བོད་ཀྱི་ཟློས་གར་ཆེན་མོ་«ཡིད་འཕྲོག་ལྷ་མོ»དང་འབྲེལ་བའི་འཕྲིན་གསར།

   རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་གྲ་སྒྲིག་དང་སྦྱོང་བརྡར་བྱས་པའི་འབྲས་བུ་ལས་ཐོན་པའི་བོད་ཀྱི་ཟློས་གར་ཆེན་མོ་«ཡིད་འཕྲོག་ལྷ་མོ»སྤྱི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་འཁྲབ་སྟོན་བྱ་འཆར་འདུག་ལ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པས་ལོ་ངོ་འདི་དག་གི་རིང་ལ་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་སྡིངས་ཆ་ཆེ་གྲས་ཁག་ཏུ། ཆེད་ལས་རང་བཞིན་གྱི་རྨང་གཞིའི་སྟེང་ནས་ཚད་རིམ་ཆེས་མཐོ་བའི་བོད་ཀྱི་ཟློས་གར་རབ་དང་རིམ་པ་འཁྲབ་སྟོན་བྱས་མྱོང་བར་མ་ཟད། རྒྱལ་སྤྱིའི་གཟེངས་སྐྱེས་དང་རྒྱལ་ཁབ་ཀྱི་ཁས་ལེན་ཚད་མེད་ཐོབ་མྱོང་བ་དང་། ནང་སྒོས་སུ་ལྟད་མོ་བ་ཁྲི་ཁྲི་འབུམ་འབུམ་གྱི་དགའ་འབོད་བླ་མེད་གནང་མྱོང་ཡོད་འདུག
      བོད་ཀྱི་ཟློས་གར་ཚོགས་པ་ཞིག་གིས་ལོ་ངོ་མི་ཉུང་བ་ཞིག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་ལས། རྒྱལ་སྤྱི་དང་རྒྱལ་ནང་གི་གར་སྟེགས་ཆེ་གྲས་ཁག་ཏུ་ཆེད་ལས་རང་བཞིན་དང་ཚད་རིམ་མཐོ་བའི་བོད་ཀྱི་ཟློས་གར་མངོན་པར་འགྲེང་ཐུབ་ཡོད་ལ། རང་སྐྱ་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་འདུག
  འབྲེལ་ཡོད་ཀྱི་གསར་རྩོམ་མི་སྣ་དག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རེབ་འདིར་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་འཁྲབ་འཆར་ཡོད་པའི་བོད་ཀྱི་ཟློས་གར«ཡིད་འཕྲོག་ལྷ་མོ»ནི་འཁྲབ་གཞུང་གསར་རྩོམ་དང་། གྱོན་ཆས་ཇུས་འགོད། འཁྲབ་སྟོན་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་ཀྱི་ཟློས་གར་གྱི་དཀྱོགས་མཚམས་ཤིག་དང་ཐོལ་རྒལ་ཞིག ཡང་ན་ཨ་མདོའི་ཟློས་གར་གྱི་ཚབ་མཚོན་རང་བཞིན་ལྡན་པའི་ཟློས་གར་ཞིག་ཏུ་འགྱུར་བའི་ཡིད་ཆེས་དང་སྤོབས་པ་བླ་མེད་ཡོད་པར་མ་ཟད།

  ཕྱོགས་གང་ཅིའི་ཐད་ནས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ། བོད་ཀྱི་རིག་གནས་ཀྱི་ལྟེ་བ་མཚོ་སྔོན་ཞིང་ཆེན་ཟློས་གར་ཆེན་མོ་རུ་རིགས་མཐུན་སྤུན་ཟླ་གཙོས་ཕྱོགས་ཡོང་གི་ལྟད་མོ་དག་གི་སྤྱོད་ཡུལ་དུ་འབུལ་རྒྱུ་ཡིན་པས། མ་བལྟས་ཚད་མེད་ཀྱི་བོད་ཀྱི་ཟློས་གར་«ཡིད་འཕྲོག་ལྷ་མོ»ལ་ང་ཚོ་སྤྱི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་མཇལ་བར་བྱའོ།།

དཔྱད་མཆན་ཡོད།