འཁྲབ་ཁྲིད་པ་དྲུག་ཅུ། →→ པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྟེང་འགྲེམ་སྤེལ།

1534487494136983.jpeg

པར1-1  དེབ་འདི་ཟླ་བརྒྱད་པའི་ཚེས 25 ཉིན་གྱི་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྟེང་འགྲེམ་སྤེལ་བྱ་རྒྱུ།

མཇུག་གཏམ་གྱི་ཚུལ་དུ་ཚིག་འདི་དག་འབྲི་ཁ་མར་ངང་ངམ་ཤུགས་ཀྱིས་ཡ་སུ་རྗེ་རོའི་སླེབས་འཕྱི་བའི་དཔྱིད་ཀ་ཞེས་པའི་གློག་བརྙན་དེ་དྲན་སོང་།

2013 ལོའི་ཟླ་དྲུག་པ་ནས་བདག་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་དག་ལ། འདེམ་སྦྱོང་གི་ཚུལ་དུ་གློག་བརྙན་རྩོམ་རིག་ཅེས་པའི་སློབ་ཁྲིད་ཅིག་ཁྲིད་རྒྱུའི་གྲབས་བཤམས་པ་ཡིན། ལོ་དེའི་སྟོན་མགོར། སློབ་ཁྲིད་དངོས་སུ་མགོ་བཙུགས་ཤིང་། ཐེངས་དེའི་སློབ་ཁྲིད་ལ་ཞུགས་མཁན་སློབ་མ་ཉེར་དགུ་ཡོད་པ་ཚང་མ་དངོས་གཞི་ལོ་རིམ་གསུམ་པར་བུད་རུང་གི་ཆོལ་ཁ་གསུམ་ནས་ཕེབས་པ་རྐྱང་རེད་འདུག །

1534481786558681.jpegཔར1-2  རྩོམ་སྒྲིག་ཚོགས་པ།

བདག་ནི་གློག་བརྙན་སྐོར་ལ་ཆེད་དུ་སྦྱངས་པ་ཡོད་མཁན་དེ་འདྲ་མིན་པས། དབང་ལུང་དང་ཁྲིད་རྒྱུན་སོགས་དེ་བས་ཀྱང་བརྩི་རྒྱུ་མེད། དེ་ལྟ་ན་ཡང་། ཁྲིད་རྒྱུ་ནི་བྱས་སོང་བས། རང་ཐད་ནས་གྲ་སྒྲིག་ཨང་གསར་ཞིག་ཅིས་ཀྱང་བྱ་དགོས་སྙམ་ཏེ། གློག་བརྙན་སྐོར་གྱི་དེབ་དེ་བས་མང་པོ་ཞིག་ཉོས་ནས་སློབ་ཁྲིད་ཀྱི་དགོས་མཁོ་ལྟར་གཉིད་ཡུན་ཙམ་རེར་དཔེ་ཀློག་དང་ཇ་ཡུན་ཙམ་རེར་ལོ་ཙཱ་བྱས་ཏེ། རིམ་བཞིན་སློབ་ཁྲིད་ཀྱི་སྒྲོམ་གཞི་བསྒྲིགས་པ་ཡིན། དེ་དང་ཆབས་ཅིག་ལོ་དེའི་ཟླ་བརྒྱད་པར་གློག་བརྙན་ཕབ་སྐྲུན་གྱི་གསབ་སྦྱོང་ཞིག་ཏུ་ཡང་ཞུགས་ཏེ་ལག་རྩལ་སྐོར་གྱི་ཤེས་བྱའི་ཆ་ལག་དག་ལ་ཡང་བག་ཆགས་འཇོག་ཙམ་བྱས། དེ་དག་གི་འབྲས་རྟགས་ཙམ་གྱི་ཚུལ་དུ་སློབ་ཁྲིད་ཀྱི་ནང་དོན་དག་ཕྱོགས་ཆེ་ས་བཞི་རུ་བགར་བ། དང་པོ་གློག་བརྙན་གྱི་བྱུང་བའི་སྐོར། གཉིས་པ་གློག་བརྙན་གྱི་སྒྲ་གཟུགས་སྒྱུ་རྩལ་སྐོར། གསུམ་པ་འཁྲབ་གཞུང་སྐོར། བཞི་བ་གློག་བརྙན་དཔྱད་བརྗོད་སྐོར་བཅས་སུ་བསྡུས་ཤིང་། སློབ་སྐབས་གཅིག་རིང་ལ་ཡང་བསུབ་ཞོར་གསབ་ཞོར་སྒོས་ཁྲིད་པའི་གཟུགས་བརྙན་ཙམ་བཟུང་བ་ཡིན། ད་ལྟ་འདང་བརྒྱབ་ན་དེ་དུས་ཀྱི་བསམ་སྤྱོད་ལ་ཧོལ་རྒྱུག་གི་ཆ་ངེས་ཅན་འདུག་ལ། ཁྲིད་གཞིའི་ནང་དོན་དག་ལ་གསལ་དག་བཙུན་གསུམ་མ་ཡིན་པའི་སྐྱོན་ཀྱང་མང་དུ་འདུག

བར་སྐབས་གང་དེར་བདག་ནས་སློབ་ཁྲིད་ཐེངས་འདིའི་གྲུབ་འབྲས་རྡོག་ཐོན་གྱི་ཚུལ་དུ་ཚང་མ་མཉམ་རུབ་སྒོས་དེབ་ཅིག་གདོན་རྒྱུའི་གྲོས་གཞི་བཏོན་པར་ཚང་མས་འཐད་པའི་བརྡ་བསྟན་སོང་བས་དེ་མུར་ལས་དེ་མགོ་རྩོམ་རྒྱུ་བྱས། 

Jietu20180817-130233@2x.jpg

པར1-3  ནང་གི་པར་ངོས་གཉིས།

དེ་ལ་བདག་གི་བསམ་པར། གློག་བརྙན་གྱི་རིག་པ་འདི་བོད་ལ་གསར་དུ་སྤེལ་སྒང་དང་དར་སྐབས་ཡིན་པས། ཐོག་དང་པོ་ནས་རྣམ་གཞག་གི་ཆིངས་ལྟ་བུ་འདྲེན་པ་འོས་སུ་མི་ཆེ་བས། འཇུག་བློ་བྲོད་པའི་ངོས་ནས་གང་དེའི་ཤེས་བྱའི་རྣམ་པ་དག་ལ་གོ་བ་ཁབ་འགྲོ་འབིག་འགྲོ་རེ་བསྐྱེད་པའི་རིམ་པ་འདི་གལ་ཆེ་བར་སྙམ་པ་དང་གཅིག །འཁྲབ་ཁྲིད་པ་གྲགས་ཅན་མང་པོའི་སྒྱུ་རྩལ་བཤུལ་ལམ་ངོ་སྤྲོད་པ་འདི་ག་མང་མང་མཉམ་རུབ་སྒོས་བསྒྲུབ་ཀྱང་བསྒྲུབ་བདེ་ལ་འགྲུབ་རྒྱུའི་གདེང་ཡང་ཡོད་པ་བཅས་རྐྱེན་གཉིས་ཀྱིས་ཡོངས་སུ་བསྐུལ་ཏེ་ལས་འདིའི་མགོ་བརྩམས་ཤིང་། དེ་མུར། གློག་བརྙན་པའི་སྡེར་གྲགས་པ་འབར་ཞིང་། གློག་བརྙན་གྱི་ལྡིང་ཁང་འདིར་འཇུག་པ་ལ་ངེས་པར་དུ་ཤེས་དགོས་པའི་འཁྲབ་ཁྲིད་པ་དྲུག་ཅུ་བདམས་སྟེ། ཁོ་ཚོའི་རུས་མིང་གི་བོད་འགྱུར་ཐད་སྐད་ཡིག་གང་དུ་གཏོགས་པ་གང་དེའི་སྒྲ་དང་ཀློག་སྟངས་གཙོར་འཛིན་སྒོས། སྒྲ་བསྒྱུར་གྱི་རིག་པ་ལྟར་བོད་ཀྱི་སྐད་དུ་གཏན་ལ་ཕབ་ཅིང་། ཧྥ་སྐད་དང་ཉི་ཧོང་སྐད། ཁོ་རི་ཡའི་སྐད་སོགས་སྐད་རིགས་ཆུང་ངུའི་ཀློག་སྟངས་དག་ཀྱང་སྐད་གང་དེ་ཕ་སྐད་ཡིན་པའི་མིར་བློ་འདྲི་གྲོས་གཏད་སྒོས་གཅིག་གྱུར་བཟོས་པ། འཁྲབ་ཁྲིད་པ་དེ་དག་གི་གློག་བརྙན་གལ་བོ་ཆེའི་རིགས་ལེགས་འདེམ་སྒོས་རེའུ་མིག་ཏུ་བཀོད། དེ་ལྟར་སྔོན་འགྲོའི་ལས་དག་འགྲུབ་པའི་རྗེས་མི་རེར་འཁྲབ་ཁྲིད་པ་གཉིས་རེ་བགོས་ཏེ (རིན་པོ་དང་བསང་བདག་རྒྱལ་ནས་འཁྲབ་ཁྲིད་པ་གསུམ་རེ་ངོ་སྤྲད་ཡོད།) གང་དེའི་གློག་བརྙན་གལ་བོ་ཆེ་དག་ལ་བལྟ་བའི་འགན་དང་བཅས་ཐོག་མར་མ་ཁུངས་བཙལ་འཚོལ་སྒོས་གློག་བརྙན་གཙོ་ཤོས་དག་གི་མིང་བོད་འགྱུར་བྱ་བའི་ལས་བཀོད་སྒྲིག་བྱས། 

ཉིན་བཅུ་གྲངས་རྗེས། འཁྲབ་ཁྲིད་པ་གང་དེའི་གློག་བརྙན་གཙོ་ཤོས་དག་གི་བོད་འགྱུར་ལ་ཡང་ཡང་བཅོས་པའི་མགོ་བཙུགས་པ་དང་མཉམ་དུ། ངོ་སྤྲོད་རྩོམ་གང་གི་དངོས་གཞིའི་དོན་རྣམ་པར་གཅོད་ལུགས་གཏན་དུ་ཁེལ་བ་སྟེ། 

1). ཐོག་མར་འཁྲབ་ཁྲིད་པ་གང་དེའི་སྐྱེས་ཁུངས་དང་རིགས་རུས་ཆོ་འབྲང་། འཚོ་བའི་བརྒྱུད་རིམ་གྱི་སྐྱ་ཐིག་འགོད་རྒྱུ། 

2). དེ་ནས་འཁྲབ་ཁྲིད་པ་གང་དེ་གློག་བརྙན་བཟོ་སྐྲུན་གྱི་ལས་འདིར་ཇི་ལྟར་ཞུགས་ཚུལ་གཙོར་སྟོན་སྒོས་ལམ་གྱི་བརྒྱུད་རིམ་སྐོར་འགོད་རྒྱུ། 

3). དེའི་འཕྲོར་འཁྲབ་ཁྲིད་པ་གང་དེར་དཔྱད་བརྗོད་པའི་སྡེས་གདེང་འཇོག་ཇི་ལྟར་བྱས་ཚུལ་དང་སྦྲགས་ཏེ། རང་གི་མྱོང་བ་ཐོར་བུ་འགོད་རྒྱུ། 

4). མཐའ་མར་འཁྲབ་ཁྲིད་པ་གང་དེས་བླངས་པའི་བྱ་དགའ་གྲགས་ཅན་དང་མཚན་སྙན་གང་ཐོབ་སྐོར་འགོད་རྒྱུ་བཅས་བཞིར་གཏན་དུ་ཕབ་རྗེས། རང་རང་ཐད་ནས་དེ་བཞིན་འབྲི་བའི་ལས་སུ་ཞུགས་ཤིང་། སློབ་སྐབས་མཇུག་སྒྲིལ་མཚམས་ཙམ་ལ། སློབ་གྲོགས་ཕལ་མོ་ཆེས་དུས་བཅད་ལྟར་རྩོམ་གྱི་ཆ་ལག་ཇི་བཞིན་འགྲུབ་སོང་།  

1534482321139470.jpg

པར1-4  དེབ་ཀྱི་རྒྱབ་ཤོག

དེ་ནས་རིམ་པར་ཞུ་དག་གི་ལས་སུ་ཞུགས་པ་དང་རྩོམ་དག་ནི་རྟ་མོག་མོག་གི་སྤུ་ནང་བཞིན་ཉམས་དང་འགྱུར་བ་ཡང་མང་པོར་བཀང་འདུག །དེ་བཞིན་དུ་སྐྱོན་ཆ་འདྲ་མིན་ཡང་རྒྱ་ཤུག་གི་ཚེར་མ་ནང་བཞིན་མངོན་ལྐོག་གང་རུང་ན་འཛིང་ཡོད་པས། རིམ་པ་དང་པོའི་སྐབས་རྩོམ་གྱི་སྒྲིག་གཞི་དང་དག་ཆ། རྗོད་པ་མི་བདེ་བ་བཅོས་རྒྱུ་གཙོར་བྱས་ཤིང་། འགྲུབ་པ་དང་ཕྱིར་བདག་པོར་སྤྲད་དེ་སོ་སོའི་གློག་ཀླད་སྟེང་ནས་བཅོས་སུ་བཅུག དེ་ནས་བདག་གིས་ཞུ་དག་གི་རིམ་པ་གཉིས་པ་མགོ་བརྩམས་ཤིང་། ཐེངས་དེར། གཙོ་བོ་ཕྱི་ཡིག་གི་ས་མིང་དང་མི་མིང་དག་ཤན་སྦྱར་བྱས་པ་དང་། རྩོམ་དག་ཏུ་སླེབས་གྲངས་མང་བའི་བརྡ་དག་གི་འགྱུར་གཅིག་གྱུར་བཟོས་པ་དང་། ཤན་སྦྱར་གྱི་རེའུ་མིག་ཡང་བཟོས། དེ་དང་ཆབས་ཅིག་བརྙན་མིང་གི་བོད་འགྱུར་དག་ལ་ཡང་བཟོ་བཅོས་བརྒྱབ་ཅིང་། འགྲུབ་རྗེས་དེབ་འདིའི་སྒྲིག་གཞོན་གྱི་འགན་ཁུར་མཁན་བསང་བདག་རྒྱལ་དང་རིན་པོ་གཉིས་ལ་ཡང་བསྐྱར་དེབ་ཧྲིལ་བོར་གནད་དོན་གཞན་ཡོད་མེད་ཐད་ནས་ལྟ་རུ་བཅུག །དེ་བཞིན་གྲོགས་པོ་རེ་འགས་ཀྱང་བཅའ་རོགས་བྱས་པ་སོགས་དེབ་འདིའི་དག་བཅོས་ཀྱི་ལས་ཀའི་མཚམས་ནི་བཞག་མ་མྱོང་ཞེས་བཤད་ཀྱང་ཆོག །ཡུན་ནི་རིང་པོ་ཞིག་གི་རྗེས་རྩོམ་གདན་འདི་བཞིན་གཏན་དུ་ཁེལ་ཐུབ་པ་བྱུང་།

མཐར་དེབ་འདིའི་པར་སྒྲིག་གི་འགན་གཙོ་བོར་ཁུར་མཁན་དགེ་ལེགས་ཆོས་འཕེལ་དང་ཞོགས་འོད། ཞུ་དག་གི་ཐད་ནས་རོགས་རམ་བྱས་མྱོང་བའི་པྲ་དྲའི་རྩོམ་སྒྲིག་པ་ཏིང་བཀྲ་དང་ཏིང་ཀོ་བཅས་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུ། །


ཟུར་བཀོད།  

1534487967775002.jpeg

པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གྱི་མཚོན་རྟགས་དགེའོ།།

དཔྱད་མཆན་ཡོད།