པདྨ་ཚེ་བརྟན་ལ་དབྱི་ཐ་ལི་ནས་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ། 

webwxgetmsgimg.jpg

           དབྱི་ཐ་ལིའི་ས་གནས་དུས་ཚོད། ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། དབྱི་ཐ་ལིའི་Lessiniaརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཉིས་པའི་སྟེང་། བྱ་དགའ་ཐོབ་པའི་མིང་ཐོ་གསལ་བསྒྲགས་བྱས་པ་ལས། བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ་༼ཐར་ལོ༽ཞེས་པར་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་འདུག

webwxgetmsgimg (1).jpg

         དཔྱད་བརྗོད་པའི་དཔྱད་འཇོག་ནི་འདི་ལྟ་སྟེ། ང་ཚོས'འཁྲབ་ཁྲིད་པ་རྩེ་གྲའི'བྱ་དགའ་དེ་པདྨ་ཚེ་བརྟན་ལ་འབུལ་རྒྱུར་གཏན་ཁེལ་བྱས། བྱ་དགའ་འདི་ནི་ཁོང་གི་འཇིགས་པ་མེད་པའི་བློ་སྤོབས་དང་། གཞན་ལས་ལྷག་ཅིང་གཏིང་མཐའ་ཟིན་པའི་འཇོན་ཐང་ལ་འབུལ་རྒྱུ་ཡིན། ཁོའི་གློག་བརྙན་གྱི་གྲུབ་ཚུལ་དང་། དེ་མིན་ཡུལ་དངོས་སྙོམས་ཚད་ལ་གཞན་མཚུངས་མ་ཡིན་པའི་གདམ་ཀ་མངོན་པར་གསལ་ཞིང་། ཐོད་བརྒལ་ཡིན་པའི་གསར་རྩོམ་ལ་སྒེར་ཚུགས་རང་བཞིན་ལྡན་ལ། དེ་མིན་མི་སྒེར་གྱི་མཚོན་རྟགས་སུ་གྲུབ་པའི་མཛེས་དཔྱོད་མངའ་བས། ང་ཚོས་དཔྱད་བསྡུར་བྱས་པ་ལས་༼ཐར་ལོ༽ནི་དེའི་རིགས་སུ་གཏོགས་ཤིང་དཀོན་པའི་གློག་བརྙན་གལ་འགངས་ཆེ་བ་ཞིག་ཡིན་པར་མ་ཟད། གློག་བརྙན་བཟོ་སྐྲུན་འདིས་ལམ་ཆེན་གསར་བ་ཞིག་གི་སྒོ་གླེགས་ཀྱང་ཕྱེས་ཡོད་པ་རེད།

webwxgetmsgimg (2).jpg

         འཁྲབ་ཁྲིད་པ་རྩེ་གྲའི་རྟགས་མ། ས་གནས་དུས་ཚོད། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། དབྱི་ཐ་ལིའི་Lessiniaརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་བརྙན་༼ཐར་ལོ༽ཞེས་པ་རྒྱ་ཆེའི་ལྟད་མོར་གཟིགས་འབུལ་བྱས་པས། དེར་འདུས་ཀྱི་རྒྱ་ཆེ་གཟིགས་མོ་བ་དང་གློག་བརྙན་དཔྱད་བརྗོད་པ་དག་གིས་དགའ་བསུ་ཚད་མེད་ཐོབ། 

         རྒྱུ་རྐྱེན་མང་བོ་ཞིག་གི་དབང་གིས། བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཁོང་དངོས་སུ་གློག་བརྙན་དུས་སྟོན་གྱི་བྱ་དགའ་བསྩོལ་བའི་དགོང་ཚོགས་སུ་ཞུགས་མ་ཐུབ། འདི་ལྟ་བུའི་དམིགས་བསལ་གྱི་དུས་སྐལ་ཡག་པོ་ཞིག་ཤོར་བ་ནི་ཁོ་ལ་མཚོན་ན་ཡིད་ཕངས་དགོས་པའི་དོན་ཞིག་རེད་ཅེས་བསྟན་ཡོད། དབྱི་ཐ་ལིའི་Lessiniaརྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་༡༩༩༥ལོར་བསྐྲུན་ཞིང་། གཙོ་བོ་ནི་བརྙན་ཐུང་དང་། དངོས་བཤུས་གློག་བརྙན། བརྗོད་དོན་གློག་བརྙན་རིང་གྲས་བཅས་དམིགས་སུ་བཟུང་བའི་རྟིང་རྩོད་རང་བཞིན་གྱི་གློག་བརྙན་དུས་སྟོན་ཞིག་ཡིན།

དཔྱད་མཆན་ཡོད།