«ང་ཡི་ཆང་གསོལ་རོགས»པེ་ཅིང་ནས་བསྟན། (སྔོན་བརྡའི་བརྙན་ཡོད།)

མདང་དགོང་གི་བྱེད་སྒོའི་སྐབས། 

ཡར་སྔོན། ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་«ང་ཡི་ཆང་གསོལ་རོགས»ལ་སྐབས་༢༡པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་གསེར་གྱི་ཁྲུང་ཕོར་རྟགས་མའི་འཁྲབ་གཞུང་རྩེ་གྲའི་རྟགས་མ་དང་དཔྱད་འདེམས་ཚོགས་པའི་རྟགས་མ་དཀྱུས་གཅིག་ཏུ་ཐོབ་ཏེ་རྒྱལ་ཁ་ཆེན་པོ་བླངས་པ་དང་། མདང་དགོང་། གློག་བརྙན་འདི་ག་པེ་ཅིང་གི་ པཱེ་ལོ་ཧེའུ་གློག་བརྙན་ལྟེ་གནས་ནས་བསྟད་མར་ཐེངས་གསུམ་བསྟན་ཅིང་། ཕབ་སྐྲུན་ཚོགས་པ་དང་ལྟད་མོ་བའི་བར་ཁ་བརྡ་ཡང་འོས་འཚམ་བྱུང་། 

དེ་ཡང་གློག་བརྙན་«ང་ཡི་ཆང་གསོལ་རོགས»ཞེས་པའི་ནང་དུ། སྐྱེས་པ་ཞིག་གིས་ཁྱད་དུ་འཕགས་པའམ་ཡང་ན་ལྗིད་ཏིག་ཏིག་གི་འགྲུལ་བཞུད་རིང་མོའི་ཁྲོད། ན་བ་ལྕི་བའི་ཆུང་མའི་གསང་བར་གདོང་གཏད་པ་དང་ཁོ་བོའི་འཚོ་བའི་ཁྲོད་བྱིས་པ་ཆ་མེད་ཅིག་ཐོལ་གྱིས་ཐོན་པའི་སོམ་ཉིར་ཚུད་པའི་རྙོག་འཛིང་གི་སེམས་ཁམས། འགྲུལ་བཞུད་མཇུག་རྫོགས་མཐར་ཡང་བསྐྱར་སེམས་ཀྱི་ལམ་གསར་བ་ཞིག་མགོ་བརྩམས་ཚུལ་སོགས་བརྗོད་ཡོད། འཁྲབ་ཁྲིད་པ་ཁོང་གིས་ཧ་ཅང་ཞིབ་ཆ་ལྡན་པའི་ངང་དངོས་ཡོད་མཛེས་སྡུག་གི་མཐོང་སྣེ་བེད་སྤྱད་དེ་སྣ་མང་སྣེ་འཛིང་གི་བརྩེ་བའི་གཏམ་རྒྱུད་ཅིག་རྒྱུན་མ་ཆད་པར་བརྗོད་ཡོད་པར་མ་ཟད། བརྩེ་བ་ལ་ངེས་པར་ཡོད་འོས་པའི་རིན་ཐང་དང་མཐོ་ཚད་ལ་ཐུན་མོང་མ་ཡིན་པའི་གསལ་འགྲེལ་བྱས་ཡོད་པ་རེད།

32.jpg

གློག་བརྙན་འདི་ནི་བོད་ཀྱི་གཞས་པ་གྲགས་ཅན་གཡུང་དྲུང་རྒྱལ་དང་ཉི་མ་སྲུང་སྲུང་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་བརྩེ་བ་གཙོ་བོར་བརྗོད་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན།  འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་བརྩམས་ཆོས་གསར་ཤོས་ཀྱང་ཡིན་ལ།   ཕབ་སྐྲུན་པ་ལའོ་ཞེ།   བརྙན་ལེན་མཛུབ་སྟོན་པ་བང་བེ་དཔའ།  ལྟ་སྐུལ་བ་ཏོའུ་ཆིན་ཁྲོན།  ཁྲིན་ལེས་ཆན་ཏེ་ཚང་གིས་རོགས་སྒྲུབ་འགྲེམས་སྤེལ་བྱས་པ་ཡིན་པར་མ་ཟད། གཞན་ད་དུང་བརྙན་འདི་ནི་བོད་སྐད་ལས་རྒྱལ་རོང་ཡུལ་སྐད་ཀྱི་གློག་བརྙནབརྩམས་ཆོས་ཆེས་ཐོག་མའང་ཡིན་པ་རེད།

 ཟོན་ཐར་རྒྱལ་གྱི་བརྩམས་ཆོས་དང་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བར་སྔ་མ་ནས་ལས་འཕྲོ་འདྲ་མིན་ཡོད་མྱོང་སྟེ། ཁོའི་བརྩམས་ཆོས་ཐོག་མ«དབུས་ལམ་གྱི་ཉི་མ»ར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༡༤བའི་ཡ་གླིང་གི་མི་སྣ་གསར་པའི་གཟེངས་རྟགས་ཐོབ་པ་དང་། བརྩམས་ཆོས་གཉིས་པ་«གཙང་བོ»འི་གཙོ་འཁྲབ་མ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༡༨པའི་ཡ་གླིང་གི་མི་སྣ་གསར་པའི་གཟེངས་རྟགས་ཁྲོད་འཁྲབ་སྟོན་མ་རྩེ་གྲའི་གཟེངས་རྟགས་ཐོབ། ཐེངས་འདིར་ཡང་ཟོན་ཐར་རྒྱལ་ཁོ་རང་གིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསུམ་པ་«ང་ཡི་ཆང་གསོལ་རོགས»ལ་སྐབས་༢༡པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གསེར་གྱི་ཁྲུང་ཕོར་རྟགས་མའི་འཁྲབ་གཞུང་རྩེ་གྲའི་རྟགས་མ་དང་དཔྱད་འདེམས་ཚོགས་པའི་རྟགས་མ་དཀྱུས་གཅིག་ཏུ་ཐོབ།


ཕྲན་ལ་མཚོན་ན་འདི་ནི་ལས་བསོད་ཀྱི་སྐལ་བ་སྨིན་པའི་དོན་ཞིག་གོ །གློག་བརྙན«ང་ཡི་ཆང་གསོལ་རོགས»ལ་དཔྱད་འདེམས་ཚོགས་པའི་བྱ་དགའི་གསོལ་རས་ལེགས་ཤོས་དང་། འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་པ་ལ་ཕྲན་ནི་དགའ་བ་འབུམ་གྱིས་མྱོས་ཡོད། འདི་ལྟ་བུའི་གྲུབ་འབྲས་ནི་གློག་བརྙན་ལས་མི་ཡོངས་ཀྱི་འབད་བརྩོན་དང་སྙིང་རུས་ལ་འབྲལ་ཐབས་མེད་ཅིང་གྲོགས་པོ་དང་དགེ་རྒན་དག་གི་བརྩེ་བས་རྗེས་སུ་བཟུང་བ་དང་ཡང་འབྲལ་ཐབས་མེད། སྐབས་འདིར་ཅུང་བྲེལ་བའི་ངང་དུ་ཡོད་པས་ཁྱེད་ཅག་ལ་རེ་རེ་བཞིན་ལན་བསློག་མ་ནུས་པར་དགོངས་དག་ཞུ། ཁོམ་ཞིང་དལ་བའི་སྐབས་སུ་ཁ་བརྡ་ལྷུག་པོར་གློད་ཆོག འདི་ནི་གཟིམས་མེད་སྐྱིད་པའི་མཚན་མོ་ཞིག་སྟེ། ང་རང་ལམ་བུ་འདིར་ཞུགས་ཏེ་བློ་ཕམ་ཞིང་སེམས་སྟོང་བར་གྱུར་བའི་སྐབས་སུ་ཕྲན་ལ་བློས་འགེལ་ཡིད་ཆེས་གནང་བའི་གྲོགས་པོ་དག་གིས་མཛའ་བའི་ལག་གདང་མ་ལྷོད་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། 

_____ ཟོན་ཐར་རྒྱལ།



གཙོ་འཁྲབ་པ་གཡུང་དྲུང་རྒྱལ་ནས་«ང་ཡི་ཆང་གསོལ་རོགས»གླེང་བ།


བརྙན་འདི་ཕབ་སྐབས་ཀྱི་པར་འགའ། ↘


ཟུར་བཀོད། 

«ང་ཡི་ཆང་གསོལ་རོགས»ཀྱི་སྔོན་བརྡའི་བརྙན།  http://www.filmtbt.com/movies/trailer/2018-07-08/885.html

▍«ང་ཡི་ཆང་གསོལ་རོགས»ཞེས་པ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༢༡པར་ཚུད།  http://www.filmtbt.com/news/dok/2018-06-16/873.html

དཔྱད་མཆན་ཡོད།