ཨ་རིའི་བརྙན་འཕྲིན་ཟློས་གར«1923»གྱི་དཔྱད་གཏམ།

«1923»

                                                     —ཨ་རིའི་བརྙན་འཕྲིན་ཟློས་གར«1923»གྱི་དཔྱད་གཏམ།

                                                                                                                                                                                                                                                                                               འཇིགས་བྱེད་འཚོ།

1679724461541124.jpg

       2018ལོར«རྡོ་སེར་པོ»(Yellowstone 黄石)ཞེས་པའི་ཨ་རིའི་ནུབ་རྒྱུད་ས་ཁུལ་གྱི་འབྲོག་པ་དང་ས་གཞིའི་སྐོར་བརྗོད་གཞི་བྱས་པའི་བརྙན་འཕྲིན་ཟློས་གར་རིང་མོ་དྲ་རྒྱའི་སྟེང་དུ་ཐོན། འཛམ་གླིང་ཡུལ་གྲུ་ཀུན་དུ་དགའ་བསུ་རྒྱ་ཆེར་ཐོབ་པ་དང་གདེང་འཇོག་ཀྱང་མཐོན་པོ་ཐོབ།  རྒྱལ་ནང་དྲ་ཚིགས་སུའང་འཁྲབ་ཚིག་རྒྱ་འགྱུར་མ་ཐོན་པ་དང་ཏུའུ་པན་གློག་བརྙན་དྲ་ཚིགས་སུ་སྐར་གྲངས་མཐོན་པོ་9.2ལ་སླེབས་འདུག མིག་སྔར་དུས་ཚིགས་ལྔ་དང་དུས་ཚིགས་སྔ་མ་བཞི་བོར་ལེའུ་བཅུ་རེ་དང་དུས་ཚིགས་ལྔ་བར་ལེའུ་བཅུ་བཞི་བཅས་སྡོམ་པས་ལེའུ་ང་བཞི་ཡོད་པ་རེད། བརྙན་འཕྲིན་ཟློས་གར་འདི་ཡི་གྲགས་པ་རྒྱས་པ་དང་བསྟུན་ནས། 2021ལོར«1883»ཞེས«རྡོ་སེར་པོ»ཡི་སྔར་སོང་གཏམ་རྒྱུད་ལྟ་བུ་སྟེ་གསར་སྦོལ་བྱེད་མཁན་གྱི་མི་རབས་དང་པོའི་གཏམ་རྒྱུད་དང་། 2022ལོར«1923»ཞེས«རྡོ་སེར་པོ»ཡི་མི་རབས་གཉིས་པའི་གཏམ་རྒྱུད་བརྗོད་པའི་རྡོ་སེར་པོའི་ཉེ་འཁོར་གཏམ་རྒྱུད་ཀྱི་ཟློས་གར་སྔ་གཞུག་ཏུ་ཐོན་ཏེ། ཧྥན་སིའི(Fans)ཚོགས་པ་རུ“རྡོ་སེར་པོའི་གོ་ལ”ཞེས་རྒྱ་ཁྱབ་དུ་ཤ་ཉེ་ཟློས་གར་འདི་དག་ལ་འབོད་ཀྱིན་འདུག་ལ། འདི་དག་གི་འཁྲབ་གཞུང་ནི་ཐྲེ་ལོར་ཤེ་རི་ཏན(Taylor Sheridan)གྱི་སྨྱུག་རྩལ་ལས་བྱུང་བ་དང་། «1883»དང«རྡོ་སེར་པོ»གཉིས་ཀྱི་འཁྲབ་ཁྲིད་པའང་ཁོ་རང་ཡིན་པ་རེད། 

1679724550410738.jpg

         སྐབས་སུ་བབས་པ་འདིར་བརྗོད་པར་བྱ་བ་ནི། «1923»ཞེས་པའི་ཟློས་གར་འདི་ཡིན་ཏེ། འདི་ནི་ཨ་མེ་རི་ཁའི“ནུབ་སྐྱོད་ལས་འགུལ”དམ་ཡང་ན་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐབས་ནུབ་རྒྱུད་ས་ཁུལ་དུ་གནས་སྤར་བྱས་པའི་དྷ་ཐིན་ཁྱིམ་རྒྱུད་ཀྱི་མི་རབས་གཉིས་པ་སྟེ། ནུབ་ཁུལ་མོན་ཐ་ནཱ་ནས་ས་བཟུང་ཞིང་གཞི་ཚུགས་ཏེ། “རྡོ་སེར་པོ”(Yellowstone)ཞེས་པའི་འབྲོག་ར་བཙུགས་ཤིང་། དེ་རུ་མི་རབས་ནས་མི་རབས་རྒྱུད་དེ་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། ནུབ་ཁུལ་རྒྱ་བསྐྱེད་ཀྱི་གོམ་སྟབས་དེ་ཙམ་གྱིས་མཚམས་མ་ཆད་པར། ད་དུང་མུ་མཐུད་དུ་མདུན་དུ་སྐྱོད་དེ་མ་རྩ་ཅན་ཕྱུག་བདག་མང་པོས་ཧམ་སེམས་འཁྱེར་ནས་ཡོང་གི་ཡོད་པ་དང་། ཅི་ཐུབ་ཀྱིས་དེང་རབས་ཅན་དང་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས་དེ་གའི་སྔར་ཡོད་ཀྱི་ལྷིང་འཇགས་རྣམ་པར་ཅ་ཟིང་བཟོ་སུན་པོ་བཞིན་ཡོད་པ་དང་།  ད་དུང་དཔལ་འབྱོར་ཉམས་རྒུད་སོགས་དཀའ་ཁག་མང་པོ་ཞིག་ལ་འཕྲད་ཀྱིན་པའི་སྐོར་བརྗོད་ཀྱི་ཡོད་པ་དང་། མིག་སྔར་དུས་ཚིགས་གཅིག་མ་གཏོགས་ཐོན་མི་འདུག་ལ། “རྡོ་སེར་པོའི་གོ་ལའི”ཁྲོད་མིག་སྔར་སྐར་གྲངས་ཆེས་མཐོན་པོའང་«1923»རེད།

1679724601573269.jpg

         བརྙན་འཕྲིན་ཟློས་གར་འདི་རུ་དོན་བརྗོད་ཐིག་གསུམ་གྱི་སྟེང་ནས་གཏམ་རྒྱུད་བཤད་ཡོད་པ་སྟེ། རྡོ་སེར་འབྲོག་ར་དང་མ་རྩ་ཅན་བར་གྱི་ས་གཞི་འཕྲོག་རྩོད་ཀྱི་འགལ་བ་དང་། ད་དུང་ལུག་བདག་བར་གྱི་རྩྭ་སའི་རྩོད་གླེང་གི་འགལ་བ་ནི་ཐིག་གཅིག་སྟེ། འདི་ནི་གཏམ་རྒྱུད་ཀྱི་གཙོ་ཐིག་རེད། དྷ་ཐིན་ཁྱིམ་རྒྱུད་ཀྱི་རྡོ་སེར་འབྲོག་ར་ནི་མོན་ཐཱ་ནཱ་ཁུལ་གྱི་འབྲོག་ར་ཆེས་ཆེ་ཤོས་དང་ས་ཡི་དགེ་བཅུ་འཛོམས་ས་ཞིག་ཡིན་པས། མ་རྩ་ཅན་གྱིས་དེའི་སྟེང་ལ་འགྲམ་ཆུ་ལྡང་ཞིང་ཅི་ཐབས་ཀྱིས་དྷ་ཐིན་ཚང་གི་ལག་ནས་ལེན་པའི་ཇུས་ངན་འཐེན་གྱི་ཡོད་པ་དང་།  ལུག་བདག་པན་ནཱས་ཀྱང་གླགས་དང་བསྟུན་ནས་རང་ཉིད་ཀྱི་ལུག་ཁྱུ་དྷ་ཐིན་ཚང་གི་ས་ཐོག་ཏུ་བཀྲམ་ནས་རྩྭ་ཟ་གི་ཡོད་པ་སོགས་ཕྱོགས་མང་པོའི་འགལ་ཟླ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལོ་ན་རྒས་པའི་དྷ་ཐིན་ཅཱ་ཁི་པུ་བཟའ་མི་གཉིས་དང་ད་དུང་ཁྱིམ་མགོ་ཐོན་དཀའ་བའི་ཚ་བོ་ཅེ་ཁུ་བཅས་ཀྱིས་ཁྱིམ་རྒྱུད་ཀྱི་རྟེན་གཞི་རྡོ་སེར་འབྲོག་ར་སྙིང་རུས་དང་ཨུ་ཚུགས་འདྲེས་མས་སྲུང་ཅི་ཐབས་བྱེད་ཀྱི་ཡོད་པ་ལས།  དེང་རབས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་གྱི་རྩེད་མོ་སྟེ། ཁྲིམས་ལུགས་དང་མ་རྩའི་མངོན་མེད་ཀྱི་འདྲེ་ལག་སོགས་གདོདམའི་འཇིག་རྟེན་དུ་ཇི་ལྟར་བརྐྱངས་པ་དང་ཇི་ལྟར་ཚུགས་པའི་སྐོར་དོན་དག་བྱེ་བྲག་པ་དེ་དག་རེ་རེའི་སྟེང་ནས་ལོ་རྒྱུས་ཀྱི་མེ་ལོང་དུ་གཟིགས་པ་བཞིན་དུ་གསལ་བོར་བསྟན་ཡོང་བས། ལྟད་མོ་བའི་མཚར་སྣང་དང་ལོ་རྒྱུས་ཤེས་བྱའི་འདོད་པ་ཚད་ངེས་ཅན་ནས་སྐོང་ཐུབ་པའམ་རོལ་རྩེད་ཀྱི་ཞོར་ནས་ཤེས་བྱ་ཁྱབ་བརྡལ་གྱི་འགན་འཁྲི་ཞིག་ཀྱང་འཁུར་འདུག

p2887481746_副本.jpg

          དམག་འཁྲུག་གི་རྗེས་སུ་ཧྥེ་གླིང་སོགས་སུ་གཅན་གཟན་རྔོན་པའི་ལས་ལ་འཇུག་པའི་དྷ་ཐིན་ཚང་གི་ཚ་བོ་སཱི་པེན་སིར་གྱི་སྐོར་ནི་ཡང་དོན་བརྗོད་ཐིག་གཅིག་སྟེ། ཁོས་སྐྱི་གཡའ་བའི་བའི་དམག་འཁྲུག་གི་སྡིག་རྩུབ་མྱངས་རྗེས། ཕྱིར་རང་ཡུལ་དུ་མ་ལོག་པར་ཆེད་ལས་རྔོན་པའི་ལས་ལ་ཞུགས་ནས་ཨ་ཧྥེ་རི་ཁ་སོགས་གང་སར་ཡུལ་མིའི་ཚེ་སྲོག་ལ་གནོད་འཚེ་གཏོང་བཞིན་པའི་གཅན་གཟན་རྔོན་ཏེ་ཉེན་ཁ་དང་མཉམ་འགྲོ་མཉམ་ཞིབ་ཀྱིས་དུས་བདའ་བར་བྱེད་ཀྱི་ཡོད་པ་དང་། དེའི་གོ་རིམ་ཁྲོད་དུ་བློ་ཡུལ་ལས་འདས་པའི་བརྩེ་དུང་ལ་འཕྲད་དེ། ཨ་ཧྥེ་རི་ཁའི་རི་ཀླུང་དང་ནགས་ཚལ།  རྒྱ་མཚོ་སོགས་ངོ་མཚར་རང་བྱུང་ཁོར་ཡུག་གི་པང་དུ་ཨེ་ལི་ཟི་དང་མཉམ་དུ་རི་དྭགས་ཕོ་མོ་བཞིན་བརྩེ་བའི་གར་ལ་རྩེན་པ་དང་འཁྱུད་པའི་ངང་ཚུལ་དུ་ཡོད་སྒང་། རྡོ་སེར་འབྲོག་ར་ནས་ནམ་རྒྱུན་ཁོ་ལ་འཕྲིན་པ་སྐུར་བཞིན་པའི་ཁོའི་ཨ་ནེས་འཕྲིན་ཡིག་བཏང་ཡོང་སྟེ། རྡོ་སེར་འབྲོག་ར་ཆགས་འཇུག་ལ་ཐུག་ཡོད་པ་དང་ཁོ་རང་མྱུར་དུ་ཕ་ཡུལ་ལ་ལོག་དགོས་པའི་འབོད་བརྡ་འབྱོར་བས། རྒྱ་མཚོ་ཆེན་པོ་བརྒལ་ནས་ཟླ་ལམ་དུ་མའི་ཕྱིར་ལོག་གི་འགོ་བརྩམས་པ་དང་། ཁོ་གཉིས་ཀྱི་སྲོལ་རྒྱུན་དང་མི་ཁ། དངོས་ཡོད་བཅས་ལས་བརྒལ་བའི་ལྷ་ཡུལ་རྩེད་ཁང་ལྟ་བའི་བརྩེ་དུང་ཡང་ཨེ་ལི་ཟིའི་མག་པ་སྔོན་མ་ཚང་སྟེ་དབང་ཆེན་གྱིས་བཀག་རྒྱ་སྣ་ཚོགས་བཟོ་བཞིན་འདུག་པས། འགྲན་སློང་དེ་དག་གི་མདུན་ནས་མཐའ་མའི་ལས་དབང་དང་མཇུག་འབྲས་ཅི་འདྲ་ཡོང་བ་བཤད་དཀའ་ཡང་། དེ་ཡིས་ལྟད་མོ་བའི་དང་བ་ཐད་ཀར་འདྲེན་པར་བྱེད་པ་དང་།  ད་དུང་ཁོ་གཉིས་ཀྱི་ཉེན་མཆོངས་ཀྱི་རང་བཞིན་ལྡན་པའི་རང་དབང་བརྩོན་ལེན་དང་རང་སེམས་རྣལ་མར་ཉན་པ། བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྤོབས་པ་དང་དཔའ་གདེང་ནི་ཏག་ཏག་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ཕལ་མོ་ཆེ་ལ་དབུལ་བས། སྒྱུ་རྩལ་བརྩམས་ཆོས་ཤིག་གི་ཁྲོད་ནས་ཕུགས་བསམ་ཁྲོད་ཀྱི་བརྩེ་དུང་དེ་འདྲ་ཞིག་མྱོང་རོལ་བྱེད་ཐུབ་པའང་ལོངས་སྤྱོད་ཅིག་ཅི་ལ་མིན། ཚ་ཚ་འུར་འུར་གྱི་བརྩེ་དུང་དེའི་ཞོར་ནས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་སྐུ་དྲག་མི་དྲག་དང་མི་ཆེན་དབང་ཆེན་གྱི་རྙིང་ཞེན་དང་མཁྲེགས་འཛིན་གྱི་བསམ་བློའི་འཆིང་རྒྱ་ལ་ཟུར་ཟ་ཆེན་པོ་བྱས་འདུག་ལ།  འདྲ་མཉམ་དང་རང་དབང་གི་ཀུན་ཁྱབ་རིན་ཐང་གི་ས་བོན་ཞ་དང་ཞོར་ལ་གཏོར་གྱིན་འདུག

p2885924940_副本.jpg

          དབྱིན་ཏི་ཨན་གྱི་བུ་མོ་ཚོས་ཡེ་ཤུའི་ཆོས་ལུགས་སློབ་གྲྭ་རུ་མནར་གཅོད་མྱོང་བཞིན་པའི་སྐོར་ནི་དོན་བརྗོད་ཀྱི་ཐིག་གཞན་ཞིག་སྟེ། ཐིག་འདི་ནི་མིག་སྔར་རང་རྐྱ་འཕེར་བའི་ཚུལ་དུ་གནས་ལ། དྷ་ཐིན་ཚང་དང་འབྲེལ་བ་ཐེངས་གཅིག་བྱུང་བ་ནི་ལུག་བདག་པན་ནཱ་ཡི་ལུག་ཁྱུ་དྷ་ཐིན་ཚང་གིས་དབྱིན་ཏི་ཨན་སོར་བཞག་ཁུལ་དུ་དེད་དེ་དབྱིན་ཏི་ཨན་མིར་བྱིན་པ་དེ་མ་གཏོགས་གཏམ་རྒྱུད་ཀྱི་བྱུང་རིམ་སྟེང་ནས་མིག་སྔར་ཕན་ཚུན་ལ་འབྲེལ་བ་ཆེན་པོ་མི་འདུག  དེ་རུ་ལོ་རྒྱུས་ཐོག་མིང་གྲགས་ཆེ་བའི་ཨ་རིའི“ནུབ་སྐྱོད་འགུལ་སྐྱོད”དམ་ཡང་ན་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་འགུལ་གྱིས་སྤྱིའི་ཆ་ནས་ཨ་མེ་རི་ཁའི་མི་རིགས་སྙིང་སྟོབས་དང་སྙིང་རིས་བཙོ་སྦྱངས་བྱས་པ་དང་། འཚོལ་སྙེགས་དང་གསར་གཏོད་བྱེད་ཕོད་པའི་མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་མ་ཟད། ཁོ་ཚོའི་དམངས་གཙོའི་འདུ་ཤེས་མཐོར་འདེགས་དང་འཐུས་ཚང་དུ་བཏང་བ་དང་། ཁྱད་ཆོས་འབུར་དུ་ཐོན་པའི་ནུབ་ཁུལ་རིག་གནས་གྲུབ་སྟེ་འཛམ་གླིང་དུ་ཤུགས་རྐྱེན་ཟབ་མོ་བཞག་ཅིང་འཛམ་གླིང་རིག་གནས་གཅེས་ནོར་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ཡང་། མི་རབས་ནས་མི་རབས་བར་གནས་དེར་འཚོ་སྡོད་བྱས་པའི་དབྱིན་ཏི་ཨན་མི་ལ་མཚོན་ན་ལོ་རྒྱུས་ཚན་པ་དེ་ནི་བཟོད་གླགས་མེད་པའི་ན་ཟུག་ཅིག་སྟེ། “རི་བྱེའུ་ཡོང་ནས་ཡུལ་བྱེའུ་བདའ”ཟེར་བ་བཞིན་ཁོ་ཚོ་རང་ས་ནས་ཕྱིར་ཕུད་དང་མཐའ་སྐྲོད་བཏང་བ་དང་། ཤུལ་དུ་ལུས་པ་དག་ས་རྒྱུ་ཞན་ས“དབྱིན་ཏི་ཨན་སོར་འཇོག་ཁུལ”དུ་དེད་དེ། གཉའ་གནོན་དང་བཤུ་གཞོག ཀླད་བཀྲུ་དང་རྒྱུད་བསྒྱུར།  མནར་གཅོད་དང་དམར་གསོད་ཡ་ང་བ་མྱངས་པ་སོགས་ཀྱི་ཁྲག་དྲི་དྲོ་བའི་ལོ་རྒྱུས་ཀྱི་དྲན་པ་ཞིག་རེད། བརྙན་འཕྲིན་ཟློས་གར་འདི་རུ་ཡེ་ཤུ་ཆོས་ལུགས་དབྱིན་ཏི་ཨན་གྱི་བུ་མོའི་རྒྱུན་སྡོད་སློབ་གྲྭ་ཞིག་ཏུ་མི་རྒྱུད་དཀར་བོའི་ཆོས་ལུགས་མི་སྣས་སློབ་གསོ་ལ་ཁ་གཡར་ཏེ་བཙན་གྱིས་ཁྲིད་འོང་བའི་སློབ་ཕྲུག་བུ་མོ་དག་ལ་མི་ཆོས་དང་བྲལ་བའི་མནར་གཅོད་དང་ཚུལ་མིན་གྱི་རིགས་རྒྱུད་ཁྱད་གསོད་ཀྱི་སྦྱོར་བ་སྤེལ་བའི་ནག་ཉེས་བྱེ་བྲག་པ་རེ་རེ་སླར་མཚོན་བྱས་པ་བརྒྱུད། ལོ་རྒྱུས་འཕེལ་རྒྱས་ཀྱི་ཤ་འོད་ཆེན་མོའི་ཁྲོད་དུ་ཉམ་ཆུང་གི་ཚོགས་སྤྱི་དང་མི་སྒེར་གྱིས་ཁྲག་དང་རྣག་གི་རིན་དོད་ཕུད་པའི་ལོ་རྒྱུས་ཀྱི་གསང་བ་དང་ཉེས་དམིགས་ཐེར་འདོན་བྱས་ཡོད་པ་དང་། དབྱིན་ཏི་ཨ་མིས་ཀྱང་ཅི་ཐུབ་ཀྱིས་གཅིན་པ་ཚ་མོར་བླངས་པ་ལས་དབྱིན་ཏི་ཨན་མིའི་དཔའ་ངར་ཞུམ་མེད་དང་ངོ་རྒོལ་སྙིང་སྟོབས་མཚོན་ཐབས་བྱས་འདུག་ལ། ནུབ་ཁུལ་ས་རྒོད་ཡངས་མོའི་སྟེང་དུ་དཔལ་ཡོན་དང་སྡིག་རྩིབ། གསར་སྤེལ་དང་གཏོར་བཤིག་སྐྱ་མ་གཅིག་ཏུ་འདྲེས་པའི་མིའི་རིགས་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་བསམ་ཞིབ་བགྱིས་ཡོད་པས།  བརྙན་འཕྲིན་ཟློས་གར་བརྩམས་ཆོས་གང་དེ་སྙིང་དོན་སྟེང་ནས་མཐོར་འདེགས་བྱས་སྟེ། ཚོར་དབང་གི་རོལ་རྩེད་ཙམ་གྱིས་མ་ཟད་པར་འདས་སོང་ལོ་རྒྱུས་དང་དངོས་ཡོད་གང་ཐད་ནས་དོན་སྙིང་ཆེན་པོ་ལྡན།

p2888229527_副本.jpg

          «1923»ལ་ལྟད་མོ་ཆེ་བའི་རྒྱུ་མཚན་མདོར་དེད་ན། པར་མིག་རེ་རེའི་ཁྲོད་ཀྱི་ཡིད་དབང་འཕྲོག་པའི་ནུབ་རྒྱུད་ས་རྒོད་ཡངས་མོའི་པང་བ་ཡི་རང་བྱུང་སྟོབས་ཤུགས་དང་། སྐྱ་ཐེར་ཐེར་གྱི་མཚོན་མདོག་ལས་ཐོན་པའི་སྐྱོ་ལྷང་ལྷང་གི་ཚོར་བ། འཁྲབ་ལྗོངས་དང་གྲུབ་རིས་རེ་རེའི་ཁྲོད་འགོག་མེད་དུ་འཕྲོས་འོང་བའི་ལོ་རྒྱུས་སྙན་ངག་གི་མདངས་སོགས་ཕྱི་ཡི་བརྙན་མིག་སྐད་བརྡའི་ཐབས་རྩལ་ཁྱད་དུ་འཕགས་པའི་མཐུ་རྩལ་གྱིས་ཡིན་པ་མ་ཟད། གཙོ་བོ་ཐྲེ་ལོར་ཤེ་རི་ཏན(Taylor Sheridan)གྱི་གཏམ་རྒྱུད་ཀྱི་ནང་སྙིང་ཕུན་སུམ་ཚོགས་པ་དང་གཞི་རྒྱ་ཆེ་བ། ཞིབ་ཕྲ་ལྡན་པ་དང་བྱེ་བྲག་ཏུ་འབབ་པ། དེ་བས་ཀྱང་མི་སྣ་བཞེངས་སྐྲུན་བྱས་པ་ཧ་ཅང་གནད་དུ་འཁེལ་བ་དང་གསོན་ཉམས་ཀྱིས་ཕྱུག་པ། མི་སྣ་དེ་དག་འཇིག་རྟེན་དེ་འདྲ་ཞིག་ནས་དངོས་སུ་འོང་བ་ལྟར་དུ་སྣང་ལ། མི་སྣ་སོ་སོ་ལ་རང་རང་གི་གཤིས་ཀ་དང་འགུགས་ཤུགས་ལྡན་པ་སྟེ། ཏག་ཏག་ལོ་ན་བརྒྱད་ཅུར་ལོན་པའི་ཧ་རུས་སཱན་ཧྥོ་ཐི་རྒས་ཤིང་འཁོགས་ནའང་མི་སྣ་གཙོ་བོ་ཅཱ་ཁི་པུ་དྷ་ཐིན་ཕུན་སུམ་ཚོགས་པ་དང་འབུར་གཟུགས་སུ་འཁྲབ་བཞེངས་བྱས་ཡོད་དེ།  བློ་གྲོས་ཀྱིས་ཕྱུག་པའི་རྒན་པོ་ཞིག་གི་མི་ཚེའི་ཉམས་ལེན་དང་ཁོག་རྒྱ། དཔའ་གདེང་གིས་ཕྱུག་པའི་ནུབ་ཕྱོགས་གླང་རྫིའི་སྙིང་སྟོབས་དང་སྒེར་ཚུགས། ཁྱིམ་རྒྱུད་སྐྱོང་བའི་བརྩོན་འགྲུས་དང་ལ་རྒྱ་སོགས་ཕོ་ཁྱོ་གའི་སྟོབས་ཤུགས་དང་གཟི་བརྗིད་ཀྱིས་ཁེངས་པའི་སྣང་བརྙན་བཀུར་བར་འོས་ཤིང་མི་སེམས་ཡོངས་སུ་འགུགས་པ་ཞིག་བཞེངས་ཡོད་པ་དང་། ཟློས་གར་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་ཡང་དེ་བཞིན་དུ་ཡིད་དུ་འོང་སྟེ། རི་དང་ཁྱིམ་གཉིས་གོ་རར་འདུས་ཤིང་གཞུང་དྲང་དང་དཀྱེལ་ཡངས་ཡིན་པ་སོགས་མི་གཤིས་ཀྱི་ལེགས་པའི་ཆ་དག་ཡོངས་སུ་འཛོམས་པའི་མི་སྣའི་སྣང་བརྙན་དེ་དག་གིས་ལྟད་མོ་བར་བདེན་མཛེས་དགེ་གསུམ་གྱི་མཛེས་དཔྱོད་ལྟ་བ་ཡང་དག་ཅིག་གི་བྱབས་ཁྲུས་གནང་ཐུབ་པ་བཅས་ནས་ལྟད་མོ་བའི་བློ་ཁ་འདྲེན་པ་དང་ལྟད་མོ་བར་བསམ་བློའི་སྟེང་སྣེ་ཁྲིད་དང་མཐོར་འདེགས་ཀྱི་ནུས་པ་ལྡན་པས།  འཚོ་བཅུད་རབ་ཏུ་འཛོམས་པའི་བསམ་པའི་རྒྱགས་ཕྱེ་ཞིག་ཏུ་མཐོང་།

           «1923»གྱི་དུས་ཚིགས་དང་པོ་ཡོངས་སུ་རྫོགས་པ་དང་། དུས་ཚུགས་རྗེས་མའི་ཁྲོད་དུ་དྷ་ཐིན་ཚང་གིས་འབྲོག་ར་ཅི་ལྟར་སྐྱོབ་པ་དང་། སི་པན་སིར་གྱི་ལྷ་སྒྲུང་ལྟ་བའི་བརྩེ་དུང་གི་མཇུག་འབྲས་ཅི་འདྲ་ཡིན་པ། དྷ་ཐིན་ཚང་དང་དབྱིན་ཏི་ཨན་མའི་བར་འབྲེལ་མཐུད་ཅི་འདྲ་འབྱུང་བ་སོགས་ནི་གཞུག་གཏམ་ཡིན་པས། ང་ཚོས་རེ་ལྟོས་ཆེན་པོས་སྒུག་པར་བྱའོ།།

དཔྱད་མཆན་ཡོད།