གློག་བརྙན«གཅིག་དང་བཞི»ཡང་ན་སྣང་ཡུལ་དུ་གྱུར་བའི་འཇིག་རྟེན་གཉིས།

48d01154-f4a4-48bc-8a92-99ea03196f3d.jpg

སྔོན་གླེང་།

       འཁྲབ་ཁྲིད་པ་ཆེན་མོ་ཧོའུ་ཞོ་ཞེན(侯孝贤)ལགས་ཀྱིས་གློག་བརྙན་ཁྲོད་ཀྱི་བརྙན་མིག་གཅིག་གི་མཚོན་སྟོབས་དེ་ཡང་སྣུམ་གྱིས་བྲན་པའི་ཐག་པ་ཞིག་སྟེ། དེར་མི་སྒེར་གྱི་མྱོང་བརྒྱུད་ཟབ་མོ་དང་ཚེ་སྲོག་གིས་ཕྱུག་པ། སོ་སོའི་ཡིད་ཀྱི་གཏིང་རིམ་ན་ཉར་བའི་འཚོ་བ་ཡི་མངར་སྐྱུར་ཁ་གསུམ་ནས་ཡོངས་སུ་འཐིམས་ཡོད་པ་ཞིག་ལ་ཟེར། ཉེ་སྔོན་ཏག་ཏག་ལ་ཁོ་རང་ལོ་ཚོད་དང་ནད་ཀྱིས་དབང་གིས་གློག་བརྙན་ལས་རིགས་ནས་འབུད་པའི་གསར་འགྱུར་སྒྲོག་པ་དང་། དེར་ཁོང་གི་བརྙན་ཞེན་པ་མང་པོས་ཡིད་གདུང་ཆེན་པོས་མཛད་རྗེས་ལ་ཕྱིར་ལྟ་དང་ད་ལྟའི་དུས་བབས་ཀྱི་གློག་བརྙན་ལ་དོགས་འདྲི་གཏོང་མུས་སུ་ཡོད། དེ་ཡང་ཡིན་སྲིད་དེ། ཁོང་ཉིད་ཡ་གླིང་ནས་འཛམ་གླིང་ལ་སྐྱོད་པའི་འཁྲབ་ཁྲིད་པ་དང་པོའི་གྲས་སུ་ཚུད་ཡོད་ལ། བཤད་སྲོལ་ཞིག་ལ། གློག་བརྙན་དར་ནས་ལོ་ངོ་བརྒྱ་ལྷག་འགོར་བའི་དུས་སུ་མང་ཤོས་ཀྱི་གློག་བརྙན་ལ་བལྟས་ནས་གློག་བརྙན་ཕབ་བཞིན་པའི་དུས། ཁོང་གིས་རང་གི་རིག་གནས་ཀྱི་གཞི་རྐང་ལས་མཚོན་པའི་ཤར་ཕྱོགས་ཤེས་རིག་གི་མཚོན་ཐབས་གསར་བ་ཞིག་རྒྱལ་སྤྱིའི་གློག་བརྙན་ལས་རིགས་སུ་བསྟན་པ་དང་། ཚང་མས་དེར་ཁས་ལེན་དང་གདེང་འཇོག་ཚད་མེད་ཐོབ་པ་མ་ཟད། ཁོ་རང་ཉིད་ཀྱིས་མཚོན་པའི་གློག་བརྙན་གྱི་ཁྱད་གཤིས་དེ་ད་ལྟ་ཡ་གླིང་མ་ཟད་འཛམ་གླིང་གློག་བརྙན་གྱི་གྲུབ་མཐའ་ཞིག་ཏུ་གྱུར་ཡོད། རྒྱང་བརྙན། གཏན་འཇགས་ཀྱི་བརྙན་མིག བརྙན་མིག་རིང་བ། རྩོམ་རིག་རང་བཞིན་སོགས་ཀྱིས་མཚོན།

       གློག་བརྙན་ནི་གསར་དར་རིག་གནས་ཤིག་དང་སྣ་འདུས་སྒྱུ་རྩལ་གྱི་ཕུང་བོ་ཞིག་ཡིན་པའི་ངོས་ཐད་ནས་དེ་ལ་གུ་ཡངས་རང་བཞིན་དང་གསར་གཏོད་ཀྱི་ཆ། སྔོན་དཔག་གི་རིག་པ་མངོན་གསལ་གྱིས་ཡངས་པས་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན་ཡང་ཐོད་བརྒལ་དང་མཆོངས་བསྐྱོད་རང་བཞིན་གྱི་འདུ་ཤེས་བརྟན་དགོས། ད་ལྟ་ཀྲུང་གོའི་གློག་བརྙན་གྱི་ཚོང་རའི་ཐད་ནས་བལྟས་ན་རིགས་ཅན་གློག་བརྙན་གྱིས་བཟུང་ཤོས་ཆེ་བ་དེའི་ལྟ་མཁན་བྱིངས་ཀྱི་འདོད་མོས་སྐོང་ཐུབ་ཀྱང་། གློག་བརྙན་རང་ངོས་ཀྱི་རིན་ཐང་གི་ཐད་ནས་ད་རུང་ཡིད་མི་ཚིམ་པ་དང་བློ་མ་མགུ་བའི་ཚོད་ན་འདུག ཉེ་སྔོན་འཁྲབ་ཁྲིད་པ་ནཱོ་ལཱན(克里斯托弗诺兰)ནས་ཀྲུང་གོའི་ན་གཞོན་གློག་བརྙན་པ་ཚོར་གློག་བརྙན་གསར་རྩོམ་གྱི་ཐད་ནས་གདམ་པའི་བསླབ་བྱ་ནི་གློག་བརྙན་གྱི་དམིགས་བྱ་ནི་ལྟད་མོ་བའི་འདོད་མོས་ཀྱི་ཁ་ཕྱོགས་དང་བསྟུན་ཅི་ཐབས་བྱ་རྒྱུ་ནི་མིན་པར། རང་གི་ཐུན་མིན་གྱི་ལྟ་གྲུབ་ལས་བྱུང་བའི་རྣམ་གཞག་ལ་བརྟེན་ནས་མི་སྣ་གང་དེའི་འཚོ་བ་བཞེངས་བསྐྲུན་དང་གཏམ་རྒྱུད་འཆད་པའི་བརྒྱུད་རིམ་ནས་ལྟད་མོ་བ་ཚུར་འགུག་དགོས་པའི་གོ་རིམ་ཞིག་ཡིན་དགོས་ཟེར། ཏག་ཏག་དུས་སྐབས་འདིར་ཀྲུང་གོའི་གློག་བརྙན་གར་སྟེགས་སྟེང་ན་དགུ་ཐིག་ལོའི་རྗེས་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཕུལ་དུ་བྱུང་བ་གཉིས་ཡོད་པ་ནི་ཕལ་ཆེར་འཇིགས་མེད་འཕྲིན་ལས་དང་བེ་ཧྲོའུ་ཅུན(魏书均)གཉིས་ཡིན་ཚོད་རེད། ཁོ་གཉིས་ནས་རང་རང་གི་བརྩམས་ཆོས་ཡང་སྐབས་འདིར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ན་སྟོན་བཞིན་པའི་སྒང་རེད། གློག་བརྙན་གྱི་རིགས་གཉིས་ཀ་ཉེས་གསོག་དང་དོགས་སློང་ཅན་གྱི་རིགས་སུ་འགྲོ། བྱེ་བྲག་ཏུ་ཕྱེ་བའི་ངོ་བོ་དང་མཚོན་ཐབས་ཀྱི་ཆ་ནས་མི་འདྲ་ས་མང་པོ་འདུག སྔ་མའི་བརྩམས་ཆོས་ལ་མངོན་གསལ་གྱི་རིགས་ཅན་གློག་བརྙན་གྱི་ཁྱད་ཆོས་ལྡན་ལ། གཞུག་མ་བོར་བརྗོད་ཐབས་ཀྱི་ཆ་ནས་རིགས་ཅན་གློག་བརྙན་ཡིན་ཡང་ངོ་བོ་སྒྱུ་རྩལ་གློག་བརྙན་གྱི་ཁོངས་སུ་གཏོགས།

         དེ་ཡང་རིགས་ཅན་གློག་བརྙན་དང་སྒྱུ་རྩལ་གློག་བརྙན་གྱི་ཁྱད་པར་བྱེ་བྲག་ཏུ་བགར་ན་དབྱེ་བ་མང་དུ་ཕྱེ། གློག་བརྙན་འདི་གཉི་གའི་ངོས་ཐད་ནས་གཙོ་བོ་གསུམ་དུ་བགར་ན། གཏམ་རྒྱུད་གྲུབ་སྟངས་གྱི་ཆ་ནས་འཕྲེད་ཀྱི་བསྲིང་ཚད་དང་གཞུང་གི་ཟབ་ཚད། མི་སྣ་མཚོན་ཐབས་ཀྱི་སྟེང་ནས་མི་སྣ་གང་རུང་དེ་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྦྲེལ་མཐུད་དམ་ཟབ་ཡོད་མེད་ཀྱི་ཆ། རིགས་ཅན་གློག་བརྙན་མང་ཆེ་བར་མི་སྣ་ནི་ཆིག་ཐུབ་གྱི་གནས་ཡོད་པ་ལྟར་སྣང་ལ། གཏམ་རྒྱུད་འཆད་བྱའི་ལག་ཆ་ཁོ་ནར་གྱུར་ཡོད། སྒྱུ་རྩལ་གློག་བརྙན་ལ་རྩོམ་པ་པོ་རང་གི་འདུ་ཤེས་ཀྱིས་ཕྱུག་པ། གློག་བརྙན་བཟོ་སྐྲུན་པའི་ངོས་ཐད་ནས་རིགས་ཅན་གློག་བརྙན་ནི་ལྟད་མོ་བར་གཞོལ་ཆེ་བ། སྒྱུ་རྩལ་གློག་བརྙན་ནི་ཚོང་ལ་དེ་འདྲའི་བྲིན་པོ་མེད་ཀྱང་གློག་བརྙན་རང་སྟེང་ན་གོ་གནས་ཁྱད་པར་ལྡན། དེ་ཡང་གཉི་གའི་རིན་ཐང་ཐག་གཅོད་པར་ཕྱོགས་གཞན་ཞིག་ནས་ལྟད་མོ་བའི་རང་གི་བློས་གཏན་ལ་ཕབ་ནས་དགོས་མཁོ་ལྟར་གདམ་པ་ཞིག་རེད།  དཔེར་ན། གང་ཞིག་རང་གི་དགོས་མཁོ་དང་མཐུན་ན་དེ་ལ་རིན་ཐང་ལྡན་པ་དེ་དང་ནང་བཞིན་རེད།

640 (1).jpg

       དངོས་སུ་གླེང་བར་བྱ་བ་ནི། འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན་གསར་བ<<གཅིག་དང་བཞི>>ཞེས་པ་འདི་ཡིན། ཐོག་མར་འཁྲབ་ཁྲིད་པས་ནང་བསྟན་མཚན་ཉིད་རིག་པའི་ལྟ་བ་ཞིག་སྟོན་བྱེད་ལ“གཅིག”དང་“བཞི”ཞེས་མི་མཐུན་པའི་འཇིག་རྟེན་གཉིས་ཀྱིས་གློག་བརྙན་གྲུབ་པར་བྱེད་ལ། “གཅིག”ནི་གཟུགས་འདས་རིག་པའི་ངོས་ནས་ང་ཚོའི་མངོན་སུམ་དུ་མི་སྣང་བའི་ཤྭ་ཡི་མཐོང་སྣེ་གཙོར་འཛིན་པ། ཤྭ་ཐོག་དང་པོར་ནགས་སྲུང་བ་སངས་རྒྱས་(སྦྱིན་པས་འཁྲབ།)ཡང་ན་གློག་བརྙན་ཁྲོད་ཀྱི་མི་སྣ་གང་རུང་ཞིག་གི་འཁྲུལ་རྟོག་ལས་དངོས་བརྒལ་གྱིས་མངོན་འོང་། མངོན་སྟངས་དེ་ནི་ཕལ་བ་ལས་འདས་པའི་མངོན་མཁྱེན་ནང་བཞིན་ནགས་གསེབ་ནས་ཏབ་ཅིག་ལ་འོང་བ་ནི་བྱ་མང་བྱུར་གྱི་སྣ་འདྲེན་ཁ་མང་དགྲ་བོའི་གཡབ་ཤིང་ལྟར། གངས་འཚུབ་དང་བསྟུན་ནས་ནགས་སྲུང་བ་སངས་རྒྱས་ལ་ཐོག་མའི་གཉེན་འཐོར་གྱི་ཡི་གེ་དང་། རི་དྭགས་རྔོན་མཁན་གྱིས་དེད་པའི་གོད་ཆག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་། ཤྭ་ཐེངས་མ་གཉིས་པ། མི་བཞི་བོས་དོན་དམ་པའི་རི་དྭགས་རྔོན་པ་སུ་ཡིན་གྱི་དབྱེ་བ་མ་ཁོལ་བར་ཕན་ཚུན་རྩོད་གླེང་གི་བར་གླགས་ནས་ཤྭ་སྒེའུ་ཁུང་བརྒྱུད་ནས་ཁོང་ཚོར་ཚུར་རྒོལ་གྱི་ཚུལ་དུ་མངོན་འོང་། མཇུག་མཐར་ནགས་སྲུང་བ་སངས་རྒྱས་ཀྱི་ཁྱིམ་དུ་ཁོ་ཚོ་བཞི་བོ་ཐེ་ཚོམ་དང་སོམ་ཉིའི་དྲ་བར་ཟུག་པ་དང་། མཇུག་མཐར་གྲགས་པའི་བོའུ་སྐད་གསུམ་དང་ཡོད་ཚད་སྔར་ལྟར་ལྷིང་འཇགས་སུ་སོང་། དེར་མཐུད་དེ་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འོད་ཀྱིས་ཕྱེ་ནས་འོང་དུས་མཐའ་མཇུག་གི་ཤྭ་མངོན་འོང་། “བཞི”ནི་ང་ཚོའི་མཐོང་སྣང་གི་དངོས་ཡོད་ཀྱི་འཇིག་རྟེན། གནས་ལུགས་དང་དྲང་བདེན་རྩོད་པའི་བརྒྱུད་རིམ་ནས་ཁོ་ཚོའི་མི་གཤིས་ཀྱི་འོད་དང་གྲིབ་མ་སྐྱ་འཐབ་ནས་ཡོད་པས་མ་གཞི་ནས་མཐར་ཐུག་གི་བདེན་པ་ནི་ཕལ་བའི་འཇིག་རྟེན་ན་རྨོངས་ནས་ཡོད་པ་ཞིག་གི་སྣང་བ་དེའོ།།

640 (2).jpg

        གློག་བརྙན་སྤྱིའི་གཏམ་རྒྱུད་ཀྱི་ཟིན་ཚད་ལས་བརྒྱ་ཆའི་བརྒྱ་བཅུ་ནགས་སྲུང་བའི་ཁང་ཁྱིམ་ནང་ཡིན་པས། འཁྲབ་ཁྲིད་པས་ཆིག་རྐྱང་གི་བར་སྟོང་ནས་འཁྲབ་ཡུལ་བཀོད་གཏོང་གི་ཐབས་རྩལ་དེ་ཆེད་ལས་རང་བཞིན་ཅན་དང་། གསོན་ཉམས་ལྡན་པའི་སྒོ་ནས་མི་སྣ་སོ་སོའི་བར་གྱི་དོགས་གཞི་དང་འགལ་ཟླ་ཡུན་རིང་བར་བསྲིངས་ཡོད། འཁྲབ་ཡུལ་བཀོད་གཏོང་། ལ་ལར་ཡུལ་དངོས་སྙོམས་སྒྲིག་ཀྱང་ཟེར། མིང་ཚིག་འདི་ནི་ཧྥ་རན་སི་ནས་འགྱུར་བྱུང་བ་ཞིག་ཡིན་ལ། གཙོ་བོ་གར་སྟེགས་སྟེང་གི་འཁྲབ་སྟོན་པའི་འགྲོ་གནས་ཚོད་འཛིན་དང་གནས་སར་བཀོད་གཏོང་བྱེད་པའི་ལག་ཐབས་ཤིག་ཡིན། འཁྲབ་ཡུལ་བཀོད་གཏོང་གི་ལག་ཐབས་འདི་གློག་བརྙན་སྒྱུ་རྩལ་གསར་རྩོམ་ཁྲོད་དུ་སྤྱད་པ་ནི་གར་སྟེགས་སྟེང་གི་སྤྱོད་སྒོ་དང་མི་འདྲ་བར། འཁྲབ་སྟོན་པ་རྐྱང་བ་ཙམ་གྱི་འགུལ་སྐྱོད་ལ་འགྱུར་བ་གཏོང་བ་ཙམ་ནི་མ་ཡིན་པར། བརྙན་ལེན་འཕྲུལ་ཆས་ཀྱི་བཀོད་གཏོང་། དེར་བརྙན་མིག་གི་བཀོད་གཏོང་ཡང་ཟེར། གཙོ་བོ་འཁྲབ་ཁྲིད་པས་བརྙན་ལེན་འཕྲུལ་ཆས་བརྒྱུད་དེ་དེའི་ནང་ཟིན་པའི་བྱ་དངོས་ཡོད་ཚད་དང་སྒྲིག་རིས། འཁྲབ་ལྗོངས། འཁྲབ་ཆས། འཁྲབ་སྟོན་པ། འཁྲབ་ལྭ་དང་འོད་ཀྱི་ཟིན་ཚད་སོགས་དངོས་ཡོད་མིག་མདུན་དུ་སྣང་བའི་ཕྱོགས་གསུམ་རང་བཞིན་གྱི་བར་སྟོང་ནས་བརྙན་ཡོལ་ངོས་ཀྱི་ཕྱོགས་གཉིས་རང་བཞིན་ཅན་གྱི་བར་སྟོང་དུ་ཕབ་པའི་བརྒྱུད་རིམ་སོགས་འདུ།

        བྱེ་བྲག་གི་གློག་བརྙན་ནང་དུ་འཁྲབ་ཡུལ་བཀོད་གཏོང་གི་ཐད་ནས། འཁྲབ་ཁྲིད་པས་ནགས་སྲུང་བ་སངས་རྒྱས་ཀྱི་ཆིག་རྐྱང་གི་ཁང་ཁྱིམ་གྱི་བར་སྟོང་དེ་ཉིད་མིག་གི་མཐོང་ལམ་དུ་གསལ་བར་བསྟན་ནས་མངོན་མིན་ལྐོག་གྱུར་གྱི་མི་གཤིས་གསང་དུ་སྦས་ནས་ཡོད།  མཚོན་ཐབས་འདི་ཁཱོན་ཐེན་ཋ་ར་ཋྲིས་ནཱོ་ཡི་གློག་བརྙན«八恶人»དང་མི་འདྲ་ས་ནི་སྔར་བཞིན་འཁྲབ་ཡུལ་བཀོད་གཏོང་གི་སྟེང་ནས་མངོན་པར་འཕགས་འདུག་སྙམ། གློག་བརྙན་དེའི་ནང་དུ་འཁྲབ་ཡུལ་གྱི་ཁང་བ་དེ་ཧ་ཅང་གི་ལྐོག་གྱུར་ཞིག་ཡིན་ལ། ཁང་བའི་ཟ་དང་ཟུར་ཡང་ན་འོག་གང་རུང་ནས་ཡིབ་པའི་མི་སྣ་དག་དོན་གྱི་བྱུང་བ་དང་བསྟུན་ནས་རེ་རེ་སྒོར་མངོན་འོང་བ་ཞིག་ཡིན། གློག་བརྙན«གཅིག་དང་བཞི»ལ་མཚོན་ན། གློག་བརྙན་ནང་གི་མི་སྣ་བཞི་བོ་ང་ཚོའི་མིག་གི་མཐོང་ལམ་དུ་བཀྲམས་ཡོད་དེ། གཙོ་བོ་བརྙན་ལེན་ཆས་ཀྱི་འགུལ་སྐྱོད་དང་བརྙན་ལེན་པའི་ལག་ཐབས་ལས་མི་སྣ་མི་འདྲ་བ་རེ་རེ་བཞེངས་བསྐྲུན་བྱས་ཡོད། བརྙན་ལེན་འཕྲུལ་ཆས་མི་སྣ་དང་ཅིག་ཅར་གྱིས་འདེད་པ་དང་། རིམ་ཅར་གྱིས་མི་སྣ་ཀ་བའི་སྟེང་ནས་ཁ་བར་གཡོ་བ་སོགས་རེ་རེ་ནས་མཚོན་པ་ནི་མི་སྣ་ཕན་ཚུན་གྱི་གཏིང་རིམ་ལ་ཚ་འདྲི་གཏོང་བ། གཅིག་གིས་གཅིག་གཡོ་འཚོང་བྱེད་པ་སོགས་མངོན་པར་བླ་ལྷག་གིས་ནུས་པ་ཐོན་ཡོད། དེ་ལྟར་ཆིག་རྐྱང་གི་བར་སྟོང་ནས་གཏམ་རྒྱུད་འཆད་པ་ལ་འཁྲབ་ཁྲིད་པའི་ནུས་པ་གཙོ་ཆེ་ཤོས་འདོན་དགོས་ལ། བར་སྟོང་གི་བཀག་རྒྱ་མེད་པར་མི་སྣ་ཆིག་རྐྱང་གི་གཏམ་རྒྱུད་ཀྱི་རྒྱུན་སྐྱོང་བར་འཁྲབ་གཞུང་རྩོམ་པ་པོའི་གསར་རྩོམ་གྱི་ནུས་པས་ཐག་བཅད་པ་ཞིག གློག་བརྙན«གཅིག་དང་བཞི»ལ་འཁྲབ་ཁྲིད་པའི་ནུས་པ་འདོན་པ་གཙོར་ཆེ་ལ་འཁྲབ་ཡུལ་བཀོད་གཏོང་གི་རིག་ལམ་ཧ་ཅང་ཞིབ་པ་འདི་ཡང་མངོན་པར་གསལ། གོང་གི་དེ་གཉིས་ཀའི་ཁྱད་ཆོས་འཛོམས་ཡོད་པ་ཞིག་ནི་སི་ཕན་གྱི་གློག་བརྙན«活埋»ལྟ་བུར། གློག་བརྙན་ནང་གི་མི་སྣ་པཱོ་ལཱོ་ཟེར་བ་དེ་དབྱི་སི་རལ་གྱི་དྲག་ཆས་དམག་གིས་བྱེ་ཐང་ནས་གསོན་པོར་དུར་སྦས་བྱས་པ་དང་། པཱོ་ལཱོ་ཁོ་རང་དུར་སྒམ་ནས་དྲན་པ་སད་དུས་ཉེ་འགྲམ་ཏུ་ཡོད་པ་ནི་གློག་ཟད་ལ་ཉེ་བའི་ཁ་པར་གཅིག་དང་། མེ་ཆ། སྨྱུ་གུ གློག་ཞུན་གཅིག་བཅས་ཡིན། ཁོས་དེ་ཚོར་བསྟེན་ནས་ཇི་ལྟར་ཕྱི་རོལ་ཡུལ་གྱི་མི་དང་འབྲེལ་བ་བྱུང་བ་དང་། དུར་སྒམ་ནས་ཇི་ལྟར་ཐར་བའི་གཏམ་རྒྱུད་བཤད་ཡོད། གློག་བརྙན་འདི་ལྟ་བུ་ནི་མི་སྣ་ཆིག་རྐྱང་བ་དང་བར་སྟོང་ཆིག་རྐྱང་གིས་གྲུབ་པ་ཞིག་རེད།

640 (3).jpg

        གློག་བརྙན«གཅིག་དང་བཞིའི»བྱུང་རིམ་གྱི་ཐད་ནས«ལོ་ཧྲིན་མེན»ལྟར་སྣང་ལ། མི་རེ་རེས་ཁྲིམས་རྩོད་པའི་མདུན་ནས་རང་ཉིད་དཀར་འདོན་དང་གཞན་པར་བསྙོན་འཛུགས་ཀྱིས་དོགས་གནད་སེལ་བའི་རྒྱུན་རིང་བར་བསྲིངས་པས། འདི་ལྟ་བུའི་དོན་བརྗོད་བྱེད་ཐབས་ལས་ལྟ་མཁན་ལ་ཡང་ཤེས་འདོད་དང་ཚོད་བགམ་གྱི་བསམ་གཞིག་གི་བར་སྟོང་བསྐྲུན་ཐུབ་ལ། དེའི་ཞར་ལ་འདི་ལྟ་བུའི་བྱུང་རིམ་ནས་མི་གཤིས་ཀྱང་ལུ་གུ་རྒྱུད་བཞིན་ཤར་མར་བསྟན་པ་དང་གཉུག་གཤིས་གྱི་མི་སྡུག་པའི་ཆ་མང་པོ་ཞིག་ཕྱིར་སློག་ཡོང་བས་མི་གཅིག་གི་སྟེང་ནས་རྙོག་འཛིང་གི་གཤིས་ཀ་དུ་མ་མཐོང་ཐུབ། དཔེར་ན། ད་ལོའི་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ནས་བྱ་དགའ་རེག་པའི་གློག་བརྙན«坠落死亡的剖»ལྟ་བུར། བཟའ་ཚོ་གཉིས་ཀྱི་འཚོ་བའི་ཁྲོད་ནས་གསང་དུ་ཡིབ་པའི་འདས་དོན་མང་པོ་ཞིག་ཁྱོ་ཀའི་ཤི་རྐྱེན་དང་འགྲོགས་ནས་ཁྲིམས་ཁང་གི་མི་ཚོགས་ཀྱི་མདུན་ནས་བསྟུད་མར་ལྷང་ལ་དམར་རྗེན་དུ་ཕུད་པ་ལྟ་བུ། གཙོ་བོ་མི་གཤིས་ཀྱི་མངོན་ལྐོག་གི་ཆ་གསལ་རྗེན་དུ་ཕུད་ཡོད། གློག་བརྙན«གཅིག་དང་བཞི»ཡང་ཆེས་མཐའ་མཇུག་ནགས་སྲུང་བ་སངས་རྒྱས་ཀྱི་སྔུན་ནས་ཀུན་བྷོ(ཀུན་བདེ་ནས་འཁྲབ)དང་ཉེན་རྟོག་པ་གཟུགས་རིང་(བང་ཀྲིན་གྱིས་འཁྲབ)་གཉིས་སྔོན་དང་མི་འདྲ་བར་ཆེས་གཞུག་གི་ཉེན་རྟོག་པའི་(དར་རྒྱས་བསྟན་འཛིན་གྱིས་འཁྲབ)མདུན་ནས་མངོན་གསལ་གྱིས་ཀུན་བྷོའི་གཤིས་ཀ་ལ་འཁྱོག་འགྱུར་བྱུང་བ་དང་། མདོར་ན་ཁོ་ཚོས་རང་ཉིད་འགེབས་སྲུང་གི་དོན་དུ་ཕན་ཚུན་གྱི་ནག་ཉེས་རྒྱུ་མ་ཕུ་འདེད་ཀྱིས་འོང་བ་དང་མཐར་ནགས་སྲུང་བ་སངས་རྒྱས་ཡང་བདེན་ལུགས་ཀྱི་མདུན་ནས་རྨོངས་ཡོད་པ་འདི་ལྟ་བུའོ།། ཐད་ཀར་ལྟ་མཁན་པ་ཚོར་ཡང་མི་ཉིད་ཇི་ལྟར་རྙོག་འཛིང་ཡིན་པ་དང་བདེན་དཔང་ཟེར་བ་མེད་པའི་སྔུན་ནས་བདེན་ལུགས་ནི་རྨོངས་པའི་སོམ་ཉི་རུ་ཚུད་འདུག་པའི་ཚོར་ཤེས་སྟེར་ངེས།

        སྒྲ་ཡི་བཀོད་སྒྲིག་དང་ཚོན་གྱི་སྡེབ་སྟངས་ཐད་ནས་གློག་བརྙན་སྤྱིའི་འགྲོས་ཚད་ལ་རམ་འདེགས་མངོན་གསལ་གྱི་ཐོན་ཡོད་པ་ཤ་སྟག་ཡིན་ལ། ཉེན་འཚབ་ཀྱི་སྐབས་སུ་རོལ་མོའི་དལ་མགྱོགས་ཡང་དེར་བསྟུན་གྱིས་མགྱོགས་སུ་བཏང་ནས་མི་སེམས་ལ་འཚུབ་ཆ་དང་བོའུ་སྐད་ལས་བྲེད་ཤ་སློང་། ནགས་གསེབ་ནས་ལྐོག་གྱུར་གྱི་རམ་འདེགས་རོལ་མོའི་འདེགས་འཇོག་ཡང་བརྙན་ལ་དེར་བསྟུན་གྱིས་གཏམ་རྒྱུད་ཧྲིལ་བོ་མངོན་སུམ་ནས་ལྐོག་གྱུར་གྱི་གཟེབ་དུ་ཚུད་འགྲོ མཇུག་གི་རོལ་དབྱངས་ནི་ཅུང་ཟད་རྩེད་མཚར་རང་བཞིན་དང་དེ་འདྲའི་གཟབ་ནན་ཅན་དུ་མི་སྣང་བ་འདིས་འཁྲབ་ཁྲིད་པས་ཚད་མཐོ་ས་ཞིག་ནས་ཕྱིར་གློག་བརྙན་ནང་གི་མི་སྣ་ཚོར་བལྟ་བའི་ཚོར་བ་ཞིག་འདུག

    ཚོན་གྱི་སྡེབས་སྟངས་ལ་སྔོན་པོའི་ཆ་མང་ཙམ་འདྲེས་ལ་དགུན་ཁའི་ཁ་བ་དང་སྡེབས་འཕྲོད་པས་མི་སེམས་ལ་འཁྱག་སྣང་སྟེར་ལ། ཤིང་གི་ཁང་ཁྱིམ་དུ་དཀྱིལ་གྱི་ལྕགས་ཐབ་འགྲམ་དུ་དྲོད་སྣང་གི་ཚོན་གྱི་ཁ་དོག་དང་། རིམ་གྱིས་ཁང་བའི་གྲུ་ཟུར་དུ་བཅར་ཞིང་མག་མོག་དང་འཁྱག་སྣང་ཞིག་གིས་རབ་རིབ་དང་ཅུང་ཟད་ལྐོག་གྱུར་ཏུ་སྣང་།

640 (5).jpg

      མཇུག་མཐར། ང་ཚོའི་མཐོང་སྣང་གི་དངོས་རྩོད་རྩོད་སྒྲུབ་རིག་པའི་ངོས་ནས་བདེན་དཔང་ནི་དོན་དངོས་ཀྱི་གསལ་ཁ་འབྱེད་པའི་ཐབས་ཉག་ཅིག་ཡིན་ལ། གལ་ཏེ་དོན་རྐྱེན་གང་རུང་ལ་བདེན་དཔང་མེད་ན་ནི་ང་ཚོའི་མིག་གི་མཐོང་ལམ་ན་དོན་དངོས་ཡང་རྨོངས་ནས་ཡོད་པ་ལྟ་བུ། དེ་བས་མི་རེར་སེམས་ན་རྔོན་པ་འདི་རེད་བསམ་པའི་དོགས་གཞི་རེ་ཡོད་སྲིད་པ་འདི་གློག་བརྙན་འདིའི་ཆེས་མངོན་པར་འཕགས་པའི་ཁྱད་ཆོས་ཡིན་ལ། རིགས་ཅན་གློག་བརྙན་གྱི་ཐབས་རྩལ་ཡང་དེ་རེད་དོ།།

རྩོམ་པ་པོ། སྒོམ་པ་བཀྲ་ཤིས།(པེ་ཅིན་གློག་བརྙན་སློབ་གླིང་།)


ཁྱེད་ལ་གློག་བརྙན་དང་འབྲེལ་བའི་རྩོམ་གང་ཡོད་འདི་གའི་
ཡིག་ཟམ་ནང་བསྐུར་རོགས།   

E-mail: tata@Filmtbt.com 

དཔྱད་མཆན་ཡོད།