འཁྲབ་ཁྲིད་པ་སྟག་ལྷ་རྒྱལ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ནས་གློག་བརྙན་སྐོར་གྱི་སློབ་སྟོན་གནང་བ།

1608451032950873.jpg

           སྤྱི་ལོ་༢༠༢༠ལོའི་ཟླ་༡༡ཚེས་༡༦དང་༡༧ཉིན་བོད་ཀྱི་དངོས་བྲིས་གློག་བརྙན་གྱི་འཁྲབ་ཁྲིད་པ་གྲགས་ཅན་སྟག་ལྷ་རྒྱལ་ལགས་ངེད་སློབ་གླིང་གི་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭར་གདན་ཞུས་བཞིན་ཁོང་གིས་ཚེས་བཅུ་དྲུག་གི་དགོང་མོར་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དང་གསུམ་པའི་སློབ་མ་རྣམས་ཀྱི་གློག་བརྙན«གཞོན་དུས་ཀྱི་ཁྱོད།» «གཞོན་ནུ་བློ་བཟང་།» «ཀརྨ་དང་གྱི་ལིང་དཀར་བོ།» «གླིང་རྗེ་གེ་སར་རྒྱལ་བོའི་འཆམ།» «འབྲོག་ཕྲུག» «དཀོན་མཆོག་དོན་འགྲུབ།» «ལྷན་འཛོམས»བཅས་བརྩམས་ཆོས་བདུན་ལ་བལྟས་ཤིང་། ཚེས་བཅུ་བདུན་ཉིན་སློབ་མའི་བརྩམས་ཆོས་རེ་རེར་དཔྱད་བརྗོད་དང་མཛུབ་སྟོན་གནང་། ཁོང་གིས་སློབ་མ་རྣམས་ཀྱི་བརྩམས་ཆོས་ལ་ཞན་ཆ་མང་བ་དང་། རིག་གནས་ཀྱི་ཕྱོགས་ནས་དོ་སྣང་བྱས་པ་མི་འདང་བ། བརྩམས་ཆོས་ལ་ནན་ཏན་བྱས་པ་ཅུང་མི་བཟང་བས་ཕྱིན་ཆད་དེའི་ཕྱོགས་ནས་ཤུགས་བརྒྱག་དགོས་པའི་རེ་བ་བཏོན། 

1608451421305697.jpg

  • གློག་བརྙན་གྱི་རིན་ཐང་དང་དེ་འབྲེལ་གྱི་མི་སྣའི་གཏམ་རྒྱུད། 

གཅིག

         ཚང་མ་བདེ་མོ། གློག་བརྙན་གྱི་ལས་རིགས་འདི་རང་ཉིད་ཀྱི་དགའ་ཕྱོགས་ལྟར་དུ་བདམས་པ་ཡིན་ནམ། ཡང་ན་ཁྱིམ་མའི་རེ་བ་བཞིན་བདམས་པ་ཡིན། རང་གི་དགའ་ཕྱོགས་ལྟར་བདམས་པ་ཡིན་ན་འདིའི་ཕྱོགས་ལ་བརྩོན་པ་བསྐྱེད་དགོས། གློག་བརྙན་ལས་རིགས་འདི་ལ་སྡུག་ཐེག་དགོས། གཅིག་བྱས་ན་འདི་ནི་ཤེས་བྱ་སྣ་མང་ཅན་ཞིག་ཡིན་པས་ཞིང་ལས་དང་ཕྱུགས་ལས། ཐ་ན་གྲོང་ཁྱེར་གྱི་འཚོ་བ་ཡང་ཤེས་དགོས། འཚོ་བ་དེ་དག་རགས་ཙམ་མ་ཤེས་ན་བརྙན་ལེན་ཐབས་མེད། གལ་སྲིད་བརྙན་བླངས་ནའང་འཐུས་ཚང་ཞིག་མི་ཡོང། བརྙན་འཕྲིན་ཁང་གི་ལས་ཀ་ནང་བཞིན་ཕྱོགས་ཡར་མར་ནས་ཕྲན་ཙམ་བླངས་ཏེ་བསྒྲིགས་ཤིང་། དེ་ནས་གསར་འགྱུར་གྱི་མགོ་བརྗོད་ཙམ་བྲིས་རྗེས་འཚགས་སོང་བ་ལྟ་བའི་ལས་ཀ་སླ་མོ་ཞིག་མིན། ངས་མི་ཚེ་གང་བོར་གསར་འགྱུར་གྱི་ལས་ཀ་བསྒྲུབས་པ་ཡིན། ང་ཚོས་གློག་བརྙན་ལས་བཞིན་འདུག གློག་བརྙན་ཡིན་ན་མི་སེམས་སྒུལ་བའི་གཏམ་རྒྱུད་བརྙན་རིས་ཀྱིས་ལམ་ནས་བརྗོད་དགོས། དེ་ལྟར་གཏམ་རྒྱུད་བརྗོད་དུས་གཏིང་མཐའ་དཔོག་དགོས། བརྙན་ཆས་འཁྱེར་ནས་ཡང་འཁོར་མར་འཁོར་འགའ་བྱས་པ་ཙམ་གྱིས་མི་ཆོག

         མདང་གི་དེ་དག་ཁྱེད་ཅག་གི་ལས་བྱ་ཡིན་ནའང་དེ་ལས་བྱ་ཚད་ལྡན་ཞིག་མ་རེད།རིང་ཚད་སྐར་མ་སུམ་ཅུ་ཅན་དེ་དག་སྐར་མ་བཅོ་ལྔ་རུ་བཏང་ཆོག སྐར་ཉི་ཤུ་ཅན་དེ་དག་སྐར་མ་བཅུ་རུ་བཏང་ན་ཅུང་འགྲིག་པར་འདོད། ཁྱེད་ཅག་གིས་བླངས་པའི་བརྙན་གྱི་སྤུས་ཚད་ལ་བལྟས་ན་ངས་ཁྱེད་ཅག་ལས་རིགས་འདི་ལ་དགའ་གྱིན་མི་འདུག་བསམ།གལ་སྲིད་སེམས་གཏིང་ནས་དགའ་ན་དེ་འདྲ་ཞིག་ཡིན་མི་སྲིད།

 གཉིས།

       ཨ་ཁུ་བྱ་རྫི་(འཇུ་བཀྲ་ཤིས་བཟང་བོ།)ཚང་མས་ཤེས་རྒྱུ་རེད། ཁོང་བྱ་བྱིའུ་རིགས་བདའ་རྒྱུར་དགའ་བ་དང་ཞིབ་འཇུག་བྱེད་རྒྱུར་དགའ་བོ་འདུག ཨ་ཁུ་བྱ་རྫིའི་གཏམ་རྒྱུད་ཀྱང་ཚང་མས་གོ་མྱོང་རྒྱུ་རེད། བརྙན་རིས་ཀྱི་ལམ་ནས་ཀྱང་རིག་མྱོང་རྒྱུ་རེད།དངོས་སུ་ཁྱེད་ཅག་གི་སློབ་གྲྭའི་ནང་ལའང་ཡོང་མྱོང་། ཨ་ཁུ་བྱ་རྫིས་རྒྱུན་དུ་བཤད་པ་ལྟར་རང་གི་ཁོར་ཡུག་རང་གིས་ཤེས་དགོས། རང་གི་ཁོར་ཡུག་ལ་རང་ཉིད་དགའ་དགོས། རང་གི་ཁོར་ཡུག་རང་གིས་སྐྱོང་དགོས་ཞེས་སྐད་ཆ་གསུམ་བཤད་ཡོད། ཁྱེད་ཅག་གི་ལས་རིགས་ཀྱང་དེ་དང་འདྲ་བ་རེད། ཐོག་མར་དེ་ལ་དགའ་བ། དེ་ནས་ལས་རིགས་དེ་ཤེས་དགོས། རྗེས་ནས་ལག་བསྟར་བྱེད་དགོས། བརྒྱུད་རིམ་འདི་གསུམ་ངེས་པར་དུ་བརྒྱུད་དགོས། དེ་ལྟར་བྱས་ན་ད་གཟོད་འཁྱོངས་ངེས། དེ་ལྟར་དཀའ་ལས་མ་བྱས་པར་འགྲོ་ཐབས་འདུག་ཐབས་བྱས་ན་གློག་བརྙན་ཞིག་འགྲུབ་ཐབས་མི་འདུག

              ཁྱོད་ངོ་མ་སེམས་གཏིང་ནས་གློག་བརྙན་ལས་རིགས་ལ་དགའ་འམ། གལ་ཏེ་མི་དགའ་ན་ལས་རིགས་འདི་མ་བསྒྲུབ། དུས་ཚོད་ཆུད་ཟོས་རང་ཡིན་པ་མ་ཟད་དཔལ་འབྱོར་གྱི་འགྲོ་གྲོན་ཆེ་བས་ཚང་མ་ཆུད་ཟོས་རང་རེད། གལ་སྲིད་གློག་བརྙན་ཚད་ལྡན་ཞིག་བླངས་པ་ཡིན་ན་དེ་ལ་དེ་ཙམ་གྱིས་དཔལ་འབྱོར་གྱི་ཡོང་འབབ་ཡོད་སྲིད། ཚད་ལྡན་མིན་ན་དོན་དག་ཆེར་མི་འདུག དེའི་རྐྱེན་གྱིས་རང་ཉིད་ལ་གསལ་འདེབས་བྱོས།རང་ཉིད་ཀྱིས་ལས་རིགས་འདི་མི་ཚེ་གཅིག་གི་ལས་ཀ་ཞིག་ལ་བརྩི་རྒྱུ་ཡིན་ནམ། གལ་སྲིད་གཞུང་ལུགས་དང་ལག་ལེན་གྱི་ཕྱོགས་སོགས་གང་ཅིའི་ཐད་ནས་སྦྱོང་རྒྱུ་ཟེར་ན་རང་སེམས་ནས་དམ་བཅའ་ཞོག དོན་འཁྱོལ་བར་བྱོས། གློག་བརྙན་ལས་རིགས་འདི་ལ་སྡུག་ཁྱད་པར་བ་ཞིག་ཐེག་དགོས་པས་གློག་བརྙན་མང་བོར་ལྟོས། ཟིན་བྲིས་ཐོབས། གཞན་གྱི་གློག་བརྙན་ཁྲོད་ནས་བླང་བྱ་གང་ཞིག་ཡོད་ན་དེ་ལ་ལད་མོ་བྱས་ཀྱང་ཆོག

1608451537918255.jpg

  • མི་རིགས་གློག་བརྙན་ལས་རང་མི་རིགས་ཀྱི་གློག་བརྙན་གྱི་ཁྱད་ཆོས་གླེང་བ།

གཅིག

              ང་སྔོན་མ་ནས་ཁྱེད་ཅག་གི་སློབ་གྲྭའི་ནང་ལ་ཡོང་བསམ་ཡོད། ཁོམ་སྐབས་དང་རྒྱུ་རྐྱེན་གང་མང་ཞིག་གིས་ད་བར་དུ་ཡོང་མ་ཐུབ་ཐལ། ཁྱེད་ཚོ་སློབ་གྲྭས་གློག་བརྙན་འཕྲིན་འཛིན་གྲྭ་ཞིག་བསྒྲུབས་པ་འདི་ལ་ང་རང་དགའ་བོ་བྱུང་ཡོད། ཕྱིས་སུ་རང་ཉིད་ཀྱི་ཤེས་ཚོད་ཐུབ་ཚོད་ཀྱིས་ཁྱེད་ཅག་ལ་བསམ་བློ་བརྗེ་རེས་བྱས་ཆོག

 གཉིས།

             གློག་བརྙན་གྱི་བརྗོད་བྱའི་སྟེང་ནས་རང་མི་རིགས་དང་གཞན་མི་རིགས་གཉིས་ཀྱི་ཁྱད་པར་དང་འགལ་བ་དེ་ཁ་གསལ་བོ་རེད། ང་ད་སྔ་ཡན་ཆད་དུ་དངོས་བྲིས་གློག་བརྙན་གྱི་འགྲེམ་སྟོན་ལ་ཐེངས་མང་བོར་སོང་མྱོང་། ལྷག་པར་མི་རིགས་གློག་བརྙན་གྱི་འགྲེམ་སྟོན་ལྟ་བུ། དཔེར་ན་ཀང་ཞི་མི་རིགས་གློག་བརྙན་འགྲེམ་སྟོན་(广西民族志影展)དེ་ལོ་གཉིས་ཀྱི་ནང་ཐེངས་གཅིག་ལ་སྤེལ་གྱིན་ཡོད། ཐེངས་ཤིག་ལ་དགེ་རྒན་འཇིགས་མེད་རྒྱལ་མཚན་དང་ཨ་ཁུ་བྱ་རྫི་ངེད་གསུམ་གློག་བརྙན་འགྲེམ་སྟོན་དེར་སོང་བ་ཡིན། དེའི་སྟེང་ལ་ཁྱེད་ཚོ་སློབ་གྲྭའི་གློག་བརྙན་བརྩམས་ཆོས་གཉིས་སོང་འདུག དེ་ངོ་མ་བཟང་གི དེར་སོང་ན་མི་རིགས་སོ་སོའི་གློག་བརྙན་ཡོད་ལ། ལོ་དེར་མ་ལེ་ཞི་ཡ་(马来西亚)དང་ཞང་ཀང་གི་གློག་བརྙན་རེ་འགའ་ཡང་འདུག དེ་དག་ཚང་མས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་འཁྱེར་ཡོང་འདུག  དེ་དག་ལས་ཁྱད་དུ་འཕགས་པ་དེ་རང་མི་རིགས་ཀྱི་གློག་བརྙན་རེད་བསམ། དམངས་སྲོལ་གྱི་ཁྱད་ཆོས་ཆེན་པོ་འདུག གཞན་གྱི་གློག་བརྙན་ཁྲོད་དུ་སྲོག་གཅོད་པ། འཁྲིག་སྤྱོད་བྱེད་པ་སོགས་མང་བོ་འདུག དེ་ལ་ནང་བ་སངས་རྒྱས་པ་ཞིག་གིས་བལྟས་ན་ལྟ་མི་བཟོད་པ་ཞིག་རེད། འུ་ཚོས་ནམ་རྒྱུན་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་སོགས་ནས་ཁ་བརྡ་བྱེད་པ་དང་སློབ་གསོ་གཏོང་བ་དེ་གློག་བརྙན་ཁྲོད་དུ་མང་བས་གཞན་ལས་ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས་ཤིག་རེད། མི་རིགས་གློག་བརྙན་ནི་དམངས་སྲོལ་རིག་གནས་དང་འབྲེལ་བ་ཡོད་པས་ཁྱེད་ཚོའང་བརྙན་ལེན་ཕྱོགས་ཀྱི་ལག་རྩལ་དང་ཉམས་མྱོང་སོགས་གང་འཚམས་ཤིག་ལ་ཐོན་ན་རང་གི་ཕ་ཡུལ་ནས་འབྲོག་ལས་དང་ཞིང་ལས་སོགས་བརྙན་བླངས་ན་དེ་དག་ཡོད་ཚད་གཏམ་རྒྱུད་རེད། ཕྱི་ཕྱོགས་ལ་ངོམ་ཆོག་ཆོག་གི་གཏམ་རྒྱུད་རེད། ཐ་ན་ལོ་རྒྱུས་དང་དམངས་སྲོལ། ཤུལ་བཞག་རིག་གནས། སྐྱེ་ཁམས་ཁོར་ཡུག རི་སྐྱེས་སྲོག་ཆགས། རི་ཆུའི་རིག་གནས་སོགས་ཚང་མ་ཁྱེད་ཅག་གི་བརྙན་མིག་ལས་ངོམ་ཆོག་པ་དང་བརྗོད་ཆོག་པའི་གཏམ་རྒྱུད་རེད།

         གཏམ་རྒྱུད་བཤད་སྐབས་རྟོག་བཟོ་མེད་པར་དོན་དག་ཇི་བཞིན་པ་དེ་བཤད་དགོས། དངོས་ཡོད་འཚོ་བ་དང་མཐུན་པའི་ངང་གཏམ་རྒྱུད་བཤད་དགོས། དེ་དག་ཁྱེད་ཅག་གི་ཡིད་ལ་ཟུངས།


         སྟག་ལྷ་རྒྱལ། མཐོ་རིམ་གསར་འགོད་པའི་ཐོབ་གནས། དངོས་ཟིན་གློག་བརྙན་འཁྲབ་ཁྲིད་པ་དང་སྐད་གཉིས་རྩོམ་པ་པོ་ཡིན། རྒྱ་ཡིག་གི་སྒེར་དེབ«བརྙན་ལམ་ནང་གི་ཁ་བའི་ལྗོངས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། དངོས་ཟིན་གློག་བརྙན«ཞུ་ལ་ཉེ་བའི་གངས་རི» དང་། «ཁ་འབར་མའི་ཉིན་མོ།» «དབྱར་རྩྭ་དགུན་འབུ།» «གངས་རིའི་གཅེས་ལོ།» «གངས་སྐོར» སོགས་ཡོད། ༢༠༡༣ལོར་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་གྱི་གཞུང་ལུགས་མི་སྣའི་གཟེངས་རྟགས་ཐོབ། ད་ལྟ་མགོ་ལོག་བརྙན་འཕྲིན་ཁང་ན་བྱ་བ་གཉེར་བཞིན་ཡོད།

དཔྱད་མཆན་ཡོད།