གློག་བརྙན«རྒྱང་རིང»ཞེས་པ་ཕབ་སྐྲུན་ཡོངས་སུ་མཇུག་རྫོགས། ​

webwxgetmsgimg.jpg

              ཉེ་ཆར་བོད་ཀྱི་གློག་བརྙན་«རྒྱང་རིང»ཞེས་པ་དེ་སྤྱི་ཟླ 2016ལོའི་སྤྱི་ཟླ་7པའི་ཚེས་5ཉིན་མདོ་སྨད་རྔ་བ་ནས་ཕབ་སྐྲུན་མཛད་སྒོ་སྤེལ་ཞིང་།  སྤྱི་ཟླ་2016ལོའི་སྤྱི་ཟླ་7པའི་ཚེས་23 ཉིན་ཕབ་སྐྲུན་གྱི་མཇུག་ཡོངས་སུ་རྫོགས་པར་གྲུབ།  

webwxgetmsgimg (1).jpg

             གློག་བརྙན་འདིའི་ཁྲོད་ཀྱི་འཁྲབ་སྟོན་མི་སྣ་དག་ནི་འཁྲབ་སྟོན་ཆེད་ལས་མཁན་རྐྱང་པ་མ་ཡིན་མོད།  འོན་ཀྱང་།  ཁོང་ཚོ་ནི་སྒྱུ་རྩལ་ལས་རིགས་ཀྱི་གཏིང་ཟབ་ས་ནས་གོ་བ་འཚོལ་བཞིན་པའི་དེང་གི་ན་གཞོན་རྩོམ་པ་པོ་དང་ན་གཞོན་བསམ་བློ་བ་ཤ་སྟག་ཡིན་ནོ། །

 

webwxgetmsgimg (2).jpg

            གློག་བརྙན་«རྒྱང་རིང»ཞེས་པ་འདི་ནི་ན་གཞོན་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སྙུག་བཅུད་ལེན་ནམ་ཡོན་ཏན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ཞིག་ཡིན་ལ།  གློག་བརྙན་འདིའི་ནང་དུ་རི་མོའི་མཛེས་རྩལ་ལ་དགའ་ཞེན་དང་དད་མོས་བླ་མེད་ཡོད་པའི་གྲྭ་གཞོན་ཞིག་དགོན་པའི་ཁོར་ཡུག་ནས་བས་མཐར་བུད་དེ་གྲྭ་ལོག་བྱས་ཤིང་།  མཐར་སྤྱི་ཚོགས་ཀྱི་ཟུར་མང་པོའི་ཁྲོད་ནས་ཁོ་རང་བསམ་བློའི་འགལ་འདུ་མང་པོ་ལ་གདོང་ཐུག་རྒྱག་དགོས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་།  བརྙན་གཟུགས་ཀྱི་ལམ་ནས་དུས་སྐབས་འདིའི་བོད་ཀྱི་གྲྭ་ལོག་ཅིག་གི་བསམ་པའི་གནས་སྟངས་ལ་འགྲེལ་དཀའ་བའི་འགྱུར་ལྡོག་ཅིག་འབྱུང་གིན་ཡོད་པའི་སྣང་ཚུལ་ཚ་བོ་ཞིག་མངོན་མཚོན་བྱས་ཡོད།

 འཁྲབ་ཁྲིད་པ་ངོ་སྤྲོད།

 

webwxgetmsgimg (3).jpg

             


                ན་གཞོན་འཁྲབ་ཁྲིད་པ་སྙུག་བཅུད་ལེན་ནམ་ཡོན་ཏན་ནི་ཨ་མདོ་རྔ་བ་རུ་སྐྱེས་ཤིང་། རིམ་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམ་སྟེ།2014ལོའི་ཟླ་7པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཆེད་སྦྱོང་ནས་སློབ་མཐར་ཕྱིན། སྤྱི་ལོ་2009ལོ་སྟེ་ཁོ་རང་མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ་རྐང་འཁོར་ཞིག་བཞོན་ནས་ཁམས་ཕྱོགས་གཙོས། ཉི་མ་ལྷ་སའི་ལྷོ་ཁ་ཕྱོགས་དང་མདོ་ཁམས་སོགས་སུ་རིག་གནས་འགྲུལ་བཞུད་ཀྱི་ཡུལ་སྐོར་ཐེངས་གཅིག་བྱས་པའི་གྲུབ་འབྲས་སུ། 《རྐང་འཁོར་དང་ལྷ་ས》ཞེས་པའི་ཡུལ་སྐོར་ཟིན་ཐོའི་དཔེ་དེབ་ཅིག་པར་དུ་བསྐྲུན། སློབ་ཆེན་གྱི་སྐབས་སུ་སྤྱི་ཚོགས་ཀྱི་གནད་དོན་གང་མང་བརྗོད་བྱར་བཟུང་བའི་འབོལ་རྩོམ་ཆེད་དེབ《མི་རབས་དཔའ་བོ》པར་སྐྲུན་བྱས། དེ་མིན་སྔ་ཕྱིར་སྤྱི་ཚོགས་དཔྱད་བརྗོད་ཀྱི་དུས་དེབ《གསར་བརྗེ་བ》དང་《ཞོགས་དུང་སྙིང་སྟོབས》སོགས་ཀྱིས་མཚོན་པའི་དུས་དེབ་ཁ་ཤས་རྩོམ་སྒྲིག་བྱས། དེ་ལྟར་རྟག་པར་སློབ་སྦྱོང་གི་ཞར་ལ་འབོལ་རྩོམ་གཙོས། སྒྲུང་གཏམ་《བོད་མི་ཞིག་གི་སེམས་ངལ》དང《རོགས་སྐྱོར》སོགས་ཀྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་གང་མང་ཞིག་བོད་ཀྱི་དྲྭ་ཚིགས་སོ་སོ་དང་དུས་དེབ་གང་མང་ཞིག་ཏུ་བཀོད་དང་འགོད་བཞིན་མཆིས། ཁོ་རང་ནུབ་བྱང་ནས་སློབ་མཐར་ཕྱིན་རྗེས་པེ་ཅིང་དུ་གོམས་སྟབས་བསྒྱུར། ད་ལྟ་པེ་ཅིང་དུ་གློག་བརྙན་འཁྲབ་གཞུང་དང་འཁྲབ་ཀྱི་སྐོར་ནས་སློབ་སྦྱོང་བྱེད་ཀྱིན་མཆིས་སོ། །

དཔྱད་མཆན་ཡོད།