ཉེ་ལམ་བོད་བརྙན་པ་ཚོས་བོད་བརྙན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུས་པ།

ཉེ་ལམ་བོད་བརྙན་པ་སྐོར་ཞིག་གིས་གཙོད་གྲོང་ཁྱེར་ནས་བོད་བརྙན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུས་ལ་། དེ་ནི་བསང་ཆུ་རྫོང་སིན་ངྷི་རིག་གནས་རྒྱ་ཁྱབ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་དང་།མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ།གཙོས་གྲོང་ཁྱེར་གཡང་ལྡན་ཕྱུག་མོའི་གསོལ་མགྲོག་ཁང་གིས་རོགས་སྐྱོར་བཅས་གནང་བའི་༼སྐབས་དང་པོའི་བོད་ཁུལ་གློག་བརྙན་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་དང་པད་མ་ཚེ་བརྟན་ལགས་བརྙན་ཞེན་པ་དང་འཕྲད་པའི་འདུ་འཛོམས་སྤྱི་ཟླ་༥བའི་ཚེས་༢༥-༢༦ཉིན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཞི་བདེ་རྒྱ་མཚོའི་གློག་བརྙན་གླིང་དང་གཡང་ལྡན་ཕྱུག་མོའི་གསོལ་མགྲོན་ཁང་གཉིས་ནས་གཟབ་རྒྱས་ངང་འཚོགས།ཉེ་བའི་ལོ་ཤས་རིང་བོད་ཁུལ་གྱི་གློག་བརྙན་ཐོན་ལས་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་འབྲེལ་ནང་དོན་ཅན་གྱི་གློག་བརྙན་དག་ཀྱང་རིམ་བཞིན་རང་རྒྱལ་གློག་བརྙན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།དེ་བས་ས་གནས་རང་བཞིན་གྱི་གློག་བརྙན་དང་ན་གཞོན་གློག་བརྙན་པ་མང་པོ་ཞིག་ཀྱང་ཆར་རྗེས་ཤྭ་མོ་བཞིན་བརྡོལ་ཡོད།འོན་ཀྱང་ས་གནས་རང་བཞིན་གྱི་གློག་བརྙན་དག་གི་ལས་དབང་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་དང་།སྒྱུ་རྩལ་གྱི་ཆུ་ཚད་ཐད་ནས་ཀྱང་རབ་འབྲིང་ཐ་གསུམ་སྣ་ཚོགས་ཡོད་ལ་དོ་མཉམ་ཞིག་ཆགས་མེད།ཅི་ལྟར་མ་རྩ་ཉུང་ཙམ་བཞག་སྟེ་སྒྱུ་རྩལ་གྱི་ཆུ་ཚད་དང་ཁྲོམ་རའི་ཕན་འབྲས་ལེགས་པོ་ཡོང་རྒྱུ་ནི་རྒྱ་ཆེའི་གློག་བརྙན་པ་ཚོས་དོ་ཁུར་བྱེད་པའི་གླེང་གཞི་གལ་ཆེན་ཞིག་ཡིན་ལ་མ་རྩ་འཇོག་མཁན་དག་གིས་ཀྱང་དོ་ཁུར་བྱེད་པའི་གཙོ་གནད་ཞིག་ཡིན།མིག་སྔར་བོད་རིགས་ས་ཁུལ་གྱི་གློག་བརྙན་ཐོན་ལས་འཕེལ་རྒྱས་ལ་དམིགས་པའི་གླེང་སྟེགས་ཧ་ཅང་ཉུང་བས་ད་ཐེངས་ཆེད་དུ་གླེང་སྟེགས་འདི་འདྲ་ཞིག་བཀོད་སྒྲིག་བྱེད་དེ།རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་གློག་བརྙན་པར་ཞབས་འདེགས་ཙམ་དང་བོད་རིགས་ས་ཁུལ་གྱི་གློག་བརྙན་འཕེལ་རྒྱས་ཡག་པོ་ཞིག་འགྲོ་རྒྱུར་སྣེ་ཁྲིད་གྱི་ནུས་པ་ཐོན་པར་བརྩོན་པ་ཙམ་མོ།

དཔྱད་མཆན་ཡོད།