«ང་ཡི་ཆང་གསོལ་རོགས»ཞེས་པ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༢༡པར་ཚུད།

      

 ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩ་འཛུགས་ཚོགས་པས་ཡོངས་བསྒྲགས་བྱས་པ་ལྟར་ན། ཟོན་ཐར་རྒྱལགྱི་བརྩམས་ཆོས་གསར་བ་«ང་ཡི་ཆང་གསོལ་རོགས»ཞེས་པ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་འབྱོར་བའི་གློག་བརྙན་བརྩམས་ཆོས་སུམ་སྟོང་ལྷག་གི་ནང་ནས་འབུར་ཏུ་ཐོན་ཏེ། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཅིག་པའི་འགྲན་གཙོའི་སྡེ་ཚན་དུ་ཚུད་པ་རེད། ཀྲུང་གོའི་ཚབ་མཚོན་གློག་བརྙན་«ང་ཡི་ཆང་གསོལ་རོགས»དང་འཁྲབ་ཁྲིད་པ་ལེའེ་ལིའི་«ཁྱོད་རང་རྙེད་པ»གཉིས་དང་། གཞན་རྒྱལ་ཁབ་བཅུ་གཅིག་གི་ཕུལ་བྱུང་འཁྲབ་ཁྲིད་པ་རྣམས་དང་མཉམ་དུ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསོལ་རས་གྲགས་ཅན་«རྐང་གསུམ་གསེར་གྱི་ཆོ་ལོ་»སོགས་གསོལ་རས་སྣ་ཚོགས་པའི་འགྲན་རྩོད་ལ་སྒུག་ཡོད་པ་རེད།

32.jpg

         ཟླ་ངོ་གསུམ་རིང་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་བརྒལ་ཏེ་འབེབས་སྐྲུན་བྱས་པའི་«ང་ཡི་ཆང་གསོལ་རོགས» ནི། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་རིང་གྲས་གསུམ་པ་སྟེ། བརྩམས་ཆོས་འདི་བརྒྱུད་དེ་གློག་བརྙན་གྱི་ལམ་ཁར་ཐོག་མར་ཞུགས་པའི་བོད་ཀྱི་གཞས་པ་གྲགས་ཅན་གཡུང་དྲུང་རྒྱལ་དང་ན་གཞོན་འཁྲབ་སྟོན་མ་ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ་གསུམ་གྱིས་གཙོ་འཁྲབ་བྱས་ཤིང་། རྒྱལ་ནང་གི་ཕབ་སྐྲུན་པ་གྲགས་ཅན་ལེའོ་ཞི་ཡིས་ཕབ་སྐྲུན་གྱི་འགན་ཁུར་པ་དང་། རྒྱལ་ནང་གི་བརྙན་ལེན་པ་གྲགས་ཅན་བང་བའེ་དཔའ་ཡིས་བརྙན་འབེབས་མཛུབ་སྟོན་པའི་འགན་ཁུར་ཏེ་འབེབས་སྐྲུན་བྱས་པ་ཞིག་ཡིན་པར་མ་ཟད། གཞན་ད་དུང་གློག་བརྙན་འདི་ནི་རྒྱལ་རོང་ཡུལ་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཆེས་ཐོག་མའང་ཡིན་པ་རེད། 

655.jpg

        གློག་བརྙན་«ང་ཡི་ཆང་གསོལ་རོགས»ཞེས་པའི་ནང་དུ། སྐྱེས་པ་ཞིག་གིས་ཁྱད་དུ་འཕགས་པའམ་ཡང་ན་ལྗིད་ཏིག་ཏིག་གི་འགྲུལ་བཞུད་རིང་མོའི་ཁྲོད། ན་བ་ལྕི་བའི་ཆུང་མའི་གསང་བར་གདོང་གཏད་པ་དང་ཁོ་བོའི་འཚོ་བའི་ཁྲོད་བྱིས་པ་ཆ་མེད་ཅིག་ཐོལ་གྱིས་ཐོན་པའི་སོམ་ཉིར་ཚུད་པའི་རྙོག་འཛིང་གི་སེམས་ཁམས། འགྲུལ་བཞུད་མཇུག་རྫོགས་མཐར་ཡང་བསྐྱར་སེམས་ཀྱི་ལམ་གསར་བ་ཞིག་མགོ་བརྩམས་ཚུལ་སོགས་བརྗོད་ཡོད། འཁྲབ་ཁྲིད་པ་ཁོང་གིས་ཧ་ཅང་ཞིབ་ཆ་ལྡན་པའི་ངང་དངོས་ཡོད་མཛེས་སྡུག་གི་མཐོང་སྣེ་བེད་སྤྱད་དེ་སྣ་མང་སྣེ་འཛིང་གི་བརྩེ་བའི་གཏམ་རྒྱུད་ཅིག་རྒྱུན་མ་ཆད་པར་བརྗོད་ཡོད་པར་མ་ཟད། བརྩེ་བ་ལ་ངེས་པར་ཡོད་འོས་པའི་རིན་ཐང་དང་མཐོ་ཚད་ལ་ཐུན་མོང་མ་ཡིན་པའི་གསལ་འགྲེལ་བྱས་ཡོད་པ་རེད།

7666.jpg

       འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ནི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྐུ་མགྲོན་རྙིང་བ་སྟེ། ཐེངས་འདིར་ཁོང་གི་བརྩམས་ཆོས་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པ་ནི་ཚུད་ཐེངས་གསུམ་པ་ཡིན་ལ། ༢༠༡༥ལོར་ཁོང་གི་གློག་བརྙན«གཙང་བོ»ཞེས་པ་བརྒྱུད་དེ་འཁྲབ་སྟོན་མ་ཆུང་ཆུང་ཞིག་གཟེངས་སུ་ཐོན་ཏེ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་མི་སྣ་གསར་བ་ཞེས་པའི་གཟེངས་རྟགས་ཐོབ་མྱོང་། དེ་བས་ཐེངས་འདིར་ཡང་ང་ཚོས་ཁོང་གི་བརྩམས་ཆོས་«ང་ཡི་ཆང་གསོལ་རོགས»ཞེས་པ་ལ་ཡང་བསྐྱར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་འཐོབ་རྒྱུར་རེ་བ་དང་སྨོན་འདུན་ཞུ། 

གློག་བརྙན་གྱི་བརྙན་པར་འགའ། ↓

1529155831117980.jpg

1529155832106774.jpg

1529155833309570.jpg

བཟོ་སྐྲུན་ཚོགས་པ་ས་གདན་དམར་པོར།

WechatIMG1153.jpeg


དཔྱད་མཆན་ཡོད།