པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ«དབུགས་ལྒང»ཨ་རིའི་ཡུལ་ནས་ཐོག་མའི་གཟིགས་འབུལ་བྱས།

སྤྱི་ལོ༢༠༡༩ལོའི་ཟླ༡༠བའི་ཚེས་༢༠ཉིན་སྐབས༥༥བའི་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ་བསྡུས་ཏེ། འཛམ་གླིང་ཤར་ནུབ་ཀྱི་གློག་བརྙན་མང་པོ་ཐེངས་འདིའི་དུས་སྟོན་དུ་ཞུགས། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ《དབུགས་ལྒང》གློག་བརྙན་དུས་སྟོན་དེའི་རྟིང་རྩོད་འགྲན་བསྡུར་དུ་ཚུད་འདུག དེ་ནི་ཅི་འདྲའི་དགའ་འོས་པའི་དོན་བཟང་ཞིག་རེད་ཨང་། ཨ་རིའི་ཡུལ་གྱི་སྤྱི་ཟླ༡༠བའི་ཚེས་༢༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད༥དང་སྐར་མ༤༥ཐོག་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ《དབུགས་ལྒང》ཡུལ་དེའི་ཐོག་མའི་གཟིགས་འབུལ་བྱས།འདི་ནི་བོད་བརྙན《དབུགས་ལྒང》གི་ཨ་རིའི་ཡུལ་གྱི་ཐོག་མའི་གཟིགས་འབུལ་ཡིན་འདུགདེ་མིན་ཕྱི་ཉིན་གྱི་ཡུལ་དེའི་སྤྱི་ཟླ༡༠བའི་ཚེས༢༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད༨དང་སྐར་མ༡༥ཐོག་ཐེངས་གཉིས་པའི་གཟིགས་འབུལ་བྱ་འཆར་འདུག

“མཛའ་མཐུན་སེར་མེད་ཀྱི་ཁྱིམ་ཚང་གི་གཏམ་རྒྱུད་ཅིག ཁ་མཚར་དང་སྐྱོ་སྡུག་གིས་ཕྱུག་པའི་སྒྱུ་རྩལ་གྱི་མཚོན་ཐབས་གཞན་ཞིག” —ཨ་རིིའི《སྣ་མང་སྒྱུ་རྩལ》དུས་དེབ་ཚང་ནས། སྤྱི་ཟླ༡༠བའི་ཚེས༢༡ཉིན་གློགབརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་གཟིགས་འབུལ་ཡུལ་དངོས་སུ་ཕེབས་ཏེ། ལྟད་མོ་བ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས། བོད་བརྙན《དབུགས་ལྒང》ནི་ད་ལོར་ཝེ་ནེ་ཟི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། ཕེན་ཡོ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་སོགས་རྒྱལ་སྤྱིའི་གཙོ་གྲས་གློག་བརྙན་དུས་སྟོན་མང་པོ་ནས་གཟིགས་འབུལ་བྱ་སྐབས། བརྙན་ཞེན་པ་མང་པོས་གློག་བརྙན་དང་འབྲེལ་བའི་དད་མོས་དང་དངོས་ཡོད་ཀྱི་སྐོར་ནས་དྲི་བ་སྣ་ཚོགས་བཏོན་པར་པདྨ་ཚེ་བརྟན་ལགས་ནས་རེ་རེ་བཞིན་ལན་བརྒྱབ།

ཡུལ་དངོས་ཀྱི་རྣམ་པར་སྤྲོ་སེམས་ཀྱིས་ཁེངས་འདུག་ལ། ལྟད་མོ་བ་མང་པོས་བཤད་རྒྱུར་ཚད་བརྒལ་གྱི་གློག་བརྙན་ལས་དངོས་ཡོད་དང་དམིགས་བསལ་བའི་འཚོ་བའི་བསྟི་གནས་ཀྱི་རྣམ་པ་མངོན་འདུག་པར་མ་ཟད། གཏམ་རྒྱུད་དང་འགལ་འདུའི་གནས་སྟངས་ལ་བསམ་གཞིགས་ཀྱི་རིན་ཐང་ལྡན་པར་སྣང་། དེ་མིན་བརྗོད་སྙིང་གི་གོ་བ་ལེན་སྟངས་ལ་རིག་གནས་ཀྱི་ཚད་བཀག་མེད་པ་ཞིག་རེད་ཟེར། བྱ་འགུལ་མཇུག་སྒྲིལ་རྗེས་ལྟད་མོ་བ་མང་པོར་ད་དུང་རེ་སྐོམ་ཆུ་ཡིས་མ་སོད་པ་ལྟར་སྣང་།རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་ལ་གློག་བརྙན་གྱི་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད་པ་ནི་ཆོས་ཉིད་ཅིག་ཡིན་ཏེ། གློག་བརྙན་ནི་མ་གཞི་ནས་སྒྱུ་རྩལ་གྱི་གསར་འདོན་ཞིག་ཡིན་གྱི།དེ་ལ་འཛད་མེད་ཀྱི་བརྙན་ཞེན་པ་མང་པོས་ཐེངས་གཉིས་པའི་གསར་འདོན་བྱས་ན་ད་བཟོད་ཇེ་རྒྱས་དང་གསོན་ཉམས་དོད་པོ་ཡོང་བ་རེད་ཨང་།

དཔྱད་མཆན་ཡོད།