རམས་ཚེ་བྷོ་ཡིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་《བྲག་དཀར་སྤུན་གསུམ》ཞེས་པ།

ཉེ་བའི་སྔོན་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་བྱད་སྦྲགས་མའི་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་རམས་ཚེ་བྷོ་ཡིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི《བྲག་དཀར་སྤུན་གསུམ》ཞེས་པའི་བརྙན་འཕྲིན་ཟིན་བྲིས་དེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཡུལ་དངོས་ནས། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། བརྙན་ལེན་པ་བཅས་ཀྱིས་ཉིན་བཅོ་ལྔ་ལྷག་གི་དཀའ་ཚེགས་མ་འཛེམས་པར་འབད་པ་ཐེར་ཟུག་གི་སྙིང་སྟོབས་ལ་བརྟེན་ནས་ཡོངས་སུ་ལེགས་འགྲུབ་བྱུང་པར་མ་ཟད། དེ་རིང་སྨྱན་སྦྱོར་འཕྲིན་སྟེགས་ནས་དངོས་སུ་ཐད་གཏོང་བྱེད་འགོ་བརྩམས།

640.jpg3.jpg

དམངས་ཁྲོད་བཤད་རྒྱུན་ཁྲོད་ཀྱི་ཨ་མྱེས་བྲག་དཀར།

    ཨ་མྱེས་བྲག་དཀར་ཞེས་པའི་གནས་རི་དེ་མཚོ་ལྷོ་དང་རྨ་ལྷོ་བོད་རིགས་རང་སྐྱོར་ཁུལ་གཉིས་ཀྱི་རྫོང་བཞིའི་བར་མཚམས་ན་ཆགས་ཡོད་པའི་གནས་རི་གལ་ཆེན་ཞིག་ཡིན་ཞིང་། གནས་རི་དེའི་དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011ལྷག་ཡོད་པ་དང་།རིང་ཚད་སྤྱི་ལེ20ལྷག་ཡོད་པ་དང།ཞེང་ཚད་ལ་སྤྱི་ལེ4ལྷག་ཡོད། གནས་རི་དེའི་སྟོད་ཕྱོགས་དབྱར་དགུན་དུས་བཞིར་གངས་ཀྱིས་བཟུང་ཞིང་། སྨད་ཕྱོགས་ནགས་ཚལ་གྱིས་ཡོད་པས། ཡུལ་ཕྱོགས་ཆེས་མཛེས་སྡུག་ལྡན་པའི་གནས་སྐོར་ས་ཁུལ་ཡང་ཡིན། ཡུལ་ཕྱོགས་སྲོལ་རྒྱུན་བཤད་སྲོལ་ལྟར་ན། གནའ་སྔ་མོའི་དུས་སུ། ཡུལ་ཕྱོགས་དེའི་ཡུལ་མི་ཉམས་ཆུང་རྣམས་ལ་དུས་རྒྱུན་ཇག་རྐུན་གྱིས་གཙེས་ཤིང་། མི་གསོད་རྒྱུ་འཕྲོག་གི་དོན་ངན་མང་དུ་བྱུང་བས། ཨ་མྱེས་རྨ་རྒྱལ་གྱིས་ཨ་མྱེས་བྲག་དཀར་དེ་ཇག་རྐུན་ཁ་གནོན་བྱེད་པའི་གཞི་བདག་ཏུ་མངགས་ཤིང་། ཨ་མྱེས་བྲག་དཀར་གྱིས་མཐུ་ནུས་སྣ་ཚོགས་ལ་བརྟེན་ནས་ཡུལ་ཕྱོགས་དེ་ཇག་མེད་ནད་མེད་ཀྱི་གནས་ལ་བཀོད་པས། ད་ལྟ་གནས་རི་དེའི་མཐའ་ཁོར་གྱི་རི་བོ་ཆེ་ཆུང་བརྒྱ་དང་བརྒྱད་ཀྱིས་རང་རང་གི་དབུ་རྩེ་ཕྱོགས་གཅིག་ཏུ་འདུད་པའི་དབུས་ན་ཨ་མྱེས་བྲག་དཀར་ནི་ཡུལ་ལྷའི་རྒྱལ་བོའི་ཚུལ་དུ་བཞུགས་ཡོད་པ་ཡོད། ཡུལ་ཕྱོགས་དེའི་ཡུལ་མི་རྣམས་ཀྱི་སེམས་སྟེང་ན། ཨ་མྱེས་བྲག་དཀར་ནི་མ་རུངས་ཇག་ཡམས་སོགས་ཀྱི་ཁ་གནོད་དང་འགྲོ་བ་སེམས་ཅན་གྱི་མགོན་སྐྱབས་ཀྱི་ཚུལ་དུ་བཞུགས་ཡོད། །

43.jpg

4544.jpg

བརྙན་འཕྲིན་ཟིན་བྲིས་ནང་ནི་བྲག་དཀར་སྤུན་གསུམ།

    ཚང་མས་ཤེས་གསལ་ལྟར། ད་ལོ་ནི་གནད་ཁེལ་དབུལ་སྐྱོར་ནས་འབྱོར་འབྲིང་འཚོ་བར་བསྐྱོད་པའི་ཆེས་གལ་ཆེ་བའི་ལོ་ཞིག་ཡིན་པས།  《བྲག་དཀར་སྤུན་གསུམ》གྱི་ནང་དོན་དུའང་། ལས་དོན་རླངས་པོ་ཆེ་དེ་བརྗོད་གཞི་གལ་ཆེན་དུ་བརྩིས་ནས། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། བརྙན་སྦྱོར་བ་ཡོངས་ནས་སེམས་ཤུགས་གཅིག་སྒྲིལ་སྒོས་འཕྲང་དམར་གྲོལ་རྡལ་རྐང་ཚ་ཞོལ་མ་དང་མཆོས་རྟེན་གཞོང་། རྟ་སྒ་གཞོང་བཅས་ཡུལ་དངོས་ནས་བརྙན་འཕྲིན་ཟིན་བྲིས་སུ་ཕབ་བསྐྲུན་བྱས། བརྙན་འཕྲིན་དུ་ལུས་སྲོག་ཟུང་ལྡན་གྱི་བརྙན་འཕྲིན་ཐབས་ལམ་ལ་བརྟེན་ནས། མཚོ་བོད་མཐོ་སྒང་གི་ཡུལ་ཁམས་ཡོངས་སུ་དབུལ་སྐྱོར་ཕྱུག་གྱུར་དང་གནད་ཁེལ་དབུལ་སྐྱོར། དེ་བཞིན་འབྱོར་འབྲིང་འཚོ་བར་བསྐྱོད་པ་བཅས་ཡང་དག་པའི་སྲིད་ཇུས་དང་རྒྱལ་ཁབ་སྲིད་གཞུང་རབས་དང་རིམ་པས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་འོག  གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དེ། 《བྲག་དཀར་སྤུན་གསུམ》གྱི་གཟུགས་བརྙན་གསོན་པོར་བརྟེན་ནས་ཕབ་བསྐྲུན་བྱས་ཡོད། བརྙན་འཕྲིན་ནང་བྲག་དཀར་སྤུན་གསུམ་གྱི་འཚོ་བའི་སྔ་ཕྱིའི་འགྱུར་ལྡོག་དེ་ཐིག་རྩར་བཟུང་ནས། གྲོལ་རྡལ་གྱི་འགོ་ཁྲིད་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་སོགས་ཀྱིས་སྲིད་ཇུས་བཟང་བོ་དེ་ཡིད་ལ་དམ་པོར་བཟུང་ཞིང་མང་ཚོགས་ཕྱུག་འགྱུར་གྱི་ལས་དོན་ཡིད་ལ་དམ་པར་བཟུང་ནས། ཆར་རླུང་ལ་འཛེམ་དོགས་མེད་ཅིང་དཀའ་སྡུག་ལ་འཁང་ར་མེད་པར་ཡུལ་སྡེ་སོ་སོར་སོང་སྟེ། ཁ་ཁོག་གཉིས་མེད་སྒོས་ཏང་གི་སྲིད་ཇུས་ཁྱབ་བསྒྲགས་བྱས་ཤིང་དམིགས་ཡོད་རིམ་གསལ་གྱི་ཁ་ཏ་སློབ་གསོ་བཏང་བ། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་བླངས་པ་སོགས། གསོན་ཉམས་དོད་པོའི་མི་སྣ་རེ་རེའི་བསམ་བློའི་འགྱུར་ལྡོག་དང་འཚོ་བའི་འགྱུར་ལྡོག་བཅས་ལ་བརྟེན་ནས་མངོན་སུམ་གཟུགས་བརྙན་སྒོས་མཚོན་ཡོད། །

Jietu20200905-102003@2x.jpg

    བརྙན་འཕྲིན་ནང་འཕྲང་དམར་གྲོང་རྡལ་རྐང་ཚ་ཞོལ་མའི་བུ་སྤུན་གསུམ་སྟེ། སྤུན་ཆེ་བོ་རྣམ་རྒྱལ་དང་སྤུན་འབྲིང་བོ་ཚེ་གཟུགས་རྒྱལ། སྤུན་ཆུང་བོ་དཔའ་ཁོ་གསུམ་གྱི་ཁྱིམ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་གོ་རིམ་དེ་བརྙན་འཕྲིན་གཟུགས་བརྙན་རེ་རེའི་སྔ་ཕྱིའི་འགྱུར་ལྡོག་ལ་བརྟེན་ནས་མཚོན་ཐབས་བྱས་ཡོད། ཕུ་བོ་རྣམ་རྒྱལ་གྱིས་རྐང་ཚ་ཞོལ་མའི་རྩྭ་སྲུང་གི་ལས་ཀར་བརྟེན་ནས་རང་ཁྱིམ་ཕྱུག་བོར་བསྒྱུར་ཞོར་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གཟུགས་བརྙན་མཚོན་ཡོད། ནུ་བོ་ཚེ་གཟུགས་རྒྱལ་གྱིས་ཕྱུག་ལས་མཉམ་ལས་ཁང་བཙུགས་པར་བརྟེན་ནས། ཡུལ་སྡེའི་ཕྱུག་བསྒྱུར་གྱི་མ་དཔེ་ལྟ་བུའི་གཟུགས་བརྙན་མཚོན་ཡོད། ནུ་བོ་དཔའ་ཁོ་ཡིས་ཤིང་ལས་ལག་རྩལ་སློབ་རྗེས། ཤིང་བརྐོས་བཟོ་གྲྭ་བཙུགས་ནས་ཕྱུག་བསྒྱུར་ལས་དོན་གཉེར་བ་སྟེ། རིག་གནས་ཤེས་བྱར་བརྟེན་ནས་རང་གི་ལས་དབང་བསྒྱུར་བའི་གཟུགས་བརྙན་བསྐྲུན་ཡོད། བརྙན་འཕྲིན་གྱི་མཇུག་དུ་ནུ་བོ་གཉིས་ཀྱིས་རོགས་རམ་ལ་བརྟེན་ནས། ཕུ་བོ་རྣམ་རྒྱལ་གྱིས་ཀྱང་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་འཛུགས་གྲབས་བྱེད་པའི་འཆར་སྒོ་འདོན་པ་བཅས་བརྙན་འཕྲིན་མཇུག་རྫོགས་པས་སོ། །

  མདོར་ན། བརྙན་འཕྲིན་གྱི་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་དང་ཕྱུག་གྱུར་ཐིག་རྩ་བཟུང་ནས། ཏང་གི་སྲིད་ཇུས་ཀྱི་རོགས་སྐྱོར་དང་ས་གནས་འགོ་ཁྲིད་ཀྱི་རོགས་སྐྱོར།དེ་བཞིན་ཕུ་ནུའི་ཕན་ཚུན་རོགས་སྐྱོར་བཅས་བརྙན་འཕྲིན་རྒྱུད་རིམ་བྱས་ནས། འབྱོར་འབྲིང་འཚོ་བར་བསྐྱོད་པའི་འཆམ་མཐུན་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་དེ་མི་རྣམས་ཀྱི་སྤྱན་ལམ་དུ་བཞེངས་བསྐྲུན་བྱས་ཡོད་པས། ཨ་མྱེས་བྲག་དཀར་ནི་མ་རུངས་ཇག་ཡམས་སོགས་ཀྱི་ཁ་གནོད་དང་འགྲོ་བ་སེམས་ཅན་གྱི་མགོན་སྐྱབས་ཀྱི་གཟུགས་བརྙན་ཞིག་ཡིན་ཞིང་། ཏང་གི་སྲིད་ཇུས་དང་ས་གནས་ཀྱི་འགོ་ཁྲིད་ཀྱིས་སྲིད་ཇུས་བཟང་བོ་དེ་ཇི་མ་ཇི་བཞིན་དུ་ལག་ལེན་བྱས་པ་མཚོན་ཡོད་པས། ཨ་མྱེས་བྲག་དཀར་དེ་ངེས་པ་དོན་གྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་གཟུགས་བརྙན་གསར་བའི་ཚུལ་དུ་བཞེངས་སྐྲུན་བྱས་ཡོད། །(བདུད་རྩི།)


དཔྱད་མཆན་ཡོད།