བྱ་དགའ་ཨང་དང་པོ་ཐོབ་པའི་བརྙན་ཐུང་«ལྕགས་ཚེར»

འཁྲབ་ཁྲིད་པ། དབྲ་ཁྱུང་ཡེ་གྲགས།

༢༠༡༩ལོའི་སྤྱི་ཟླ་༤བའི་ཚེས་༢༢ཉིན། ལོ་རེར་སྤེལ་བཞིན་པའི་སའི་གོ་ལའི་དུས་ཆེན་གྱི་ཉིན་མོའི་བྱ་འགུལ་ནི་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་སུ་སྤེལ། ད་ལོའི་སའི་གོ་ལའི་དུས་ཆེན་གྱི་བརྗོད་དོན་ནི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་བ་དེ་ཡིན་པས།དབྲ་ཁྱུང་ཚང་གིས་ཡུལ་སྡེ་འགའི་ན་གཞོན་འཁྲབ་ཁྲིད་པ་བཅོ་ལྔ་གདན་ཞུ་བྱས་ཏེ། སོ་སོས་བསམ་བཀོད་དང་ཕབ་བསྐྲུན་བྱས་པའི་དུས་ཡུན་སྐར་མ་༥ཅན་གྱི་བརྙན་ཐུང་དག་ཡུལ་དངོས་ལ་ཕེབས་པའི་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ཡོངས་ལ་གཟིགས་འབུལ་བྱས།
བྱ་དགའ་ཨང་དང་པོ་ཐོབ་པའི་བརྙན་ཐུང་«ལྕགས་ཚེར»ལས་ལྕགས་ཚེར་གྱིས་འབྲོག་ཁུལ་དུ་བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་ལ་ཐེབས་པའི་ཤུགས་རྐྱེན་གསལ་འདོན་བྱས་ཡོད་པ་སྟེ།འཁྲབ་ཁྲིད་པས་ཕྱི་ཕྱོགས་ཀྱི་སྐྱེ་ཁམས་ཆེད་མཁས་པ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་མཁན་སོགས་ལ་བཅར་འདྲི་བྱས་པ་བརྒྱུད་ནས།ལྟ་མཁན་རྣམས་ལ་རང་ཉིད་ཀྱིས་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་གནས་བབས་ལ་བཟུང་བའི་ལྟ་ཚུལ་དང་སེམས་ཁུར་གསལ་སྟོན་བྱས་ཡོད།

འཁྲབ་ཁྲིད་པ་དབྲ་ཁྱུང་ཡེ་གྲགས་ཀྱིས་བཤད་རྒྱུར།བརྙན་ཐུང་དེ་ནི་ད་ལྟ་བློས་བསླངས་པ་ཙམ་ལས་ལྕགས་ཚེར་གྱི་བཟང་ངན་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་ལ་སྡོམ་ཚིག་བཀོད་མེད་པས།མ་འོངས་བའི་ལོ་ཟླའི་ནང་དུ་མུ་མཐུད་དུ་ལྕགས་ཚེར་གྱིས་འབྲོག་པ་མང་ཚོགས་དང་རྩྭ་ཐང་། སྐྱེ་དངོས་སྣ་མང་རང་བཞིན་ལ་དྲང་ཕྱོགས་ཀྱི་ཤུགས་རྐྱེན་དང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཡོད་པའི་སྐོར་ནས་ཞིབ་དཔྱད་དང་ཟིན་འགོད་བྱེད་རྒྱུ་ཡིན་ཟེར།

དཔྱད་མཆན་ཡོད།