གློག་བརྙན་སྐོར་གྱི་གལ་གནད་རྩ་ཆེན་བརྒྱད།

6a6b5cd98f144991b648a184e6fbefb4_th.gif

དང་པོ་གློག་བརྙན་གྱི་གཞུང་ལུགས།

    གློག་བརྙན་གཞུང་ལུགས་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་བའི་གློག་བརྙན་རིག་པའི་དར་སྲོལ་དང་། བརྗོད་དོན། རིགས་དབྱེ། འཕེལ་འགྱུར། ཚད་རྟོགས་སོགས་བརྗོད་བྱར་བྱས་པའི་རིགས་ལམ་ཞིག་གམ། ཡང་ན་དང་ཐོག་གློག་བརྙན་ཇི་ལྟར་དར་ཡོང་བ་དང་། བར་དུ་ཇི་ལྟར་གོང་འཕེལ་སོང་བ། ཐ་མར་འཛམ་གླིང་གློག་བརྙན་ཅན་དུ་གྱུར་པའི་དུས་སྐབས་འདིར་མ་ཐུག་གི་བར་དུ། འཛམ་གླིང་མིའི་གློག་བརྙན་གྱི་བསམ་བློ་དང་། གློག་བརྙན་རིག་པའི་ལྟ་གྲུབ་ཀྱི་འཕེལ་འགྱུར། གློག་བརྙན་གྱི་བརྗོད་བྱའི་རིགས་དབྱེ་ཇི་ལྟར་བྱུང་བ། གློག་བརྙན་གྱི་ཚད་རྟོགས་རང་བཞིན་དང་། དངོས་བཤུས་རང་བཞིན། སྒྲོ་བཏགས་རང་བཞིན། ཐོད་རྒལ་རང་བཞིན། ཚན་རིག་རང་བཞིན། ཆོས་ལུགས་རང་བཞིན། གཏམ་རྒྱུད་རང་བཞིན། སྲིད་དོན་རང་བཞིན། དམག་འཁྲུག་རང་བཞིན། དུངས་བརྗོད་རང་བཞིན་སོགས་ཀྱིས་མཚོན་པའི་འཛམ་གླིང་ཤར་ནུབ་ཀྱི་གློག་བརྙན་རྣམས་འཕེལ་འགྱུར་བྱུང་ནས་འཛམ་གླིང་འདིར་འོད་ཀྱི་རླབས་དང་ཚན་རིག་གི་ལག་རྩལ་ལ་བརྟེན་ནས། གསར་དུ་འཁོར་བ་གཉིས་པ་ཞིག་གྲུབ་པའི་ཚུལ་རྣམས་བརྗོད་དོན་བྱས་པའི་རིག་པ་དང་ཡིག་ཆའི་སྐོར་ལ་གློག་བརྙན་གཞུང་ལུགས་ཞེས་བརྗོད་ན་མི་ཆོག་པ་མེད་པར་སེམས།

      དེ་བཞིན་གློག་བརྙན་གྱི་འཁྲབ་གཞུང་འབྲི་བ་དང་། གློག་བརྙན་གྱི་ཐ་སྙད་མིང་མཛོད་སྒྲིག་པ། འཁྲབ་སྟོན་པ་དང་བརྙན་ལེན་པ། འཁྲབ་ཁྲིད་པ། གློག་བརྙན་ལྟ་མཁན་རིག་པ་སོགས་ཀྱིས་བརྗོད་དོན་བྱས་པའི་དཔེ་དེབ་དང་ཡིག་ཆ་སོགས་ལ་ཡང་གློག་བརྙན་གཞུང་ལུགས་ཞེས་བརྗོད་ན་ཆོག་པར་སེམས། དེས་ན་གལ་ཏེ་ཁྱོད་རང་གློག་བརྙན་འཁྲབ་སྟོན་པ་དང་། འཁྲབ་ཁྲིད་པ།འཁྲབ་གཞུང་རྩོམ་པ་པོ། ཐ་ན་གློག་བརྙན་ལྟ་བར་དགའ་མཁན་ཞིག་ཡིན་ནས་བཟུང་ཁྱོད་ཀྱིས་འཛམ་གླིང་གློག་བརྙན་གྱི་ལོ་རྒྱུས་དང་། འཕེལ་འགྱུར། རིགས་དབྱེ། བརྗོད་དོན། ཚད་རྟོགས།གློག་བརྙན་དང་འབྲེལ་བའི་ཐ་སྙད་མིང་མཛོད་སོགས་ལ་ངེས་པར་དུ་བསླབ་དགོས་པ་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་གློག་བརྙན་ལས་རིགས་ལ་བརྟེན་ནས་མ་འོངས་འབྱུང་འགྱུར་དུ་བྱས་རྗེས་འཇོག་པར་འདོད་མཁན་གྱི་མི་རྣམས་དེ་བས་ཀྱང་འཛམ་གླིང་གློག་བརྙན་གྱི་གཞུང་ལུགས་དང་། ལྟ་གྲུབ་སོགས་ལ་ངེས་པར་དུ་སྦྱོང་བ་དང་། ཞིབ་འཇུག་བྱེད་དགོས་པར་སྣང་ངོ་།།

གཉིས་པ་གློག་བརྙན་གྱི་རིགས་དང་གྲུབ་མཐའ།

        གློག་བརྙན་གྱི་རིགས་དང་གྲུབ་མཐའི་དབྱེ་བ་ནི། སྲོལ་རྒྱུན་གློག་བརྙན་ལ་དབྱེ་ན། དངོས་བཤུས་གློག་བརྙན། གཏམ་རྒྱུད་གློག་བརྙན། མཛེས་རྩལ་གློག་བརྙན། ཚན་རིག་སློབ་གསོའི་གློག་བརྙན་བཞི་རུ་དབྱེ། ཡང་ན་གློག་བརྙན་ལ་དབྱེ་བ་གསུམ་གྱིས་བསྡུས་ན། སྒྱུ་རྩལ་གློག་བརྙན། ཚོང་ལས་གློག་བརྙན། ཚོད་ལྟའི་གློག་བརྙན་གསུམ་ཞེས་སྡུད་ཚུལ་ཡང་ཡོད། དེ་དག་ནི་སྤྱི་ཙམ་གྱི་དབྱེ་བ་ལས། བྱེ་བྲག་གི་གློག་བརྙན་རིགས་ལ་དབྱེ་བ་ཧ་ཅང་མང་སྟེ། མུ་འབྲེལ་གློག་བརྙན། སྒྲ་མེད་གློག་བརྙན། དམངས་སྲོལ་གློག་བརྙན། དཔྱད་འཇོག་གློག་བརྙན། དྲག་རྩལ་གློག་བརྙན། མཛེས་རྩལ་གློག་བརྙན། རོལ་དབྱངས་གློག་བརྙན། གླུ་གར་གློག་བརྙན། རྒན་གཞོན་གློག་བརྙན། དོན་བརྗོད་གློག་བརྙན། ཡོལ་ཆེན་གློག་བརྙན། ཁེངས་སྒྲའི་གློག་བརྙན། སྒྲ་ལྡན་གློག་བརྙན། སྟངས་རྩལ་གློག་བརྙན། རང་རྐྱ་གློག་བརྙན། ཁྱིམ་ཚང་གློག་བརྙན། གཞུང་ལུགས་གློག་བརྙན། འཇིགས་སྐུལ་གློག་བརྙན། འཐབ་འཁྲུག་གློག་བརྙན། འདོད་སྲེད་གློག་བརྙན། རྩྭ་ཐང་གློག་བརྙན། ཚབ་མཚོན་གློག་བརྙན། འགུལ་རིས་གློག་བརྙན། སྲོལ་རྒྱུན་གློག་བརྙན། དམངས་ཁྲོད་གློག་བརྙན། སྐྱེས་རབས་རྣམ་ཐར་གློག་བརྙན། བྱིས་པའི་གློག་བརྙན། དགོང་སྒྲུང་གློག་བརྙན། ལོ་རྒྱུས་གློག་བརྙན། གསར་འགྱུར་གློག་བརྙན། ལྟོས་མེད་གློག་བརྙན། གློག་བརྙན་སེར་པོ། གློག་བརྙན་ནག་པོ། དངོས་ཡོད་ལས་བརྒལ་བའི་གློག་བརྙན་སོགས་ནང་གི་རིགས་དབྱེ་ཧ་ཅང་མང་།

       དེ་དག་གི་སོ་སོའི་བརྗོད་དོན་དང་འབྲེལ་བའི་ལྟ་གྲུབ་ཡང་མི་འདྲ་སྟེ། དངོས་ཡོད་རིང་ལུགས། མི་ཆོས་རིང་ལུགས། ལྷ་ཆོས་རིང་ལུགས། འཆར་གཡེང་རིང་ལུགས། འཇིགས་སྐུལ་རིང་ལུགས།འདོད་སྲེད་རིང་ལུགས་པ་སོགས་ཀྱི་བརྗོད་དོན་འདྲ་མིན་གྱི་དབང་གིས་གློག་བརྙན་གྱི་རིགས་དང་ནང་དོན་ཡང་གཏན་ནས་མི་འདྲ་བ་དང་། དེ་བཞིན་ཚན་རིག དངོས་ཁམས། ཚད་རྟོགས།འཐབ་འཁྲུག བརྩེ་དུང་། ཐོད་རྒལ་གྱི་བསམ་བློ་སོགས་ལ་བརྟེན་ནས་གྲུབ་པའི་གློག་བརྙན་གྱི་རིགས་ཀྱང་མང་དུ་ཡོད། དེས་ན་ཁྱོད་ཉིད་གློག་བརྙན་ལས་རིགས་ལ་དགའ་ཞིང་། འཁྲབ་ཁྲིད་དང་འཁྲབ་གཞུང་འབྲི་བའི་མི་ཞིག་བྱེད་འདོད་ཡོད་ན་ངེས་པར་དུ་དེ་དག་ཤེས་དགོས་པ་མི་ཚད། འདས་མ་ད་གསུམ་གྱི་གློག་བརྙན་དང་འབྲེལ་བའི་ལོ་རྒྱུས་དེ་བས་ཤེས་དགོས།

117367814544806222.jpg

གསུམ་པ་གློག་བརྙན་གྱི་འཁྲབ་གཞུང་རྩོམ་སྒྲིག

          འཁྲབ་གཞུང་རྩོམ་པ་ལ་སྤྱིར་གོང་ནས་བརྗོད་པ་བཞིན། སྒྱུ་རྩལ་གློག་བརྙན། ཚོང་ལས་སྐོར་གྱི་གློག་བརྙན། བསམ་པའི་འདུ་ཤེས་སློབ་གསོ་དང་འབྲེལ་བའི་གློག་བརྙན་གསུམ་དུ་ཡོད་པ་བཞིན། འཁྲབ་གཞུང་ལ་ཡང་བརྗོད་དོན་དེ་དང་འབྲེལ་བའི་འཁྲབ་གཞུང་གསུམ་དུ་གྲུབ་ཡོད། བྱེ་བྲག་དབྱེ་ན། བརྩེ་དུང་དང་འབྲེལ་བའི་འཁྲབ་གཞུང་། ཆོས་ལུགས་དང་འབྲེལ་བའི་འཁྲབ་གཞུང་། ལོ་རྒྱུས་དང་འབྲེལ་བའི་འཁྲབ་གཞུང་། དམག་དོན་དང་འབྲེལ་བའི་འཁྲབ་གཞུང་། གཏམ་རྒྱུད་དང་འབྲེལ་བའི་འཁྲབ་གཞུང་། སྲིད་དོན་དང་འབྲེལ་བའི་འཁྲབ་གཞུང་། ཚན་རིག་དང་འབྲེལ་བའི་འཁྲབ་གཞུང་། ལྷ་སྒྲུང་དང་འབྲེལ་བའི་འཁྲབ་གཞུང་། ས་གནས་དང་འབྲེལ་བའི་འཁྲབ་གཞུང་། དངོས་མེད་དང་འབྲེལ་བའི་འཁྲབ་གཞུང་། རྣམ་ཐར་དང་འབྲེལ་བའི་འཁྲབ་གཞུང་། རྒྱལ་རབས་དང་འབྲེལ་བའི་འཁྲབ་གཞུང་། སྲོག་ཆགས་དང་འབྲེལ་བའི་འཁྲབ་གཞུང་། སྐྱེ་དངོས་དང་འབྲེལ་བའི་འཁྲབ་གཞུང་། བྱིས་སྒྲུང་དང་འབྲེལ་བའི་འཁྲབ་གཞུང་། འཇིགས་སྐུལ་དང་འབྲེལ་བའི་འཁྲབ་གཞུང་། ཚད་རྟོགས་རང་བཞིན་གྱི་འཁྲབ་གཞུང་། བཞད་གད་དང་འབྲེལ་བའི་འཁྲབ་གཞུང་། ཐོད་རྒལ་རང་བཞིན་གྱི་འཁྲབ་གཞུང་། མི་ཆོས་རང་བཞིན་གྱི་འཁྲབ་གཞུང་། དེ་བཞིན་རྩྭ་ཐང་དང་དམངས་ཁྲོད། གནའ་གཏམ་དང་གླེང་སྒྲུང་། དྲག་རྩལ་དང་ཆོས་ལུགས་སོགས་དང་འབྲེལ་བའི་འཁྲབ་གཞུང་རབ་ཏུ་མང་ལ། དངོས་བཤུས་གློག་བརྙན་གྱི་འཁྲབ་གཞུང་ཉིད་དུ་གྱུར་པའི་ས་གནས་དང་ལོ་རྒྱུས་མི་སྣ་སོགས་དང་། འདོད་སྲེད་གློག་བརྙན་གྱི་བརྙན་གཞི་དང་འབྲེལ་བའི་ཆགས་སྤྱོད་སོགས་མང་དུ་ཡོད།

          དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་གློག་བརྙན་རྩོམ་རིག་གི་ནང་དུ་སྒྲུང་གཏམ། དངོས་བྱུང་། དུངས་བརྗོད། ཚད་རྟོགས། ཐོད་རྒལ་སོགས་བརྗོད་བྱར་བྱས་པའི་འཁྲབ་གཞུང་རྩོམ་རིག་ཧ་ཅང་མང་ལ། དེའི་ཕྱིར་འཁྲབ་གཞུང་རྩོམ་མཁན་ལ་ཡང་གོང་གི་རིགས་དབྱེ་དེ་དག་དང་འབྲེལ་བའི་བརྗོད་བྱ་འབྲི་མཁན་གྱི་འཁྲབ་གཞུང་རྩོམ་པ་པོ་ཧ་ཅང་མང་། མ་གཞི་འཁྲབ་གཞུང་རྩོམ་མཁན་ལ་ནང་གསེས་དབྱེ་ན། སྙན་ངག་པ་དང་། བསམ་བློ་བ། ཚན་རིག་པ། ནང་ཆོས་སྨྲ་བ། ཁྲིམས་སྲིད་སྨྲ་བ། ཞིབ་འཇུག་པ། སློབ་མ། རྩོམ་པ་པོ། དགེ་རྒན་སོགས་ཀྱི་ལས་གཉེར་མཁན་གྱི་རིགས་དུ་མ་ཡོད།

      སྤྱིར་འཁྲབ་གཞུང་གང་འདྲ་བརྩམས་རུང་། མི་སྣ་དང་། བྱུང་རིམ། ཁོར་ཡུག་གསུམ་ངེས་པར་དུ་དགོས། དང་པོ་འཁྲབ་གཞུང་རྩོམ་མཁན་གྱི་སེམས་སུ་འཁྲབ་གཞུང་དེའི་མི་སྣ་དང་། ཡུལ་ལྗོངས། བརྗོད་དོན། མཛེས་རྩལ། གོ་རིམ། རྣམ་འགྱུར་སོགས་སེམས་སུ་བཞེངས་བསྐྲུན་ཐུབ་དགོས་ལ། དེ་ཙམ་མ་ཟད་འཁྲབ་གཞུང་དེའི་ནང་གི་འཁྲབ་སྟོན་མི་སྣ་རེ་རེའི་གྱོན་གོས། རྣམ་འགྱུར། ཕོ་མོ་སོགས་ཀྱི་རིགས་མ་ནོར་བར་ཞིབ་ཚགས་ཀྱིས་འབྲི་ཐུབ་དགོས། དེ་བཞིན་འཁྲབ་གཞུང་གི་ལེ་ཚན་རེ་རེ་འབྲི་བའི་སྐབས་སུ། ལས་ཚན་སོ་སོའི་ཡུལ་དངོས་དང་། མི་སྣ། དུས་ཚོད།བརྙན་ལེན་གྱི་གཞི་ལྗོངས་སོགས་ཆ་ཚང་འབྲི་དགོས་པ་དང་། སྐབས་ཐོག་ལས་ཚན་གང་ལ་ཐུག་ཡོད་ན་དེའི་བརྗོད་དོན་གྱི་གླུ་དབྱངས་རོལ་མོ་སོགས་ཀྱང་སེམས་སུ་རོབ་ཙམ་འཆར་གཞི་ཡོད་དགོས། དཔེར་ན་བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་པདྨ་ཚེ་བརྟན་གྱི་འཁྲབ་གཞུང་«རྩྭ་ཐང་»ལྟ་བུ་ལ་མཚོན་ན། ལས་ཚན་དགུ་དང་། བརྙན་ལེན་གཞི་ལྗོངས་ཀྱི་ས་གནས། ཀླུ་ཆུའི་རྩྭ་ཐང་། ཉག་ག མེ་ལོང་ཐང་གི་སྡེ་དཔོན་རྡོར་ལོ་ཚང་གི་སྦྲ་སྒོ། སྡེ་དཔོན་རྡོར་ལོ་ཚང་གི་ཁྱིམ། མ་ཎི་རྡོ་འབུམ་གྱི་འགྲམ། རྡོར་ལོ་ཚང་གི་ཁྱིམ། རྡོར་ལོ་ཚང་གི་སྒོ་ཁ། རྡོར་ལོ་ཚང་གི་ཁྱིམ།[1]མེ་ལོང་རྩྭ་ཐང་བཅས་ས་གནས་དང་བརྙན་ལེན་ཚན་པ་དགུ་ཡི་གཞི་ལྗོངས་དང་། དེ་བཞིན་དུས་ཚོད་ཡིན་ན་ཞོགས་པ། ཉིན་གུང་། དགོང་མོ་སྟེ་དུས་ཚོད་ཀྱི་ཆ་གསུམ། བརྙན་ལེན་གྱི་གཞི་ཕྱི་ནང་གཉིས་ལས་ཕྱི་ཡིན་པ་དང་ནང་ཡིན་པ་གཉིས། མི་སྣ་བཅུ་གཅིག་བཅས་བྲིས་ཡོད།

       དེ་བཞིན་ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་ལྔ་འཁོར་བའི་རྗེས་དྲན་སྨྲེང་བུས་བརྩམས་པའི་འཁྲབ་གཞུང་«མིག་ཆུ» ཞེས་པའི་ནང་དུ་ཡང་། མི་སྣ། ས་ཆ། དུས་ཚོད། ཕྱི་ལྗོངས། ནང་ལྗོངས་སོགས་མ་ནོར་བར་བྲིས་ཡོད། འཁྲབ་གཞུང་གསར་རྩོམ་བྱེད་པ་ལ་ཐོག་མར་འཁྲབ་གཞུང་རྩོམ་མཁན་གྱི་བསམ་པའི་འཇིག་རྟེན་དུ་འཁྲབ་གཞུང་དེའི་མི་སྣ། བྱུང་རིམ། ཡུལ་ལྗོངས་རྣམས་བཞེངས་བསྐྲུན་བྱེད་དགོས་པ་དང་། དེ་ནས་འབྲི་བའི་སྐབས་སུ། ས་གནས། དུས་ཚོད། མི་སྣ། ཕྱི་ནང་། ཡུལ་དངོས་སོགས་སྔོན་ནས་ཐག་ཆོད་བྱུང་དགོས་ལ། ལས་ཚན་རེ་རེའི་བརྗོད་དོན་གྱི་གླུ་དབྱངས་དང་གཏམ་ཚན། འཁྲབ་མཁན་གྱི་ཡིད་འགྱུར་དང་རྣམ་པ། བརྙན་ངོས་ཀྱི་ཚོན་མདངས། སྒྱུ་རྩལ་གྱི་མཛེས་ཆ་ཞིབ་འབྲི་བྱེད་དགོས། དེ་བཞིན་འཁྲབ་གཞུང་འབྲི་དུས་འདས་པའི་གནའ་གཏམ་དང་། དམངས་ཁྲོད། རྣམ་ཐར། ལོ་རྒྱུས། སྲིད་དོན། རྒྱལ་རབས། སྒྲུང་གཏམ། ཆོས་ལུགས་སོགས་དང་འབྲེལ་བའི་འཁྲབ་གཞུང་འབྲི་བ་དང་། ཡང་ན་ད་ལྟའི་སྤྱི་ཚོགས་ཀྱི་འགྱུར་ལྡོག འཛམ་གླིང་མི་རིགས་སོ་སོའི་སྲོལ་རྒྱུན། ཚད་རྟོགས་རང་བཞིན་གྱི་བརྗོད་དོན། ཚན་རིག་གིས་དཔྱད་པའི་ཡིད་བརྙན་སོགས་བརྗོད་བྱར་བྱས་པའི་འཁྲབ་གཞུང་ཡང་ཡོད། དེས་ན་འཁྲབ་གཞུང་རྩོམ་པ་པོས་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སྤྱི་ཡི་སྤྱི་ཚོགས་དང་ཆོས་ལུགས། ལོ་རྒྱུས། སྲིད་དོན་སོགས་ལ་ངེས་པར་དུ་སྦྱོང་བ་བྱེད་དགོས་པ་དང་། ནང་ཆོས་དང་ཚན་རིག མི་རིགས་རང་རང་གི་རང་གཤིས་དང་སྲོལ་རྒྱུན་གྱི་རྒྱུན་ཤེས། དེ་བཞིན་རང་གིས་གང་བརྩམས་པའི་འཁྲབ་གཞུང་དེའི་བརྗོད་དོན་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཕྱོགས་ལ་དེ་བས་ཀྱང་རྒྱུས་ལོན་དང་ཤེས་རྟོགས་ཡོད་དགོས་པ་ཧ་ཅང་གལ་ཆེ།

       དཔེར་ན། རྒྱ་མིའི་འཁྲབ་གཞུང་རྩོམ་མཁན་ཞིག་གིས་བོད་འབྲེལ་གློག་བརྙན་ཞིག་རྩོམ་པའི་དབང་དུ་བྱས་ན། ཁོར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབས་དང་། སྲོལ་རྒྱུན་ལུགས་སྲོལ་སོགས་ལ་ཞིབ་ཆ་མེད་ན། བོད་གོས་གྱོན་པ་དང་བོད་ཡུལ་ནས་འཁྲབས་པ་ཙམ་གྱིས་བོད་ཀྱི་གནས་བབས་དང་རང་གཤིས་མཚོན་མི་ནུས་པས་དེས་ན་ཁོས་བརྩམས་པའི་འཁྲབ་གཞུང་དེས་བོད་ཀྱི་གནས་བབས་དངོས་དང་རང་གཤིས་དངོས་བརྗོད་མི་ཐུབ། དེ་བཞིན་སློབ་གྲྭའི་དགེ་རྒན་ཞིག་གིས་ཆོས་ལུགས་སྐོར་གྱི་འཁྲབ་གཞུང་རྩོམ་དགོས་ན་གོང་ལྟར་ཆོས་ལུགས་ཀྱི་རིག་གཞུང་དང་།ལུགས་སྲོལ། གྲུབ་མཐའ། འདོན་ཆོག་སོགས་ལ་ངེས་པར་སྦྱང་བ་དང་རྒྱུས་ལོན་ཅུང་ཙམ་མེད་ན་འཁྲབ་གཞུང་ཚད་ལྡན་ཡོང་མི་ཐུབ། དེའི་ཕྱིར་སྤྱི་ཚོགས། སྲོལ་རྒྱུན། ཆོས་ལུགས། མི་རིགས་སོ་སོའི་གོམས་གཤིས། ལྟ་ཚུལ་སོགས་ལ་དུས་རྒྱུན་འཁྲབ་གཞུང་རྩོམ་མཁན་རྣམས་ཀྱིས་རྒྱུས་ལོན་དང་ཞིབ་འཇུག་ངེས་པར་བྱེད་དགོས།

      བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་མཁན་རྣམས་ཀྱིས་ཀྱང་བོད་རང་གི་ས་གནས་ཀྱི་གནས་རི་དང་། དགོན་སྡེ། ལོ་རྒྱུས། གྲུབ་མཐའ། རྣམ་ཐར། སྲོལ་རྒྱུན། སྤྱི་ཚོགས་ཀྱི་གནས་བབས། རྒྱུན་ཤེས་ཀྱི་གོམས་སྲོལ་དང་མི་རིགས་རང་གི་གཤིས་ཀ་སོགས་མ་ནོར་བར་ཤེས་པའི་ཐོག འཛམ་གླིང་མི་རིགས་གཞན་གྱིས་བརྩམས་པའི་འཁྲབ་གཞུང་དང་། སྒྲུང་རྩོམ། གློག་བརྙན་རྩོམ་རིག གློག་བརྙན་རིག་གཞུང་སོགས་ལ་སློབ་སྦྱོང་བྱེད་དགོས་པ་ནི་སྨོས་མེད་རེད། བོད་རང་ལ་མཚོན་ན་བོད་ཀྱི་གྲུབ་མཐའ་སོ་སོའི་བླ་མ་མཁན་རབས་རྣམས་ཀྱི་རྣམ་ཐར་དང་། དེ་བཞིན་བོད་ཀྱི་ཟློས་གར་སྐོར་གྱི་དཔེ་ཆ། བཞད་གད་སྐོར་གྱི་སྒྲུང་ཐུང་། གླིང་སྒྲུང་། བྱིས་སྒྲུང་། ངག་རྒྱུན་གཏམ། གནའ་བོའི་གཏམ་དཔེ། བོད་ཀྱི་ཆོས་འབྱུང་། མགུར་མ། ལ་གཞས་སོགས་ལ་ཡང་དཔེ་ཀློག་དང་སློབ་སྦྱོང་ངེས་པར་བྱེད་དགོས་པར་སེམས་སོ། །སྤྱིར་འཁྲབ་གཞུང་ལ་སྔོན་ནས་བྱོན་ཟིན་པའི་མཁས་དབང་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས། ད་ལྟའི་སྤྱི་ཚོགས་དངོས་ནས་བྱུང་བའི་འཚོ་བ། མ་འོངས་འབྱུང་འགྱུར་ཚད་རྟོགས་བརྗོད་པའི་འཁྲབ་གཞུང་། དེ་བཞིན་གསར་དུ་བརྩམས་པའི་འཁྲབ་གཞུང་དང་། བཅོས་སྒྲིག་བྱས་པའི་འཁྲབ་གཞུང་སོགས་མང་དུ་ཡོད་དོ།།

t01937af59c7e99c7d3.jpg

བཞི་པ་གློག་བརྙན་འཁྲབ་ཁྲིད་པ།

           གློག་བརྙན་འཁྲབ་ཁྲིད་པ་ལ། འཁྲབ་གཞུང་སྤྱི་ཡི་འཁྲབ་ཁྲིད་པ། སྒྱུ་རྩལ་ཁྲིད་སྟོན་པ། བློ་འདོན་པ། མཉམ་འབྲེལ་འཁྲབ་ཁྲིད་པ། ལག་བསྟར་འཁྲབ་ཁྲིད་པ། འཁྲབ་ཁྲིད་གཞོན་པ། ལག་རོགས་འཁྲབ་ཁྲིད་པ་སོགས་ཡོད་པར་བཤད་ཡོད་ལ། གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་ངེས་པར་དུ་ཚང་དགོས་པ་ནི། འཁྲབ་གཞུང་དེའི་ནང་དོན་ཞིབ་ཚགས་ཀྱིས་རྟོགས་ཡོད་པ། སྒྱུ་རྩལ་བརྙན་གཟུགས་ཀྱི་ཆ་དང་། ནང་དོན་དངོས་ཕབ་ཀྱི་ཆ། དེ་བཞིན་གློག་བརྙན་དེའི་སྒྱུ་རྩལ་གྱི་གབ་སྦས་གསང་གསུམ་དང་། ཟུར་བརྗོད་ཤུགས་བརྗོད་ཀྱི་ཆ། ཡང་ན་དངོས་བསྟན་ཐད་བརྗོད་ཀྱི་རིགས་སོགས་གང་དགོས་ཀྱང་འཁྲབ་ཁྲིད་པ་དེས་ངེས་པར་དུ་རྟོགས་དགོས་པ་མི་ཚད། འཁྲབ་གཞུང་དེའི་མི་སྣ། ཡུལ་ལྗོངས། བྱེད་རིམ། བརྗོད་དོན། རོལ་དབྱངས། བརྙན་ལེན། གྱོན་གོས།མཛེས་རྩལ། གོ་རིམ་སོགས་གང་དགོས་དེ་བས་ཤེས་དགོས།

        དེ་བཞིན་གློག་བརྙན་ཕབ་སྐྲུན་བྱེད་སྐབས་ཚན་ཁག་སོ་སོའི་ལས་རིམ་དང་། གྲ་སྒྲིག་གི་དུས་རིམ། ཕབ་ལེན་གྱི་དུས་རིམ། སྐབས་འཇུག་བཟོ་བསྐྲུན་གྱི་དུས་རིམ། འཁྲབ་གཞུང་དཔྱད་འདེམས།ཕྱི་ལྗོངས་དང་མི་སྣ་འདེམས་སྟངས། འཁྲབ་ཁྲིད་བརྡ་ཐོ། ཕབ་ལེན་ཉིན་རེའི་ལས་རིམ་རེའུ་མིག གནས་ཐོའི་རེའུ་མིག གར་བཤད་གར་མཐུད་གར་སྣུར་སོགས་ཀྱི་ཆ་རྣམས་ཤེས་དགོས་ལ། གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་ནས་བཟུང་རབ་ཡིན་ན། འཛམ་གླིང་མི་རིགས་སོ་སོའི་ལུགས་སྲོལ་གོམས་གཤིས་དང་རིག་གནས། དེ་བཞིན་ཆོས་ལུགས། སྲིད་དོན། འཚོ་བ། དགའ་ཕྱོགས།འབྱུང་འགྱུར། ཚད་རྟོགས། ཚན་རིག་རྣམས་ཤེས་པར་བྱ་དགོས། འབྲིང་ཡིན་ན་གང་འཁྲབ་པའི་བརྙན་གཟུགས་ཀྱི་ནང་དོན་གཙོ་བོ་གང་ཡིན་དང་། དེ་ཉིད་འཛམ་གླིང་མི་རིགས་དང་ཆོས་ལུགས་གཞན་ལ་འབྲེལ་བ་ཡོད་མེད། ཡོད་ན་སོ་སོའི་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་གང་ཡོད་སོགས་ཤེས་དགོས།

      འཁྲབ་ཁྲིད་པ་ཐ་མ་ཞིག་ལ་མ་མཐའ་ཡང་སོ་སོ་མི་རིགས་གང་ཡིན་པ་དང་། མི་རིགས་དེའི་སྲོལ་རྒྱུན་ལུགས་སྲོལ། ཆོས་ལུགས་སོགས་ཀྱི་ལམ་ལུགས་སྤྱི་ཚོགས་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་ཤེས་མཁན་ཞིག་ངེས་པར་ཡིན་དགོས། དེ་ལྟར་རབ་འབྲིང་ཐ་གསུམ་གྱི་འཁྲབ་ཁྲིད་པ་རྣམས་ཀྱིས་རང་རང་གི་ཚོད་ཀྱིས་སྤྱི་ཚོགས་དང་མི་རིགས། ཆོས་ལུགས། སྲིད་དོན། ལོ་རྒྱུས། ཚན་རིགཚད་རྟོགས། བརྩེ་དུང་སོགས་ཀྱི་བརྙན་གཞུང་དང་གློག་བརྙན་ཕབ་སྐྲུན་བྱེད་དུས་དེ་དང་འབྲེལ་བའི་ཁྱབ་ཚད་དང་། དགའ་ཞེན། འགལ་འདུ། བཅོས་བསྒྱུར། གྲགས་སྙན་སོགས་ཀྱིས་སྤྱི་ཚོགས་ནང་འུར་ཟིང་ལང་བཞིན་ཡོད།

      དཔེར་ན་འཛམ་གླིང་ཤར་ནུབ་ཀུན་ཏུ་གྲགས་འགུལ་ཧ་ཅང་ཆེ་ལ། མི་སེམས་སུ་འཇིགས་སྐྲག་དང་ཚོར་བ་ཤུགས་ཆེན་ཟིན་པའི་གློག་བརྙན་དེ། འཇར་མན་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན། ལོའོ་ལན་ཨེ་མའོ་ལེ་ཁི་ (罗兰.艾默里克)  (Roland Emmerich) ལགས་ཀྱིས་བརྩམས་པའི་«དུས་མཐའི་འཇིག་བསྐལ།»[2] (世界末日) ལྟ་བུ་འཛམ་གླིང་རང་བཞིན་གྱི་གློག་བརྙན་གྲགས་ཅན་རྣམས་དང་། དེ་ལས་ཁྱབ་ཚད་ཆུང་བ་«རི་ཆུ་སྟོང་ཕྲག་»དང་། «ཞིང་བྲན་»ལྟ་བུ་རྒྱལ་ནང་རང་བཞིན་གྱི་གློག་བརྙན། དེ་བཞིན་མི་རིགས་བོད་རང་གི་འཚོ་བ་དངོས་དང་འབྲེལ་བའི་གློག་བརྙན། «འཛམ་གླིང་མཐོང་བའི་རྒད་པོ་»ལྟ་བུ་ཡོད་ལ། སྤྱི་ཡི་ཁྱབ་ཚད་དང་། གྲགས་འགུལ་སོགས་ཀྱང་དེ་དག་མི་མཚུངས་པ་མ་ཚད། དཔལ་འབྱོར། བློ་འབྱེད། བརྗོད་དོན། མི་སྣ་སོགས་ཀྱི་རིམ་ཚད། འཁྲབ་གཞུང་། འཁྲབ་ཁྲིད། འཁྲབ་མཁན་སོགས་ཀྱི་ཤེས་ཚད་དང་སྒྱུ་རྩལ། འཇོན་ནུས་སོགས་གོང་མ་གོང་མ་བཟང་བའི་རྐྱེན་གྱིས་གློག་བརྙན་གྱི་ནུས་ཤུགས་ཀྱང་དེ་ལྟར་གོང་ནས་གོང་དུ་བཟང་གི་ཡོད།

ལྔ་པ་གློག་བརྙན་འཁྲབ་སྟོན་པ།

         གློག་བརྙན་འཁྲབ་སྟོན་གྱི་སྒྱུ་རྩལ་ནི། འཁྲབ་སྟོན་པ་སོ་སོས་ཀུན་སྤྱོད་ཀྱི་ཁྱད་པར་སྟོན་ནུས་མིན་ལ་རག་ལས་པས། འཁྲབ་མཁན་གྱི་ཀུན་སྤྱོད་ལ་གསར་གཏོད་རང་བཞིན་ཡོད་པ། འཁྲབ་ཚན་གྱི་བྱང་ཚད་ལྡན་པ། འཁྲབ་གཞུང་གཤིས་ཉམས་དོད་པ། འཁྲབ་མཁན་རང་གི་གོ་ནུས་དྲན་ནུས་མཚོན་ནུས་སོགས་ཀྱི་བློ་སྒོ་མྱུར་བ། འཁྲབ་གཞུང་དང་འཁྲབ་སྟོན་པའི་འགུགས་ནུས་ཡོད་པ།དེ་བཞིན་གང་འཁྲབ་བཞིན་ཡོད་པ་དེ་ཡི་ལད་ཟློས་ལ་མཁས་པ། དཀའ་ངལ་ཁྱད་གསོད་བྱས་ནས་བཟོད་རུང་ཡོད་པ། འཁྲབ་མཁན་གྱི་བརྩེ་དུང་གཤིས་ཉམས་བཟང་བ། འཁྲབ་སྟོན་གྱི་བྱུང་རིམ་དང་ཟབ་ཚད་རྟོགས་དགོས་པ། འཁྲབ་སྟོན་གྱི་དུས་རབས་ཀྱི་ཚོར་བ་སོགས་ཤེས་དགོས་པ་དང་། དེ་བཞིན་འཁྲབ་གཞུང་གི་ནང་བརྩེ་དུང་དང་། སྟངས་སྟབས། འཐབ་འཛིང་། ཆོས་ལུགས་སོགས་གང་འདྲ་ཡོད་ན་ཡང་། དེའི་སྐབས་འཁྲབ་སྟོན་པས་བརྗོད་བྱ་དེ་དང་བསྟུན་ནས་དགོད་ཉམས། སྐྱོ་ཉམས། འཇིགས་ཉམས། སྒེག་ཉམས། དྲག་ཤུལ་ཉམས། དཔའ་ཉམས། སྙིང་རྗེའི་ཉམས། མི་སྡུག་པའི་ཉམས། བཞད་གད་ཀྱི་ཉམས། རྨད་བྱུང་གི་ཉམས། འཇིགས་རུང་གི་ཉམས་རྣམས་སྟོན་དགོས་ཏེ། གལ་ཏེ་ནང་དོན་སྐྱོ་ཉམས་ཅན་ཡིན་ན། འཁྲབ་སྟོན་པ་དེས་ཅུང་དགོད་ཉམས་རེ་ཤོར་ན་འཁྲབ་གཞུང་གི་ནང་དོན་དང་མི་མཐུན་པ་མི་ཚད། མ་བཅོས་པའི་རྣམ་པ་སྟོན་པར་མི་ནུས་པས། དེ་ལྟར་འཁྲབས་པའི་གློག་བརྙན་དེས་མི་གཞན་ལ་སེམས་འགུལ་ཐེབས་མི་ཐུབ། དེས་ན་འཁྲབ་སྟོན་པ་ཡིན་ནས་བཟུང་འཁྲབ་ཁྲིད་པའི་བཀའ་གནང་བ་བཞིན་ལུས་ངག་ཡིད་གསུམ་བཅོས་བསྒྱུར་གྱི་སྒྱུ་རྩལ་ལྡན་དགོས་པ་དང་། མི་ཚད་རང་གཤིས་ཀྱི་ཁྱད་མཚར་ལྡན་པ། འཁྲབ་གཞུང་ནང་གི་མི་སྣ་སོ་སོའི་རང་གཤིས། གདོང་དབྱིབས། སྐད་གདངས། ཉམས་འགྱུར་སོགས་སྟོན་ཐུབ་དགོས། སྤྱིར་འཁྲབ་སྟོན་པ་ལ། གཙོ་འཁྲབ་པ། རོགས་འཁྲབ་པ། ཆེད་ལས་འཁྲབ་སྟོན་པ། འཆར་རིམ་འཁྲབ་གཟུགས་པ་སོགས་ཡོད།

       མདོར་ན། འཁྲབ་སྟོན་པ་ཞིག་ཡིན་ནས་བཟུང་བརྗོད་བྱ་བརྩེ་དུང་། ལོ་རྒྱུས། དམག་དོན། སྲིད་དབང་། ཚན་རིག ཆོས་ལུགས། བཞད་གད། འཇིགས་རུང་སོགས་གང་འདྲ་འཁྲབ་རུང་དེ་དང་མཐུན་པའི་མི་སྣ་འདེམས་དགོས་པ་གལ་ཆེན་ཡིན་ཞིང་། གློག་བརྙན་ཞིག་འཁྲབ་པ་ལ་སྤྱི་ཚོགས་ཀྱི་བཟང་ངན། ཡག་བཙོག་ཚང་མ་ཡོད་དགོས་པས། དེས་ན་འཁྲབ་སྟོན་མི་སྣ་ལ་གདོང་གི་དབྱིབས། ལུས་ཀྱི་ཚད། སྟོབས་ཤུགས་དང་བྱེད་ནུས། སྐྲ་དང་ཁ་སྤུ། མཛེས་དང་མི་མཛེས། ཤ་ཆེ་ཆུང་སོགས་ཆ་ཚང་འཁྲབ་མཁན་ཡོད་དགོས་པས། འཁྲབ་སྟོན་པ་ཡིན་ནས་བཟུང་སྐར་ཆེན་ཏག་ཏག་ཡིན་དགོས་པའི་ངེས་པ་དེ་བས་མེད། ལྷག་ཏུ་མི་རང་རང་ལ་མི་སེམས་གཡོ་བའི་སྒྱུ་རྩལ་གྱི་རང་གཤིས་དང་གསར་གཏོད་ཀྱི་བློ་འབྱེད་ཡོད་ན། འཁྲབ་སྟོན་པ་ཚད་མཐོ་ཤོས་བྱེད་ཆོགའཁྲབ་སྟོན་པས་གློག་བརྙན་འཁྲབ་བཞིན་པའི་སྐབས་སུ་རང་གི་མི་སྣ་གང་ལྟ་བུ་ཞིག་ལ་ལད་ཟློས་བྱེད་བཞིན་ཡོད་ན་དེའི་གཏམ་བཞིན་དགའ་སྐྱོ་ཆགས་སྡང་གི་ལུས་ཀྱི་རྣམ་འགྱུར་བཟོ་དགོས་པ་ཧ་ཅང་གལ་ཆེན་ཡིན། དེ་ལྟར་བཟོ་ཐུབ་ན་བཅོས་མ་མིན་པའི་རང་གཤིས་ལྟར་མངོན་ཡོང་བས་གློག་བརྙན་དེས་དགའ་སྐྱོ་ཆགས་སྡང་གི་རྣམ་པས་མི་སེམས་གཡོ་འགུལ་ཤུགས་ཆེན་བྱེད་པ་མི་ཚད། འཁྲབ་སྟོན་པ་རང་གི་ལུས་ངག་ཡིད་གསུམ་ཆ་ཚང་འཁྲབ་གཞུང་གི་མི་སྣའི་ངོ་བོར་འགྱུར་ཐུབ་བཞིན་ཡོད་དོ།།

463112562556010556.jpg

དྲུག་པ་གློག་བརྙན་བརྙན་འབེབས་དང་མཛེས་རྩལ།

    གློག་བརྙན་བརྙན་འབེབས་དང་། གློག་བརྙན་མཛེས་རྩལ་ནི་རྣམ་པ་གཉིས་ཀྱི་ལམ་ནས་རྟོགས་ནུས་ཏེ། དང་པོ་གློག་བརྙན་བརྙན་འབེབས་ལ། བརྙན་འབེབས་མཁན་དང་། བརྙན་འབེབས་འཕྲུལ་ཆས། བརྙན་ལེན་སྟངས་བཅས་གསུམ་ལས།

       དང་པོ་བརྙན་འབེབས་མཁན་ལ་སྤྱི་ཡི་བརྙན་འབེབས་མཁན་དང་། བརྙན་འབེབས་ཚན་ཁག བརྙན་འབེབས་ཁྲིད་སྟོན་པ། བརྙན་འབེབས་གཞོན་པ། བརྙན་འབེབས་ལག་རོགས་པ། ཆེད་ལས་བརྙན་ལེན་པ། བརྙན་སྦྱོང་བ། ལས་སྒྲུབ་མི་སྣ་སོགས་ཡོད།

        གཉིས་པ་བརྙན་འབེབས་འཕྲུལ་ཆས་ལ། འགུལ་སྐྱོད་བརྙན་འབེབས། སྤོ་འགུལ་བརྙན་འབེབས། གཏན་འཇགས་བརྙན་འབེབས། ལག་ཟུང་བརྙན་འབེབས། མངགས་བཅོལ་བརྙན་འབེབས་སོགས་ཧ་ཅང་མང་།

         གསུམ་པ་བརྙན་ལེན་སྟངས་ལ། དངོས་ཕབ། ཚོད་ཕབ། འཕྲོག་ཕབ། རྐུ་ཕབ། སྣོན་ཕབ། བསྐྱར་ཕབ། རིམ་ཕབ། ལྡིང་ཕབ། མཐུད་ཕབ། ཆས་མང་ཕབ་ལེན། སྟེང་ཕབ། འོག་ཕབ། ཟུར་ཕབ། གདོང་ཕབ། དགྱེ་ཕབ། ཐུར་ཕབ། ལྡོག་ཕབ། རིང་ཕབ། ཉེ་ཕབ་སོགས་མང་དུ་ཡོད་ལ། དེ་ལྟར་བརྙན་འབེབས་བཞིན་པའི་སྐབས་སུ་མདུན་ལྗོངས། གཞུག་ལྗོངས། ཁོར་ཡུག རྒྱབ་ལྗོངས། མཚན་ལྗོངས། ཉིན་ལྗོངས། ཆར་ལྗོངས། སྨུག་ལྗོངས། མང་ཚོགས་གནས་ར། འཁྲབ་སྟོན་གནས་ར། ཉེ་ལྗོངས། ཧྲིལ་ལྗོངས། བར་ལྗོངས། རྒྱང་ལྗོངས། ལྗོངས་དབྱེ། འགུལ་སྐྱོད་ལྗོངས་སོགས་བརྙན་གཟུགས་སྤྱི་ཡི་ལྗོངས་གཞི་འདེམས་དགོས་པ་དང་། བདམས་ནས་བརྙན་ལེན་པའི་དུས་སུ་དེ་དག་གི་ཕྱོགས་བཞི་སྟེང་འོག་གི་ཆ་ནས་གཅོད་མཚམས་རྣམས་ངེས་པར་དུ་ཤེས་དགོས།

        དེ་བཞིན་མི་སྣ། ཡུལ་ལྗོངས། ནམ་མཁའ། རི་ཆུ། ནགས་ཚལ། སྐྱེ་དངོས། ལ་ལུང་། གཞུང་ལམ། ཁང་པ། ཞིང་འབྲོག འཚོ་བའི་ངོས་རིས་སོགས་ཀྱི་མཛེས་ཉམས་དང་ཁྱད་གཤིས། ཚོན་མདངས། དུས་ཚོད། ཉིན་མཚན། ཆེ་ཆུང་གི་ཚད་སོགས་ཚོད་ཟིན་པ་དང་སྒྱུ་རྩལ་ལྡན་པ་ལེན་དགོས། གློག་བརྙན་བརྙན་ལེན་པ་ཞིག་ཡིན་ནས་བཟུང་དུས་རྒྱུན་བརྙན་མིག་དང་པར་མིག་གི་ལམ་ནས་སྤྱི་ཚོགས་དང་སྣང་ཁམས་དེ་དག་འདྲ་གཟུགས་སུ་འབེབས་དུས་སེམས་སུ་དེ་དང་མཐུན་པའི་སྒྱུ་རྩལ་གྱི་བསམ་བློ་དང་། བློ་འབྱེད་ཀྱི་ཐབས་ལམ། ལོ་རྒྱུས་ཀྱི་སྣང་བརྙན་སོགས་བཞེངས་བསྐྲུན་བྱེད་ཐུབ་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་མི་ཚད། རང་དགའ་བའི་ལམ་དེའི་རྩ་དོན་ངོ་མ་ཡང་ཡིན། དེའི་ཕྱིར་བརྙན་ལེན་པའི་སྐབས། བརྙན་འབེབས་ཀྱི་ཟུར་ཚད།ཕབ་ལེན་གྱི་ཁ་ཕྱོགས། ཕབ་ལེན་གྱི་བར་ཐག ཕབ་ལེན་གྱི་མཐོ་ཚད། མདུན་དང་། གཞོགས། ཟུར། གསེག་སོགས་ཀྱི་ཚད་དང་། སྤྱིའི་ཟུར་ཚད་ཀྱི་གཙོ་བོའི་བརྗེ་བསྒྱུར། ཉེ་འཐེན་དང་རྒྱང་འདེད་སོགས་ཀྱི་བརྙན་ལེན་གྱི་ཐབས་ལམ་རྣམས་ཆ་ཚང་སྦྱོང་དགོས་པ་དང་། བརྙན་ལེན་འཕྲུལ་ཆས་ཀྱི་ཐ་སྙད་མིང་ཚིག དེ་དག་གི་བྱེད་ནུས། བརྙན་ལེན་དང་པར་ལེན་འཕྲུལ་ཆས་ཀྱི་རིགས་དབྱེ། ནུས་ཚད་རྣམས་དེ་བས་ཤེས་དགོས།

       གཉིས་པ་གློག་བརྙན་གྱི་མཛེས་རྩལ་ཞེས་པ་ལ། མཛེས་རྩལ་མཁན། མཛེས་རྩལ་མཁན་གཞོན་པ། མཛེས་རྩལ་ལག་རོགས་པ་སོགས་ཡོད་པར་བཤད་ཡོད། དེ་ལ་ཐོག་མར་གློག་བརྙན་མཛེས་རྩལ་གྱི་གཞི་གཙོ་བོ་ཕྱི་ལྗོངས། རང་བྱུང་ལྗོངས། དངོས་ལྗོངས། འཁྲབ་ལྗོངས་སོགས་དང་། འཁྲབ་ཆས། འཁྲབ་མཁན། གྱོན་ཆས། གྱོན་ཆས་འཆར་འགོད་སོགས་ཡིན། དེ་བཞིན་གློག་བརྙན་ཡག་གཏོད་ཐབས་ལམ་ནི། ཁྱད་རྣམ་ཡག་གཏོད། རང་བཞིན་ཡག་གཏོད། དབྱིབས་བཅོས་ཡག་གཏོད། ཚོན་མདངས་ཡག་གཏོད། སྒྲིག་སྦྱོར་ཡག་གཏོད་སོགས་ཡོད། དཔེར་ན་དགོན་སྡེ་ཞིག་བརྙན་ལེན་པའི་སྐབས་གློག་བརྙན་གྱི་མཛེས་རྩལ་གྱི་ཆ་ལ་དགོན་པ་དེའི་གསེར་འཕྲུ། དེའི་འོད་ཟེར་དང་ཉི་འོད། དར་ལྕོག ད་དུང་གནས་མཇལ་བ་དད་ལྡན་རྣམས་ཀྱི་དབྱིབས་ཚུགས་སོགས་བརྙན་དུ་ལེན་པ་ལྟ་བུ་ཡིན།

       མདོར་ན་གློག་བརྙན་དེའི་བརྗོད་དོན་དང་འབྲེལ་བའི་སྒྱུ་རྩལ་གྱི་ཆ་དང་མཛེས་རྩལ་གྱི་ཆ་བདམ་དུ་ཡོད་དེ། དཔེར་ན་བརྩེ་དུང་གློག་བརྙན་ལྟ་བུ་ལ་མཚོན་ན་མི་སྣའི་མཛེས་རྩལ་བུད་མེད་མཛེས་མ་དང་། སྐྱེས་པ་གཟུགས་མཛེས། ཡུལ་ངོས་ནས་སྐྱེད་མོས་ཚལ་དང་རྒྱ་མཚོའི་འགྲམ་ལྟ་བུ། དམག་འཁྲུག་གློག་བརྙན་ཡིན་ན་མཛེས་རྩལ་གྱི་ཆ། མི་སྣའི་ངོས་ནས་དམག་འཐབ་ཀྱི་སྟངས་སྟབས་མཁས་པ། དམག་ཆས་གྱོན་པའི་མི་གྲངས་མང་བ་དང་། ཡུལ་ལ་འཇིགས་རུང་དང་འཐབ་འཛིང་གི་འུར་ཟིང་དང་ཐལ་རྡུལ་མོད་པ། རྡུལ་ཕྲན་འབར་གས་སོགས་ཀྱི་དངོས་པོ་མང་བ་ལྟ་བུ་གློག་བརྙན་དེས་མཚོན་པའི་མཛེས་རྩལ་གྱི་ཆ་ཡིན། དེ་དག་གིས་མཚོན་པའི་གློག་བརྙན་རེ་རེ་ལ་མཚོན་དོན་དང་འབྲེལ་བའི་མཛེས་རྩལ་དང་སྒྱུ་རྩལ་གྱི་ཆ་ཧ་ཅང་མང་ངོ་།།

བདུན་པ་གློག་བརྙན་རོལ་དབྱངས་དང་གློག་བརྙན་སྒྲ་ལེན།

        གློག་བརྙན་རོལ་དབྱངས་ལ་སྤྱིར་བརྗོད་དོན་རོལ་དབྱངས་དང་། བརྙན་འགོའི་རོལ་དབྱངས། བརྙན་མཇུག་རོལ་དབྱངས། འགུལ་རིས་རོལ་དབྱངས། རྒྱབ་ལྗོངས་རོལ་དབྱངས། གནས་སྤོར་རོལ་དབྱངས། ཁོར་ཡུག་རོལ་དབྱངས། འཚོ་བའི་རོལ་དབྱངས་སོགས་ཡོད་པར་གློག་བརྙན་ཚིག་མཛོད་དག་གི་ནང་དུ་བཤད་པ་ལྟར། གློག་བརྙན་འཁྲབ་པའི་བརྙན་རིས་ངོས་ཀྱི་རི་ཆུ་ནགས་གསུམ་དང་། ཞིང་འབྲོག་གྲོང་ཁྱེར། མི་སྣའི་དགའ་སྐྱོ་སོགས་དང་བསྟུན་པའི་བརྗོད་དོན་རོལ་དབྱངས་དང་། བརྗོད་དོན་གླུ་སྐད་དང་འབྲེལ་བའི་རོལ་དབྱངས་རྣམས་ཡིན། དེ་ལྟར་རོལ་དབྱངས་དང་བརྗོད་དོན་གྱི་སྒྲ་ལ་ཡང་། མི་སྐད། ཆུ་སྒྲ། རླུང་སྒྲ། ལད་སྒྲ། སྒྲ་སྐྱེད། སྒྲ་ཚད། སྒྲ་གདངས། མཁའ་དབུགས་ཀྱི་སྒྲ། ཁོར་ཡུག་གི་སྒྲ། མདོར་ན་རང་བྱུང་ཁམས་ཀྱི་འབྱུང་བཞིའི་སྒྲ་དང་། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་རོལ་དབྱངས། མི་ཡི་བརྗོད་དོན་གྱི་གཏམ་དང་གླུ་སྐད་སོགས་ཡོད། དེ་ལྟར་སྒྲ་ལེན་པའི་སྐབས་སུ་ཡང་སྐད་སྒྲའི་དུས་རབས་ཀྱི་ཚོར་བ་དང་། སྐད་སྒྲའི་ས་གནས་ཀྱི་ཁྱད་ཆོས། སྐད་སྒྲའི་མི་རིགས་ཀྱི་ཁྱད་ཆོས། སྐད་སྒྲའི་ཁོར་ཡུག་གི་ཚོར་བ། སྐད་སྒྲའི་གོ་རིམ་གྱི་ཚོར་བ། སྐད་སྒྲའི་སྒྱུ་རྩལ་གྱི་ཐག་གཅོད། སྐད་སྒྲའི་དངོས་སྣང་གི་ཚོར་བ་སོགས་ཡོད་དགོས་པ་དག་ཤེས་དགོས། དེ་བཞིན་སྒྲ་ལེན་པ་རང་ཉིད་ཀྱིས་སྒྲ་ལེན་གནས་ཐོའི་རེའུ་མིག་དང་། ཁོར་ཡུག་གི་སྒྲ་ལེན་གྱི་ལག་རྩལ་ཡོད་དགོས་པ་དང་། སྒྲ་ལེན་འཕྲུལ་ཆས་དང་། རང་འགུལ་སྒྲ་ལེན། ལམ་མང་སྒྲ་ལེན། ཨང་ཀི་སྒྲ་ལེན་སོགས་ཀྱི་ཐ་སྙད་དང་དེ་དག་ཇི་ལྟར་བཀོལ་སྤྱོད་བྱེད་ཚུལ་རྣམས་ལེགས་པར་ཤེས་དགོས།

        དེ་བཞིན་གླུ་དབྱངས། རོལ་མོ། རང་བྱུང་གི་སྒྲ་སོགས་ཀྱི་ནུས་པ་དང་སྣང་ཁམས། དྲན་ཚོར། ཡིད་བརྙན། བློ་འགྱུ་རྣམས་དེ་བས་ཤེས་དགོས། དེ་ལྟར་ཤེས་ན་གློག་བརྙན་འཆར་ངོས་ཀྱི་སྣང་བརྙན་རེ་རེ་དང་མི་སྣ་རེ་རེ་དང་འབྲེལ་བའི་ཡིད་འགྱུ་དང་ཚོར་འདུ་ཤུགས་ཆེན་སྟོན་ཐུབ་པའི་བརྗོད་དོན་རོལ་དབྱངས་འདེམས་ཐུབ་པ་མི་ཚད། བརྙན་གཟིགས་མཁན་རྣམས་ཀྱི་དྲན་པ་དབང་མེད་དུ་འཕྲོག་ཐུབ། དེ་བཞིན་མི་སྣའི་གཏམ་བརྗོད་སྒྲ་ལེན་ཡང་དེ་ལྟར་ཡིན་ཏེ། དགའ་སྐྱོ་ཆགས་སྡང་། ཁྲོ་ཆགས་ཉལ་འདུག་གི་སྤྱོད་པ་དང་། ཕོ་མོ་ཆེ་ཆུང་། འཇིགས་སྐུལ་ཞི་བ། མང་ཚོགས་ཁེར་རྐྱང་སོགས་ཀྱི་མི་སྣ་དང་འབྲེལ་བའི་བརྗོད་དོན་གཏམ་གླེང་གི་སྒྲ་རྣམས་ལེན་པའི་ཚེ་གོང་གི་མི་སྣ་དེ་དང་མཐུན་པའི་སྒྲ་རྣམས་ཕབ་ལེན་གྱི་ནུས་པ་ལྡན་དགོས་ལ། དེ་དག་གི་སྐད་གདངས་མཐོ་དམན། སྙན་དང་མི་སྙན་སོགས་ཀྱི་དབྱེ་འབྱེད་དེ་བས་ཤེས་དགོས། དེས་ན་གློག་བརྙན་རོལ་དབྱངས་དང་སྒྲ་ལེན་གྱི་ཁྱད་ཆོས་དང་ཆེད་ལས་དེ་དག་ཤེས་ན་ཁྱོད་ཀྱི་གློག་བརྙན་བརྗོད་དོན་གླུ་དབྱངས། རོལ་ཆས་ཁོར་ཡུག་སོགས་ཀྱི་སྒྲ་རྣམས་ཞིབ་ལེན་བྱེད་ཐུབ་པ་མི་ཚད། བརྙན་ངོས་ཀྱི་བརྗོད་དོན་དང་མཐུན་པའི་རོལ་མོ་དང་གླུ་སྐད་གཏམ་གླེང་སོགས་སྒྲིག་ནུས་པའི་ཁྱད་ནུས་ལྡན་པ་ཡིན་ནོ།།

c4805d056d1f4672b26fae232d0f9707.jpeg

བརྒྱད་པ་གློག་བརྙན་གཅོད་སྒྲིག་དང་གློག་བརྙན་དོ་དམ།

         གློག་བརྙན་གཅོད་སྒྲིག་ནི། གོང་གི་གློག་བརྙན་ཕབ་ལེན་ཡོངས་རྫོགས་གྲུབ་རྗེས་གློག་བརྙན་ཆེད་ལས་ཁང་ནས་སྒྲིག་བཟོ་བྱས་པའི་ལག་རྩལ་ཞིག་ཡིན་ཏེ། དེ་ནི་གློག་བརྙན་ཆེད་ལས་གཅོད་སྒྲིག་སྒྱུ་རྩལ་མཁན་གྱི་སྒྲིག་བཟོའི་མ་ལག་གི་ཐབས་ལམ་འདྲ་མིན་ཡིན། དཔེར་ན་གཅོད་སྒྲིག་གཞི་མདངས་དང་། གཅོད་སྒྲིག་བྱེད་ཐབས། པར་སྣེ་སྒྲིག་མཐུད། མུ་འབྲེལ་གྲུབ་རིས། ཁ་གཏད་གྲུབ་རིས། གནས་ངོས་སྒྲིག་མཐུད། པར་སྣེ་སྙོམ་སྒྲིག མགྱོགས་མྱུར་གཅོད་སྒྲིག སྟངས་སྟབས་གཅོད་སྒྲིག སྟངས་སྟབས་དབྱེ་ཐབས། གསེག་གཅོད། འདྲ་ཕྱིའི་གཅོད་སྒྲིག རོལ་དབྱངས་གཅོད་སྒྲིག་སོགས་ཡོད་པར་གློག་བརྙན་ཚིག་མཛོད་དག་གི་ནང་དུ་བཤད་ཡོད།

           གློག་བརྙན་ཞིག་ལ་མཚོན་ན་སྒྱུ་རྩལ་གྱི་མ་གཞི་གཙོ་བོ་ནི་བརྙན་ལེན་གྱི་ཡུལ་དངོས་དང་བརྙན་ལེན་གྱི་ཐབས་རྩལ་ཡིན་ཡང་། གཅོད་སྒྲིག་སྒྱུ་རྩལ་གྱི་ཐབས་ལམ་ནི་དེ་བས་ཀྱང་གལ་ཆེན་རང་བཞིན་ཞིག་ཡིན། གློག་བརྙན་སྤུས་ལེགས་ཤིག་གྲུབ་དགོས་ན་མི་སྣ་ཡང་དེ་དང་མཚུངས་པའི་སྤུས་ལེགས་ཏག་ཏག་འཛོམས་དགོས་ཏེ། འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན། འཁྲབ་ཁྲིད་པ་གྲགས་ཅན། འཁྲབ་སྟོན་པ་གྲགས་ཅན། བརྙན་ལེན་པ་གྲགས་ཅན། སྒྲིག་སྦྱོར་བ་གྲགས་ཅན། རོལ་དབྱངས་པ་གྲགས་ཅན། བློ་འདོན་པ་གྲགས་ཅན་སོགས་ངེས་པར་དུ་འཛོམས་དགོས། དེ་ལྟར་འཛོམས་ན་གློག་བརྙན་ཡང་གྲགས་ཅན་གློག་བརྙན་ཞིག་ཡོང་ངེས་རེད།

        དཔེར་ན་འཛམ་གླིང་གློག་བརྙན་ལས་ཁུང་གྲགས་ཅན་གཉིས་ཏེ། འཛམ་གླིང་གློག་བརྙན་ཁེ་ལས་ཅན་དང་འབྲེལ་བའི་ཨ་རིའི་ཧོ་ལི་ཝུཌ་གློག་བརྙན་(好莱坞)(HOLLYWOOD)དང་། རྒྱ་གར་གྱི་བྷོ་ལི་ཝུཌ་གློག་བརྙན་(宝莱坞)(BOLLYWOOD)  བཟོ་གྲྭ་སོགས་ནས་བཟོས་པའི་གློག་བརྙན་རྣམས་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་སྙན་གྲགས་ཆེ་བའི་འཁྲབ་སྟོན་པ་དང་། འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན། སྒྲིག་སྦྱོར་བ་གྲགས་ཅན་སོགས་འཛོམས་ནས་བཟོས་པས་གློག་བརྙན་ཡང་ཧ་ཅང་གྲགས་ཅན་ཏག་ཏག་ཡིན་པ་ལྟ་བུ་རེད། དེའི་བརྙན་སྦྱོར་ཁང་དང་། བརྙན་བཟོ་མི་སྣ་གྲགས་ཅན་རྣམས་དང་འབྲེལ་ནས་གློག་བརྙན་གཅོད་སྒྲིག་གི་སྒྱུ་རྩལ་སྤུས་གཙང་གནང་བ་ནི་གློག་བརྙན་གྱི་མཛེས་པ་དང་སྒྱུ་རྩལ་གལ་ཆེན་ཞིག་རེད།

         གཉིས་པ་གློག་བརྙན་དོ་དམ་ཟེར་བ་ནི། རང་རང་གིས་བྲིས་པའི་འཁྲབ་གཞུང་བརྩམས་ཆོས་དང་། གློག་བརྙན་སོགས་གློག་བརྙན་པར་དབང་གི་ཆོག་མཆན་མེད་པར་གཞན་གྱིས་དཔར་བ་དང་། ཡང་ན་རང་གིས་བཟོས་པའི་གློག་བརྙན་གཞན་གྱིས་བཟོ་བཅོས་བཏང་བ་སོགས་མི་ཡོང་བའི་ཐབས་ཤེས་ཤིག་ཡིན། དེས་ན་གློག་བརྙན་དོ་དམ་ནི་གློག་བརྙན་ཞིབ་བཤེར་ལམ་ལུགས་དང་མཐུན་པའི་བདག་དབང་ཡོད་པ། གློག་བརྙན་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་པ། རྒྱལ་ནང་དང་རྒྱལ་སྤྱིར་འགྲེམས་སྤེལ་ཆོག་པའི་ཆོག་མཆན་ཡོད་པ། འགྲེམས་བརྡ་དང་དྲིལ་སྒྲོག་གི་དབང་ཆ་ཚད་ལྡན་ཡོད་པ་བཅས་ཡིན།

          ད་དུང་གློག་བརྙན་བརྙན་སྐྲུན་བཟོ་གྲྭ་དང་། གློག་བརྙན་ཚོང་ར། བརྙན་འབེབས་བརྙན་ལྷེ། ཚོད་ལྟའི་གློག་བརྙན། གློག་བརྙན་ཁང་སོགས་ནས་གློག་བརྙན་དོ་དམ་བྱ་བའི་ཚུལ་རྣམས་དང་།གློག་བརྙན་འཁྲབ་པའི་དུས་ཀྱི་ཉིན་རེའི་འགྲོ་སྒོའི་འཆར་གཞི་རེའུ་མིག་གི་དོ་དམ། སྤ་སེ་ཁང་[3]དང་སྤ་སེའི་ཡོང་འབབ་[4]ཀྱི་དོ་དམ། འཁྲབ་གཞུང་དང་འཁྲབ་ཁྲིད་འཁྲབ་མཁན་སོགས་ཀྱི་དོ་དམ་བྱེད་ཚུལ་རྣམས་ཡིན། དེ་ལྟར་གློག་བརྙན་དང་འབྲེལ་བའི་གལ་གནད་རྩ་ཆེན་འདི་བརྒྱད་ནི་གློག་བརྙན་ལས་རིགས་ལས་མཁན་ཀུན་ལ་མཁོ་བའི་མ་རྩའི་བསམ་གཞི་དང་འཆར་གཞི་ཡིན་ལ། གློག་བརྙན་དང་འབྲེལ་བའི་ལས་རིགས་གང་ཞིག་ཡིན་རུང་འདི་དག་གི་ནང་དུ་མ་འདུས་པ་ཧ་ལམ་མེད་པས། དེའི་ཕྱིར་འདི་བརྒྱད་ཀྱིས་གློག་བརྙན་སྐོར་གྱི་དོན་བསྡུས་ཙམ་བརྗོད་པ་ཡིན་ནོ།།


ཞེས་པ་འདིའང་བོད་ནང་གི་སྦས་ཡུལ་ཀྱེ་རེ་ལྗོངས་ཀྱི་ཉེ་འགྲམ་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དུ་བྲིས་པའོ།།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་དྲ་བ་ལས་དྲངས་པ་ཡིན།


[1]  རྩོམ་སྒྲིག་པའི་གསལ་བཤད། ཚིག་འདི་རྩོམ་པ་པོས་བསྐྱར་ཟློས་བྱས་ཡོད་པ་ལྟ་བུར་སྣང་ཡང་གནས་སྐབས་ཤིག་སོར་བཞག་བྱས་པ་ཡིན།

[2]  གློག་བརྙན་དེ་ནི་སྤྱི་ལོ་ ༢༠༠༩ ལོར་འགྲེམས་སྟོན་བྱས་པའི་གློག་བརྙན་གྲགས་ཅན་ «༢༠༡༢» ཞེས་པ་དེ་རེད། «དུས་མཐའི་འཇིག་བསྐལ།» ཞེས་པ་ནི་དེའི་ཁ་བྱང་གི་འགྲེལ་ཏེ།དབྱིན་སྐད་དུ་ «The End of the World» ཞེས་དྲ་ལམ་ཁག་ཏུ་གསལ།

[3]  རྩོམ་སྒྲིག་པའི་གསལ་བཤད། འཛིན་བྱང་དང་འཛིན་བྱང་ཁང་།

[4]  རྩོམ་སྒྲིག་པའི་གསལ་བཤད། འཛིན་བྱང་གི་ཡོང་འབབ།

དཔྱད་མཆན་ཡོད།