནི“དངོས་ཡོད་དང་བསམ་པའི་འཆར་སྒོ་གཉིས་བསྲེས་ནས་འཁྲུལ་བར་བྱས་པའི་ཡུལ་རྣམ་གྱི་འདུ་ཤེས་དེ་ལ་ཟེར།” ལ་ཁེངས་ཀྱིས་མེ་ལོང་གཟུགས་རིས་དུས་རིམ(镜像阶段)དེ་དུས་རིམ་གཉིས་སུ་དབྱེ་ཡོད།  དུས་རིམ་དང་པོ་ནི་བྱིས་པའི་མེ་ལོང་ནང་གི་གཟུགས་བརྙན་དེ་རང་གི་གཟུགས་བརྙན་ཡིན་པ་མ་ཤེས་པར་མི་གཞན་ཞིག་ཡིན་པར་འཁྲུལ་བའི་འདུ་ཤེས་དེ་ཡིན།  དུས་རིམ་གཉིས་པ་ནི་བྱིས་པའི་མེ་ལོང་ནང་གི་གཟུགས་བརྙན་ནི་རང་གི་རྐང་ལག་འགུལ་སྐྱོད་དང་བསྟུན་ནས་འགྱུར་བཞིན་པ་མཐོང་སྟེ།  དེ་ནི་རང་ཉིད་དངོས་ཡིན་པར་འཁྲུལ་བའི་འདུ་ཤེས་དེ་ཡིན།

1684487618330914.jpg

        གློག་བརྙན་ཐར་ལོའི་ནང་དུ་ཁྱོན་བསྡོམས་མེ་ལོང་བརྒྱུད་ནས་བླངས་པའི་བརྙན་མིག་བཅུ་ཡོད་ཅིང་། དེ་དག་ལས་བརྙན་མིག་གཅིག(བརྙན་མིག63)  མ་གཏོགས་གཞན་དག་ནི་གཡང་མཚོ་དང་ཐར་ལོ་གཉིས་ཀྱི་འབྲེལ་བ(བརྙན་མིག10、12、15、22、70、78)  དང་། ཐར་ལོ་གྲོང་ལ་ཐོན་པའི་སྣང་བརྙན(བརྙན་མིག11、13、24)  ཕབ་སྐྲུན་བྱས་པ་རྐྱང་རེད་ལ། ཐར་ལོ་དང་གཡང་མཚོ་གཉིས་ཀྱི་ཐོག་མའི་ཐུགས་འཕྲད་དེ་ཡང་མེ་ལོང་བརྒྱུད་ནས་བརྙན་དུ་ཕབ་འདུག (བརྙན་མིག10)  དེ་ལྟར་གཞུང་དྲང་བའི་ཐར་ལོས་གཡང་མཚོ་དང་ཁོ་གཉིས་ཀྱི་འབྲེལ་བ་དེ་དོན་དངོས་སམ་རྟག་བརྟན་ཡིན་པར་འཁྲུལ་བའི་འདུ་ཤེས( མེ་ལོང་གཟུགས་རིས་ཀྱི་དུས་རིམ་གཉིས་པ )དེ་འཁྲབ་ཁྲིད་པས་མེ་ལོང་བརྒྱུད་དེ་བརྙན་རིས་ཀྱི་བར་སྟོང་རྒྱ་ཆེ་བར་བཏང་ནས་གབ་དོན་ཞིག་གསལ་བོར་བསྟན་འདུག  ཡང་ན།  ཐར་ལོ་དང་གཡང་མཚོ་གཉིས་ཀྱི་འབྲེལ་བ་དེ་མག་མོག་གམ་རབ་རིབ་ཅིག་ཡིན་པ་མཚོན་འདུག 

       གཞན་ཐར་ལོའི་ལུག་བཙོང་བའི་སྒོར་མོ་དག་མདུན་ཅོག་སྟེང་དུ་སྤུངས་ཚར་དུས། (བརྙན་མིག78)   མེ་ལོང་ནང་གི་ཁོ་ཡི་གཟུགས་རིས་མེ་ལོང་ཕྱི་ཡི་སྒོར་མོས་ནུབ་ལ་ཁད་དུ་བཏང་པས།  མེ་ལོང་ནང་གི་ཁོ་ནི་དངོས་ཡོད་ཀྱི་མདུན་དུ་ཤིན་ཏུ་ཉམས་ཆུང་ཞིང་ནུབ་པར་གཏོང་ལ་ཉེ། མེ་ལོང་གི་གྲུ་ཟུར་གཞན་ནང་གི་གཡང་མཚོ་ནི་དངོས་ཡོད་ཀྱི་སྒོར་མོ་ལེན་དུ་ཡོང་དུས་མེ་ལོང་ལས་ཕྱིར་བུད་ནས་དངོས་ཡོད་ཀྱི་བརྙན་རིས་སུ་ཐོན་འོང་པས།  འདི་རུ་གཡང་མཚོ་ནི་ཐར་ལོ་དང་སྒོར་མོ་གཉིས་ཀྱི་དབྱེ་མཚམས་གསལ་བོར་ཤེས་ཤིང་དེ་གཉིས་ཀྱི་འཇིག་རྟེན་ལ་ཅི་དགར་རྒྱུག་ནུས་པ་ཞིག་ཡིན་པ་ཡང་གབ་དོན་གྱི་ཚུལ་དུ་མངོན་འདུག

1684487690619184.jpg

གསུམ།  པར་ཁང་ནང་གི་བརྙན་མིག་ལ་དཔྱད་པ།  

       ཐར་ལོ་པར་ཁང་ཐོན་དུས་དེ་རུ་བཟའ་ཟླ་གཉིས་ཀྱི་པར་ལེན་བཞིན་འདུག   བཟའ་ཟླ་དེ་གཉིས་ཀྱི་སྔ་ཕྱིར་པར་ཐེངས་གསུམ་བླངས་ཤིང་རིམ་བཞིན་པར་གྱི་རྒྱབ་ལྗོངས་ཀྱང་ཐེངས་གསུམ་བརྗེས་པ་རེད།  ཐོག་དང་པོར་པོ་ཏ་ལ་དང་གཉིས་པ་གནམ་བདེ་སྒོ་མོ་ཆེ།  གསུམ་པ་ཨ་རིའི་ཉི་ཡོག་གྲོང་ཁྱེར་དུ་ཐོན་དུས་ཁོ་གཉིས་ཀྱིས་གྱོན་པའི་བོད་ལྭ་དེ་དེ་འདྲའི་འཕྲོད་མོ་ཞིག་མིན་པས།  བོད་ལྭ་ཕུད་ནས་ནུབ་ལྭ་ཞིག་གྱོན་དུ་བཅུག་སོང་།  ཡིན་ཡང་ནུབ་ལྭ་གྱོན་ནས་པར་ལེན་དུས་དེ་ཡང་དེ་འདྲའི་གོམ་ལོབས་སུ་སོང་བ་ཞིག་མིན་པས།  མཐའ་མར་ཐར་ལོའི་ལག་གི་ལུ་གུའི་འབའ་སྒྲ་དེས་ཁོ་གཉིས་ལ་ཅི་ཞིག་མཁོ་བ་རྟོགས་སོང་བ་ལྟར། ལུ་གུ་དེ་ཕང་ནས་པར་བླངས་སོང་། 

         བརྙན་མིག་འདི་དག(བརྙན་མིག5~7)  ནི་ཐར་ལོའི་གཏམ་རྒྱུད་ཀྱི་མངོན་སྟངས་གཞན་ཞིག་དང་འདྲ་སྟེ།   ཁོ་གཉིས་ཀྱིས་ཁོ་གཉིས་ཀྱང་སྔོན་མར་ལུག་འཚོ་མཁན་ཞིག་ཡིན་ཟེར་བ་དང་།  ད་ལྟ་གྲོང་ཁྱེར་དེ་རུ་གཞིས་བཅས་ཡོད་མོད།  ཕར་ལ་སོང་གིན་སོང་གིན་གང་ཞིག་གི་གཏིང་ལ་འདྲིས་མི་ཐུབ་པ་དང་།  འདྲིས་ཀྱང་ཅི་ཞིག་ཆད་འདུག་པའི་སེམས་ཀྱི་རྟོད་ཐག་ལྟ་བུ་ཞིག་ནམ་ཡང་མི་རེའི་སེམས་སུ་ཡོད་པ་བཞིན།     ཅི་ཞིག་ཆད་པ་དང་མཁོ་བ་ཡང་མ་ཤེས་པའི་དུས་སུ་ལུ་གུ་ཞིག་གི་འབའ་སྒྲས་ཁོ་གཉིས་ལ་ཅི་ཞིག་ཆད་འདུག་པའམ་མཁོ་བ་གློ་བུར་དུ་རྟོགས་སོང་ལྟར།   སྔ་མ་བོར་བ་གང་ཞིག་ཕྱིར་རྙེད་པའི་གོ་རིམ་ཞིག་བསྟན་པ་ཡིན་སྙམ།

1684487714212490.jpg

བཞི།  ཁ་ལokནང་གི་བརྙན་མིག་དག་ལ་དཔྱད་པ། 

         ཁོ་གཉིས་ཁ་ལokནང་དུ་ཡོད་དུས་ཀྱི་བརྙན་མིག་དག་ཏུ། (བརྙན་མིག17~21)    ཐར་ལོས་ཁ་སྐྱེངས་ཞོར་སྐད་སྦུག་བཟུང་ནས་ལ་གཞས་ཤིག་བླངས་མོད་རྗེས་སུ་སྐད་སྦུག་དེ་ཡང་མ་གོམས་པར་ཕར་གཡུགས་ནས་བླངས་པ་དང་། གཡང་མཚོ་ཡིས་རྒྱང་ལ་ཤོར་བའི་སེམས་པ་མཚོན་པའི་དེང་གཞས་ཤིག་སྐད་སྦུག་བཟུང་ནས་བླངས་པ་གཉིས་ལྡོག་ཟླར་གྱུར་པ་ལྟ་བུ་ཞིག་ཏུ་བཞེངས་སྐྲུན་བྱས་འདུག  དེ་ལས་གཞན་ཁོ་གཉིས་ཀྱི་འཐུང་བྱའི་ཆང་མི་མཚུངས་ལ། མར་སྡོད་སའི་འདུག་སྟངས་ཀྱང་མི་གཅིག་པར་ཐར་ལོ་ནེམ་ཁྲིའི་སྟེང་དུ་དཀྱིལ་ཀྲུང་དུ་འདུག་དགོས་པ།   ཁོ་གཉིས་ཀྱི་འཐེན་བྱའི་དུ་བ་ཡང་མི་གཅིག་པ།   ཐར་ལོའི་བོད་ཀྱི་བུ་མོ་ཞིག་གིས་དུ་བ་འཐེན་ན་མི་བཟང་བའི་ལྟ་ཚུལ་དང་། གཡང་མཚོས་ཐར་ལོའི་དུ་བ་རྒྱབ་ན་མགོ་ན་བའི་ལྟ་ཚུལ་སོགས་ཕན་ཚུན་མི་མཐུན་པའི་འཚོ་བའི་གོམས་ཕྱོགས་དག་བཞེངས་སྐྲུན་བྱས་པ་བརྒྱུད་ནས་ཁོ་གཉིས་ནི་འཇིག་རྟེན་གཉིས་ཀྱི་མི་ཡིན་པ་ལྟ་བུ་ཞིག་ཏུ་བཞེངས་སྐྲུན་བྱས་འདུག དེ་ལྟར་བཞེངས་སྐྲུན་བྱས་པ་ལས་མཐའ་མར་ཁོ་གཉིས་རང་སར་འགྲོ་ངེས་པར་རྨང་ལེགས་་པོ་ཞིག་བཏང་འདུག་པར་མ་ཟད། བར་སྐབས་ཤིག་ལ་ཐར་ལོའི་རྒྱབ་ཀྱི་དབུགས་ལྒང་དེ་གློ་བུར་དུ་གད་སོང་བས། འདི་ལས་འཚོ་བའི་གོམས་ཕྱོགས་དང་མི་ཚེའི་ལྟ་ཚུལ་མི་མཐུན་པའི་ཁོ་གཉིས་རྗེས་སོར་རང་སར་འགྲོ་ངེས་པར་བརྡ་ཞིག་བསྟན་འདུག་སྙམ།

1684487742870963.jpg

ལྔ།  མཇུག་མཐའི་ཕྱིར་གྲོང་དུ་ལོག་པའི་བརྙན་མིག་ལ་དཔྱད་པ།

        པད་མ་ཚེ་བརྟན་རང་ནས“ང་ལ་མཚོན་ན་བརྩམས་སྒྲུང་དང་སྒྲུང་གཏམ་གང་ཡིན་རུང་ཐོག་དང་པོ་དང་་ཆེས་རྗེས་མའི་བརྙན་མིག་ལ་ཤིན་ཏུ་དང་དོད་བྱེད”ཅེས་པ་ལྟར་ཆེས་རྗེས་མའི་བརྙན་མིག་འདི་གཉིས(བརྙན་མིག87、88)  ལ་ཁོང་གིས་ཤིན་ཏུ་ཞིབ་ཚགས་ལྡན་ཞིང་གབ་དོན་གྱི་ཆ་ལྡན་པ། བསམ་གཞིག་གི་བར་སྟོང་ཡངས་བོར་ཕྱེས་པའི་སྒོ་འབྱེད་རང་བཞིན་གྱི་མཇུག་སྡུད་སྟངས་ཤིག་ལ་ལྷུར་བླངས་འདུག

       ཐར་ལོའི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རྗེས་མ་དེ་ལེན་དུ་འགྲོ་དུས།  ཁོ་རང་གཏན་འཇགས་ཀྱི་བརྙན་མིག་དེའི་ནང་དུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་རྗེས། གློ་བུར་དུ་འཕྲུལ་རྟར་སྐྱོན་བྱུང་སྟེ་ཐང་ལ་མི་འབབ་ག་མེད་བྱུང་།   ཐང་ལ་བབས་རྗེས་ཐང་ལ་རྡོག་པས་མནན་དེ་འཕྲུལ་རྟ་དེད་ནས་ལམ་གཉིས་སྦྲེལ་བྱེད་ཀྱི་ཟམ་པའི་དཀྱིལ་དུ་ཐོན་དུས།  ཁོ་རང་ཐང་ཆད་པའམ་ཡིད་ཆད་པ་ལྟར་གློ་བུར་དུ་དེ་རུ་བསྡད་སོང་།  མཐའ་མར་རྒྱབ་ཁུག་ནང་གི་ཆང་དེམ་བླངས་ནས་ཆང་ཧུབ་གསུམ་འཐུང་རྗེས་ཆང་དེམ་གཡས་གཡོན་མདུན་གང་ལ་ཡང་མ་གཡུགས་པར་རྒྱབ་ཕྱོགས་སུ་རྡབ་སོང་།  དེ་ནས་ཡང་སྤྱང་ཀི་བདའ་བྱེད་དུ་ཉོས་པའི་ཤོག་སྦག་ཅིག་ལག་ནས་བཀད་རྗེས་ཡོད་ཚད་མཇུག་བསྡུས་འདུག 

        ཐར་ལོ་ནི་སྔོན་རི་མགོ་རུ་ཡོད་དུས།  རང་ཉིད་ནི་རང་གི་ལས་འགན་དང་གཞན་ལ་ཞབས་འདེགས་ནུས་པའི་མི་བུ་རང་རྐྱ་ཐུབ་པ་ཞིག་རེད།  ཡིན་ཡང་ཁོ་རང་རི་མགོ་ནས་བབས་ཏེ་རྒྱ་ཆེ་བའི་གྲོང་དུ་ཐོན་དུས་ཡུལ་ཁམས་དེའི་ནང་དུ་ཁོ་རང་ཇེ་ཆུང་ནས་ཇེ་ཆུང་གྱུར་ལ།  བར་སྐབས་ཤིག་ལ་གར་འགྲོ་མ་ཤེས་པར་ལམ་བར་དུ་ལུས་སོང་།  

        དེ་ལྟར་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་ལམ་བར་གྱི་མི་ཞིག་ཏུ་གྱུར་པས།  ཆེས་མཇུག་མཐའི་བརྙན་མིག་ཏུ་ཁོ་ནི་འཚོ་བ་གཉིས་སམ་རིག་གནས་གཉིས་ཀྱི་སྦྲེལ་ཐག་ལྟ་བུའི་ཟམ་པའི་སྟེང་དུ་ལུས་སོང་།  ཁོ་ཡིས་ཟམ་པའི་སྟེང་དུ་ཆང་དེམ་དེའི་གཡས་གཡོན་གང་ལ་ཡང་མ་རྡབ་པར་ཁོ་རང་བརྒྱུད་ནས་ཡོང་བའི་ལམ་དུ་རྡབ་པས།  དེ་ནི་འདས་སོང་གི་ལམ་བུ་དེར་ཕྱིར་རྟོག་ཅིག་གི་བརྡ་རུ་འགྲོ་སྙམ། དེ་ལས་གཞན་ཤོག་སྦག་ཅིག་ལག་ནས་བཀད་པ་དེས་ཐར་ལོས་རང་སྲོག་བཅད་སོང་ཟེར་ན་ཅུང་ཐལ་འགྲོ་བས། དེ་ནི་ཁོ་རང་བརྒྱུད་པའི་ལམ་དེ་ལ་ཕྱིར་རྟོག་བྱས་པ་ལས་སད་རྟོགས་རིགས་ཤིག་འབྱུང་བར་བསྐུལ་བའི་ན་ཚ་ཞིག་ཏུ་འགྲོ་བར་སྙམ། ཡིན་ཡང་དེའི་རྗེས་སུ་ཐར་ལོའི་འཚོ་གནས་ཀྱི་གདམ་ཀ་གང་འདྲ་ཞིག་གདམ་མིན་ནི་བལྟ་མཁན་ཚོར་བཞག་པའི་དྲི་བ་ཞིག་གམ་རང་ཉིད་ལ་གཏིང་འདྲི་བྱས་ཆོག་པའི་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱུ་མཚན་འགྱུར་ལྡོག་ཤིན་ཏུ་རྒོད་པའི་དུས་རབས་འདིར། ང་ཚོ་རང་སྟེང་ན་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་གཏམ་རྒྱུད་ཅིག་འབྱུང་བཞིན་ཡོད་དམ་མེད་ཅེས་པ་དེ་རེད།  འདི་ལྟ་བུའི་ཁ་ནང་བསྡུས་ཀྱི་མཇུག་བསྡུ་སྟངས་མ་ཡིན་པར་སྒོ་འབྱེད་རང་བཞིན་གྱི་མཇུག་བསྡུ་སྟངས་དེས་བལྟ་མཁན་ཚོར་བསམ་གཞིག་གི་བར་སྟོང་ཞིག་འཇོག་པ་ནི་པད་མ་ཚེ་བརྟན་གྱི་གློག་བརྙན་དག་གི་ཁྱད་ཆོས་ཤིག་ཀྱང་ཡིན་འདུག་སྟེ།  སྔོན་གྱི་ཁྱི་རྒན་དང་འཚོལ་སོགས་གང་ཡིན་རུང་བལྟ་མཁན་ཚོར་བརྙན་གྱི་རྗེས་ནས་དེ་དག་གིས་འདི་བྱེད་ངེས་གན་བྱེད་ངེས་ཟེར་བའི་གླེང་གཞི་ཞིག་བཞག་ཡོད་པ་བལྟ་བུའོ། །

1684487785107755.jpg

དྲུག བརྙན་མིག་གཞན་གཉིས་གླེང་པ།  

          གློག་བརྙན་ཐར་ལོ་རྒྱལ་ཡོངས་སུ་ཁྲོམ་སྟོན(公映)བྱས་རྗེས།  ཐར་ལོར་བསྟོད་སྨད་ཀྱི་དཔྱད་པ་མང་དུ་བྱུང་ཞིང་།  དེ་ལས་འགའ་རེས་ཐར་ལོར་འགྲམ་ལྕག་གཞུ་པའི་བརྙན་མིག(བརྙན་མིག62)  དེ་ལ་བལྟས་ནས་“འགྲམ་ལྕག་བཞུ་པ་ནི་བོད་ཀྱི་ལུགས་སྲོལ་དང་མི་མཐུན་པ”ཞིག་རེད་ཅེས་བསམ་ཚུལ་འགའ་རེ་ཡང་ཐོན་པ་རེད། དེ་ནི་བོད་འབྲེལ་གློག་བརྙན་དག་གིས་བསྐྱེད་པའི་སེམས་ཁུར་ལྷག་མ་ཞིག་གམ་རང་གི་འདོད་སྣང་ཅི་དགར་བཤད་པ་ལས་གནས་ལུགས་ཅན་ཞིག་ཏུ་མི་འདོད་དེ། 《ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ》དུ “སྔོན་ཇོ་བོ་རྗེ་སྟོད་མངའ་རིས་ན་བཞུགས་དུས་བོད་པའི་དྲུང་ཡིག་ཅིག་ཡོད་པའི་ཉིན་གཅིག་དཔེ་ཆ་ལ་སྣག་ཚ་ཕོ་བ་གཟིགས་ནས་འགྲམ་ལྕག་ཅིག་བཏང”ཞེས་འབྱུང་ལ།   གཞན《མི་ལ་རས་པའི་རྣམ་མགུར》དུ “་་་དབང་ཡོན་ཡོད་ན་ཁྱེར་ཤོག དེ་མིན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུངས།  འགྲམ་ལྕག་བརྒྱབ།  སྐྲ་ནས་བཟུང་ཕྱིར་བཏོན” ཞེས་འབྱུང་བ་མ་ཟད།  《ཇོ་བོའི་གསུང་འབུམ》དུ་ཡང “མ་ཡི་འགྲམ་ལྕག་མི་ཐེག་པར། །  དགྲ་ཡི་ཕྱེ་འཐོར་བདེན་པར་འཛིན། ། ”ཞེས་འབྱུང་བས་འགྲམ་ལྕག་རྒྱག་སྲོལ་མེད་ཟེར་བ་ནི་རྒྱུས་མེད་པའི་སྐད་ཆ་རང་རེད། 

        ཡང་འགྲམ་ལྕག་ནི་ཆེ་བས་ཆུང་བའམ་བླ་མས་སློབ་མར་གཞུ་བ་ལས་“བོད་ཀྱི་གསར་བུ་ཞིག་གི་ལག་འགུལ་སྟངས་དང་མི་མཚུངས”ཟེར་ན།  ཐར་ལོ་འཚོ་བའི་དུས་སྐབས་ནི་རིག་གནས་མང་པོ་མཉམ་འདྲེས་ཀྱི་དུས་རབས་ཤིག་ཡིན་ཙང་།  ལུག་བདག་དེ་ལ་ཡང་བོད་ཀྱི་ལུགས་སྲོལ་དང་མི་མཐུན་པའི་ཕྱི་ཡོང་གི་ལག་འགུལ་སྟངས་ཤིག་གི་ཤུགས་རྐྱེན་ཐེབས་ཡོད་ཆོག་ཆོག་རེད་ལ། དེ་ལྟར་ཤུགས་རྐྱེན་ཐེབས་ཡོད་པ་ནི་ཐར་ལོའི་བསྟན་དོན་གྱི་ཟུར་ཞིག་ཀྱང་མ་ཡིན་ནམ།

1684487813117519.jpg       

       འདིར་གླེང་བའི་བརྙན་མིག་གཉིས་པ་ནི་ཐར་ལོའི་ལུག་བཤའ་བའི་བརྙན་མིག(བརྙན་མིག65)  དེ་ཡིན།  བརྙན་མིག་དེ་རུ་ཐར་ལོའི “བོད་ལུགས” ལྟར་ལུག་གི་ནང་ཁྲོལ་དག་བྱང་ཆ་ལྡན་པའི་ངང་ཕྱིར་བླངས་མོད།  ལུག་དེ་ཡི་སྐེ་ལ་བལྟ་དུས་དེ་རུ་གྲི་ཡིས་སྐེ་བཅད་ནས་སྲོག་བཅད་པའི་རྗེས་ཤུལ་གསལ་བོ་ཞིག་བཞག་འདུག  འདི་ནི་ཤིན་ཏུ་ཞིབ་ཚགས་ལྡན་པའི་ངང་བརྙན་མིག་རེ་རེ་བཀོད་སྒྲིག་བགྱིད་མཁན་གྱི་འཁྲབ་ཁྲིད་པའི་འཐུས་ཤོར་ཞིག་ཨེ་ཡིན་སྙམ་བྱུང་།  སྤྱང་ཀིས་བསད་ཚར་བའི་ལུག་ཅིག་གི་སྐེ་གྲི་ཡིས་གཅུད་དགོས་དོན་མི་འདུག་ལ།  སྤྱང་ཀིས་སོ་ཡིས་རྨ་ཤུལ་དེ་འདྲ་ཞིག་འཇོག་མི་སྲིད་པས།  འདི་རུ་ལུག་དེ་སྤྱང་ཀིས་བསད་པ་མིན་པའི་རྫུན་རྔ་ཞིག་བསྟན་འདུག་པ་དེའོ། །

མཇུག་བསྡུ་བ།

          པད་མ་ཚེ་བརྟན་རང་ཉིད་ནས “ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་ལ། ཐར་ལོ་ནི་ང་ཚོའི་བསྡུས་གཟུགས་ཡིན། དེ་བས། ངས་བརྗོད་འདོད་པ་ནི་མི་སྒེར་ཞིག་མ་ཡིན་པར། ང་ཚོ་མི་རབས་ཤིག་གི་བསྡུས་གཟུགས་ཡིན”ཞེས་པ་ལས།  ཐར་ལོའི་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་གཏམ་རྒྱུད་འདི་ནི་ང་ཚོ་བོད་རང་ཉིད་ཀྱི་གཏམ་རྒྱུད་ཅིག་ཏུ་ངོས་འཛིན་བྱས་ཆོག་འདུག 

         ཡང “ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན།  ངའི་རེ་བར་གཏམ་རྒྱུད་འདི་ས་ཁོངས་དང་ཚོགས་པ་གང་རུང་གི་དོན་སྤྱི་ལས་བརྒལ་ཏེ།  ཚོགས་པ་གང་རུང་དང་ས་ཁོངས་གང་རུང་གི་མི་ཡིས་གཏམ་རྒྱུད་འདི་མྱོང་ཚོར་བྱེད་ཐུབ་པར་སྨོན” ཅེས་པ་ལྟར་ཐར་ལོ་ནི་བོད་མིའི་བསྡུས་གཟུགས་རྐྱང་བ་ཙམ་མ་ཡིན་པར།  འཛམ་གླིང་གི་ས་ཁོངས་གང་རུང་དུ་ཡང་ཐར་ལོ་དང་འདྲ་བའི་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་མི་ཡི་སྣང་བརྙན་ནམ་ནང་སེམས་ཀྱི་ཐོབ་ཐང་འཚོལ་སྙེག་གི་མི་སྒེར་དང་ཚོགས་པ་ཞིག་ངེས་པར་ཡོད་ངེས་པས། ཐར་ལོའི་སྔ་མ་བོར་ལ་ཕྱི་མ་མ་ཟིན་པའི་གཏམ་རྒྱུད་ནི་མི་རིགས་ཤིག་གི་རྟགས་མཚན་སྦྱར་ཆོག་ལ་མ་སྦྱར་ཡང་ཆོག་པའི་མི་སྒེར་ཞིག་གི་གཏམ་རྒྱུད་ཀྱང་ཡིན་པ་རེད།  

 

 ཟུར་བལྟའི་དཔྱད་གཞི།

1) 徐晓东 《遇到万玛才旦》[M] 中国美术学院出版社 2017

2) 万玛才旦《乌金的牙齿》[M] 中信出版集团  2019

3) 周斌、王军君主编 [C] 《新中国少数民族影视文学创造回顾与展望》中国电影出版社  2016

4) 马塞尔-马尔丹著  何搌淦译 [M]《电影语言》  中国电影出版社 1980

5) 刘象愚、杨恒达、曾艳兵主编 [M]《从现代主义到后现代主义》高等教育出版社 2013

6) 钟大丰、舒晓鸣著 [M]《中国电影史》中国广播电视出版社 2013

7) 郑亚玲、胡滨著 [M]《外国电影史》中国广播电视出版社 2013

8) ཀླུ་རྒྱལ་རཱ་ཏི། [M]《 གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ 》   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017

9) ཟླ་ཚང་དཔལ་མཁར་རྒྱལ། [M] 《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013

10) བྱ་མདོ་དོན་གྲུབ་ཚེ་རིང་།  [M] 《བོད་ཡིག་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ》མི་རིགས་དཔེ་སྐྲུན་ཁང་། 2016

 

        གསལ་བཤད།   དཔྱད་རྩོམ་འདི་ནི་གུས་པའི་དངོས་གཞིའི་སློབ་ཐོན་དཔྱད་རྩོམ་ཡིན།  ༢༠༢༠ལོའི་ཟླ་བཞི་བའི་ནང་བྲིས་ཚར། ལོ་དེའི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་འཁྲབ་ཁྲིད་པ་ཁོ་རང་བསྐུར་ནས་བལྟ་རུ་བཅུག་པ་དང་། “ཡག་པོ་བྲིས་འདུག”སོགས་ཀྱི་བསྟོད་པ་ཅུང་རེ་བྱས་པ་དེ་དུས་སྒུལ་ཤུགས་དང་དགའ་བྱེད་ཅིག་ཡིན་མོད། ད་ལྟ་བལྟས་ཚེ་ནང་དུ་བྱིས་བློའི་བསམ་ཚུལ་འགའ་རེ་ཡང་ཡོད་མོད། ད་ལྟ་དེ་ལ་ཕྱིར་དྲན་ཞིག་གི་ཚུལ་ཏུ་ནང་གི་ཚིག་གཅིག་ཀྱང་མ་བཅོས་པར་འདི་གར་བཀོད་པ་ལགས། 

   (公保加 15297033445 青海省黄南州尖扎县铁岭路喜玛拉雅民俗文化村)

དཔྱད་མཆན་ཡོད།