དྲ་བའི་སྐར་ཆེན་ལི་ཐང་བསྟན་འཛིན་དང་གློག་བརྙན།

9f9b868b8ff137660db9b6a61712f497.gif

དྲ་བའི་སྐར་ཆེན་ལི་ཐང་བསྟན་འཛིན་དང་གློག་བརྙན།

—ཁམས་པའི་བརྙན་འཕྲིན་ཁང་གིས་རྒན་པདྨ་ལ་བསྟན་འཛིན་གྱི་

སྐོར་ནས་དྲིས་པའི་འཕྲོས་བཤད།

      བསྟན་འཛིན་ཞེས་པའི་བུ་དེ་དྲ་བའི་སྐར་ཆེན་ནམ་གློ་བུར་དུ་ཁ་པར་ཤེལ་ངོ་ལས་མི་མང་པོས་དོ་སྣང་བྱེད་ཡུལ་དུ་གྱུར་པ་དང་འབྲེལ་བོད་ཀྱི་གློག་བརྙན་སྐོར་ནས་སྐད་ཆ་འགའ་བཤད་ན། ད་ལྟ་དྲ་ལམ་ཁག་ཏུ་ཁྱབ་བཞིན་པའི་གནས་ཚུལ་ལྟར་ན་བསྟན་འཛིན་ཟེར་བའི་གཞོན་ནུ་དེ་ཁམས་ལི་ཐང་ནས་ཡིན་པའི་འབྲོག་ཕྲུག་ཅིག་རེད་འདུག་ཅིང་། ཁོས་སྡེ་བའི་ནང་གི་ཚོང་ཁང་ཆུང་ཆུང་ཞིག་ནས་སྟབས་ཐུག་གཉིས་ཉོས་ཏེ་ཕྱིར་ཁྱིམ་ལ་ལོག་སྐབས་རྒྱ་མི་པར་བ་ཞིག་གིས་བརྙན་ཐུང་ཞིག་བླངས་ནས་དྲ་ཐོག་ཏུ་བཞག་རྗེས་སྟེས་དབང་ཞིག་གིས་མི་མང་བོས་དོ་སྣང་བྱེད་ཡུལ(དྲ་བའི་སྐར་ཆེན)ཞིག་ཏུ་གྱུར། དེའི་རྗེས་རྒྱ་ནང་གི་བརྙན་སྦྱོར་ཀུང་ཟི་མང་པོ་དང་བརྙན་འཕྲིན་ཁང་འགའ་རེས་ཁོ་ལེ་ཚན་གང་མང་ལ(选秀综艺节目)ཞུགས་པར་གདན་འདྲེན་བྱེད་རྩིས་དང་ལས་ཀའི་ཆིངས་ཡིག་རྒྱག་ཨེ་ཐུབ་བལྟས་རབས་འདུག་ཟེར་ཡང་། ད་ལྟ་ཁོ་རང་གི་ལས་ཀ་དངོས་ནི་ལི་ཐང་རིག་གནས་ཡུལ་སྐོར་ཅུས་ལ་གན་རྒྱ་བཞག་འདུག  གང་ལྟར་ཕྱུག་པོ་དབྱི་དཀར་གཉིས་ལ་དྲི་ཞིམ་ཟེར་བ་ལྟར་བསྟན་འཛིན་གྱི་ཟུར་དུ་འཁོར་མཁན་མང་བོ་འདུག ཁོའི་སྐོར་ནས་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པས་རྒན་པདྨ་ལ་ཡང་དྲི་བ་ཞིག་དྲིས་འདུག   “ད་ལྟ་བསྟན་འཛིན་ཞེས་པའི་དྲ་བའི་སྐར་ཆེན་ཞིག་བྱུང་འདུག་ལ་ཁྱེད་ཀྱིས་རྗེས་ཕྱོགས་ཁོ་ཁྱོད་རང་གི་གློག་བརྙན་ནང་དུ་འཁྲབ་སྟོན་བྱེད་དུ་འཇུག་རྕིས་ཡོད་དམ། “ཞེས་འདྲི་སྐབས་རྒན་པད་མས“ད་ལྟ་རྒྱ་ནང་ལ་འཁྲབ་སྟོན་སློབ་སྦྱོང་བྱེད་ས་དང་སྦྱོང་བྱ་ཡག་པོ་ཡོད་ཀྱང་བོད་ཡུལ་ན་མི་འདུག བསྟན་འཛིན་ཁོ་རང་ལ་ལྷན་སྐྱེས་ཀྱི་འཁྲབ་རྩལ་དང་འཇོན་ཐང་། ཁོ་དང་འོས་འཚམས་ཀྱི་འཁྲབ་ཚན་ཡོད་མེད་སོགས་ལ་བལྟ་དགོས་པས་དེ་ནི་རྗེས་ཕྱོགས་ཀྱི་གནས་ཚུལ་ཞིག་རེད”ཅེས་ལན་བཏབ། དེ་ན་ལན་དེ་ལས་ཁོང་གིས་འཁྲབ་གཞུང་གི་བརྗོད་བྱ། འཁྲབ་སྟོན་པ་གང་དང་སུ་ལ་འོས་འཚམ་གྱི་འཁྲབ་ཚན་ཡོད་མེད་དང་འཁྲབ་སྟོན་པའི་འཁྲབ་རྩལ་ཇི་འདྲ་ཡིན་པ་སོགས་གཙིགས་སུ་འཛིན་པ་ལས་གྲགས་པ་ཙམ་གྱི་རྗེས་སུ་རྒྱུགས་བཞིན་མེད་པ་ཤེས་ཐུབ། དེ་ན་སྔོན་ཆད་གློག་བརྙན་གྱི་ལས་ཀར་ཆ་རྒྱུས་ཁྱོན་ནས་མེད་མཁན་ཞིག་གློ་བུར་དུ་གློག་བརྙན་ཀུང་ཟི་མང་པོས་ཧབ་ཐོབ་རྒྱག་ཡུལ་དུ་ག་རེ་བྱས་ནས་གྱུར་པ་རེད། ད་ལྟ་རྒྱ་ནང་དུ་ལེ་ཚན་དང་གློག་བརྙན་གང་ཡིན་ཀྱང་དེའི་ནང་གི་འཁྲབ་སྟོན་པ་གཙོ་བོ་དེ་སྤྱི་ཚོགས་ཐོག་གྲགས་པ་ཡོད་མེད་ལ་ལྟ་བ་ལས་མི་དེའི་འཁྲབ་སྟོན་གྱི་རྩལ་དང་འཁྲབ་གཞུང་གི་བརྗོད་བྱ་དེ་ཁོ་དང་འཚམ་མིན་ལ་མི་ལྟ་བ་ནི་ང་ཚོས་གནས་ཚུལ་འདི་ལས་ཤེས་ཐུབ་པར་མ་ཟད། རྒྱ་ནང་གི་གློག་བརྙན་མང་པོ་ཞིག་གི་བརྗོད་བྱ་དང་འཁྲབ་སྟོན་པའི་འཁྲབ་རྩལ་གཉིས་ཀ་ལ་གང་འདི་ཟེར་བ་ཞིག་མེད་ཀྱང་འཛིན་བྱང་མང་པོ་ཚོང་ཟིན་པ་དང་དངུལ་མང་བོ་ཐོབ་ཀྱིན་ཡོད་པ་ལས་གསལ་བོ་རྟོགས་ཐུབ། ད་ལྟ་རྒྱལ་སྤྱིའི་ཐོག་ལ་ཡང་རྒྱལ་ནང་གི་གློག་བརྙན་གྲགས་ཅན་དང་རྒྱལ་སྤྱིའི་ལྟད་མོ་བ་དགའ་བོ་བྱེད་ས་ཐོན་ཐུབ་ཀི་མེད་པའི་རྒྱུ་མཚན་གཙོ་བོ་ཡང་དེ་ལ་ཐུགས་བསམ། ང་ཚོ་ལས་མེད་ནང་ནས་ལས་ཅན་ཞིག་ལ་རྒན་པདྨ་སོགས་ཀྱིས་ཐོག་དང་བོར་སྣེ་ཁྲིད་ཡག་པོ་བྱས་ཡོད་པའི་རྐྱེན་གྱིས་དེ་འདྲའི་ཁྲེལ་མེད་ཀྱི་གློག་བརྙན་བཟོས་པ་ཧ་ཅང་དཀོན། འོན་ཀྱང་སྐྱོན་གཞན་ཞིག་ཡོད་པ་ནི་མིག་སྔར་བྱུང་དང་འབྱུང་བཞིན་པའི་བོད་ཀྱི་འཁྲབ་ཁྲིད་པ་དང་གློག་བརྙན་བཟོ་མཁན་དག་གིས་རྒན་པདྨ་དང་ཟོན་ཐར་རྒྱལ་སོགས་ལ་ལད་ཟློས་བྱས་པ་མང་དྲགས་པས་གློག་བརྙན་རིགས་སྣ་མང་ཅན་དུ་མ་ལོག་པར་ཆ་ཚང་རིགས་གཅིག་འདྲ་ཆགས་ཀྱིན་འདུག

c95c505f2a06491f8b097620c05702e3.gif

            དེའི་རྐྱེན་གྱིས་མིག་སྔར་ཐོན་བཞིན་པའི་གསར་བྱུང་གི་གློག་བརྙན་མང་ཆེ་བ་ཡང་འཇམ་ཅག་གེར་འདང་རེ་བརྒྱབ་ནས་ལྟ་བ་ལས་རིག་གནས་ཡོད་མེད་དང་ལོ་ན་རྒན་གཞོན་མེད་པར་ཀུན་གྱིས་བལྟ་འདོད་པ་དང་དགའ་བསུ་ཐོབ་པའི་གློག་བརྙན་ཧ་ཅང་ཉུང་ཉུང་རེད། མིག་སྔར་ཡོད་པའི་བོད་ཀྱི་གློག་བརྙན་མང་ཆེ་ཤོས་ཡང་རིག་གནས་ཞིབ་འཇུག་མཁན་དང་གློག་བརྙན་རིག་གཞུང་ལ་དོ་སྣང་ཡོད་པ། མི་རིགས་ཀྱི་གོམས་སྲོལ་དང་ས་ཆ་ལ་མཚར་སྣང་སྐྱེས་མཁན(མང་ཤོས་འདིའི་རིགས་རེད)་སྐོར་ཅིག་གི་བརྗོད་བྱ་དང་ལྟད་མོ་རུ་གྱུར་བ་ལས་གློག་བརྙན་འཛད་སྤྱོད་མཁན(普通观众) ་དང་མང་ཚོགས་ཁྲོད་ཀྱི་ལྟད་མོ་བ་མང་མང་གིས་དགའ་བོ་བྱེད་སའི་ཡུལ་དུ་ཆགས་ཐུབ་ཀི་མི་འདུག དེའི་རྒྱུ་མཚན་ཡང་འགའ་རེས་གློག་བརྙན་བཟོས་ན་རིན་སྤྲད་ནས་(网上收费观看) ལྟ་རྒྱུར་མ་བཟོས་ཚེ་མ་རྩ་ཡང་ལེན་མི་ཐུབ་ལ་དེ་འདྲ་བྱས་ན་བོད་རིགས་ལ་རིན་སྤྲད་ནས་ལྟ་བའི་གོམས་སྲོལ་ཆགས་མེད་པས་ལྟ་མཁན་ཉུང་ཉུང་རེད་ཟེར་ཡང་དེ་འདྲ་ཙམ་གྱིས་ཨེ་ཡིན་ནམ། ལྟ་འདོད་ཡོད་པ་དང་དེ་ལ་དགའ་བོ་ཡོད་ཚེ་ཁོ་ཚོར་རང་ལ་དངུལ་མེད་ཀྱང་བཙལ་ནས་ཡིན་ཡང་ལྟ་གི་འདུག དཔེར་ན་འབྲེལ་མེད་ཐད་གཏོང་མཁན་དག་ལ་ཁོ་ཚོས་ལེགས་སྐྱེས་ག་ཚོད་སྟེར་གྱིན་འདུག དེ་ན་ང་ཚོའི་ད་ལྟའི་གློག་བརྙན་དེ་ཚོའི་ནང་གློག་བརྙན་རང་སྟེང་ནས་མང་ཚོགས་ཕལ་བ་ཧ་ཅང་ལྟ་རྒྱུར་དགའ་བ་དེ་འདྲ་ཐོན་ཡོད་དམ།

    ད་ལྟའི་བོད་ཀྱི་གློག་བརྙན་མང་ཤོས་ཀྱི་བརྗོད་བྱ་ནི་ས་ཆ་ག་གེ་མོ་དང་སྡེ་བ་ག་གེ་མོའི་འཚོ་བ་རོལ་སྟངས་ཞིབ་བརྗོད་དང་བརྗོད་བྱ་གཅིག་པོ་དེ་ཡང་ཡང་དང་བསྐྱར་དུ་ཞིབ་འབྲི་བྱེད་རྒྱུར་དགའ་བ་དང། བསམ་བློ་ཆེན་པོ་ཞིག་དང་གནས་ལུགས་ཟབ་མོ་ཞིག་སྟོན་ཨེ་ཐུབ་ལྟ་བ་མང་བོ་འདུག མ་གཞི་དེ་འདྲ་ཡག་པོ་མི་འདུག་ཟེར་བ་མིན་ཡང་གློག་བརྙན་ལས་མཁན་མང་ཆེ་ཤོས་ཀྱི་ལས་ཀ་དེ་འདྲ་ཙམ་ལ་འཁོར་ནས་བསྡད་ན་ཡག་གམ།

       མ་ཟད་ལྟད་མོ་བ་མང་ཤོས་ཀྱིས་དོ་སྣང་བྱེད་ས་ཡང་བསམ་བློ་ཆེན་པོ་དང་གནས་ལུགས་ཟབ་མོ་མ་ཡིན་པར་གོ་སླ་བ། ཨ་མཚར་པོ། སེམས་ཚོར་སྣ་ཚོགས་སྤྲོད་པའི་གཏམ་རྒྱུད་དང་གློག་བརྙན་གྱི་རིགས་རེད་འདོད་པས་མིག་སྔར་བོད་ཀྱི་གློག་བརྙན་སྐོར་ནས་བྱ་བ་ལས་བཞིན་པ་དང་ལས་འདོད་ཡོད་མཁན་དག་ལ་རང་གི་བསམ་པའི་དྲན་སྐུལ་ཙམ་ཡིན།

 8b700656051fab8549eaab7488414b50.jpeg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།