གློག་བརྙན་«དབུགས་ལྒང»ཕིན་ཡོན་གློག་བརྙན་འགྲེམས་སྟོན་དུ་དགའ་བསུ་ཆེན་པོ་ཐོབས།

  འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས»དབུགས་ལྒང»ཞེས་པ་དེ2019ལོའི་ཟླ10པའི་ཚེས12ཉིན་གྱི་དགོང་མོར་ཕིན་ཡོན་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་སྐབས་གསུམ་པའི་སྟེང་རྒྱལ་ནང་ནས་ཐོག་མའི་གཟིགས་འབུལ་བྱས་པ་རེད།འདི་ཡང་གློག་བརྙན«དབུགས་ལྒང»ཝེ་ཉི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བཅས་ནས་རྒྱལ་ཁའི་ངང་འགྲེམ་སྤེལ་བྱས་རྗེས། ད་གཟོད་ཀྲུང་གོ་ནས་ཐོག་མའི་གཟིགས་འབུལ་བྱས་པ་ཞིག་རེད།

ཐོག་མའི་གཟིགས་འབུལ་ལས་གློག་བརྙན་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་འགུག་ཤུགས་ཟབ་མོས་ཡུལ་དངོས་ལྟད་མོ་བ་དག་གི་ཡིད་སེམས་རབ་ཏུ་འཕྲོག་པར་བྱས། དྲ་གྲོགས་མང་པོ་ཞིག་གིས་གློག་བརྙན«དབུགས་ལྒང»ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ལོ་འདི་གའི་རིང་བརྩམས་ཆོས་ཁྲོད་ཆེས་གོ་བདེ་བ་དང་།བརྒྱུད་རིམ་ཆེས་མང་བ།སྒྲིག་སྦྱོར་གྱི་མྱུར་ཚད་ཆེས་མགྱོགས་པ་བཅས་ཀྱི་རྣམ་པ་མངོན་གསལ་ཡིན་པར་མ་ཟད།བརྗོད་བྱའི་ཐོག་ནས་དེ་བས་ཀྱང་མང་ཚོགས་དང་འབྲེལ་འདྲིས་ཟབ་ལ།ལྟད་མོ་བ་དཀྱུས་མ་དང་ཚོང་ལས་གློག་བརྙན་ཁང་སོགས་ལའང་མཐུན་པོ་བྱས་ཡོད་སྟབས། དངོས་གནས་རེ་སྒུག་བྱེད་འོས་པའི་གློག་བརྙན་ཞིག་རེད་ཟེར།

«དབུགས་ལྒང»གི་གཟིགས་འབུལ་མཇུག་བསྒྲིལ་རྗེས།འཁྲབ་ཁྲིད་པ་ཅཱ་ཀྲང་ཁིས་གློག་བརྙན«དབུགས་ལྒང»གི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་བཟོ་སྐྲུན་པ་ཧོང་ཞའོ་ཧྥུང་།སྐྱེས་མའི་གཙོ་འཁྲབ་པ་བསོད་ནམས་དབང་མོ་བཅས་གར་སྟེགས་སྟེང་གདན་ཞུ་གནང་སྟེ་ལྟད་མོ་བ་དང་ལྷན་དུ་གློག་བརྙན་འདིའི་རྒྱབ་ཕྱོགས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་དག་མཉམ་སྤྱོད་བྱས། དུས་མཚུངས་སུ་ལྟད་མོ་བ་ཚོའི་མྱོང་ཚོར་དང་དྲི་བར་སྤྲོ་སེམས་འཁོལ་བའི་ངང་ནས་ལན་བཏབ་པ་རེད།གློག་བརྙན«དབུགས་ལྒང»གི་གསར་རྩོམ་པ་གཙོ་བོ་དག་ཕིན་ཡོན་གློག་བརྙན་འགྲེམས་སྟོན་གྱི་ས་གདན་དམར་པོའི་སྟེང་བུད་པ་དང་། ཐུན་མོང་མ་ཡིན་པའི་ཆ་བྱད། ཡིད་དབང་འཕྲོག་པའི་ཉམས་འགྱུར།དེ་བས་ཀྱང་གློག་བརྙན་རང་སྟེང་ལ་བརྙན་ཡོལ་དང་མི་སེམས་བརྟོལ་ཐུབ་པའི་ནུས་པ་བཅས་མངའ་བས། ཐེངས་འདིའི«དབུགས་ལྒང»རྒྱལ་ནང་ལ་ཐོག་མའི་གཟིགས་འབུལ་བྱས་པ་འདིས་བརྙན་ཞེན་པ་མང་པོའི་ཡིད་དབང་ཅིག་ཅར་འཕྲོག དེ་མིན་ཆེད་ལས་ལྟ་མཁན་པས་དྲ་ཐོག་གང་རུང་ནས་གློག་བརྙན«དབུགས་ལྒང»སྔོན་ལ་ད་ལོའི་རྒྱལ་ནང་གི་གློག་བརྙན་རྩེ་གྲ་བཅུའི་ནང་ཚུད་ངེས་ཞེས་བརྗོད་ཡོད།

  པདྨ་ཚེ་བརྟན་གྱི་གློག་བརྙན«དབུགས་ལྒང»གི་འཁྲབ་སྟོན་པ་གཙོ་བོ་བསོད་ནམས་དབང་མོ་དང་།དེ་མིན་ཐེངས་འདིའི་གློག་བརྙན་འགྲེམ་སྟོན་དུ་ཞུགས་མེད་པའི་སྤྱིན་པ། གཡང་ཕྱུག་མཚོ་ཚང་མ་ནི་པདྨ་ཚེ་བརྟན་གྱི་ཆེད་སྤྱོད་ཀྱི་འཁྲབ་སྟོན་པ་ཡིན་ལ།«ཐར་ལོ»ཞེས་པའི་གློག་བརྙན་གྱི་སྐྱེས་པ་གཙོ་འཁྲབ་པའམ་བོད་ཡུལ་ན་མིང་དུ་གྲགས་པའི་སྒྱུ་རྩལ་པ་ཞི་བདེ་ཉི་མའང་གློག་བརྙན་འདིའི་ཁྲོད་དུ་ཞུགས་ཡོད།«ཐར་ལོ»དང«ཟླ་བརྒྱད་པ»«ལག་དམར»བཅས་ཀྱི་གློག་བརྙན་གྱི་བརྙན་ལེན་པ་ལུའི་སུང་ཡེ་དང་།སྒྲིག་སྦྱོར་མཛུབ་སྟོན་པ་ལེའེ་ཆིན་སུང་། ཅིན་ཀྲེ། སྒྲའི་མཛུབ་སྟོན་པ་ཏུའུ་ཏུའུ་ཀྲི། ཨ་པ་སིའི་རམ་འདེགས་རོལ་མོ་རྩོམ་མཁན་ཕེ་མན་·ཡ་ཚི་ཏ་ཉི་སོགས་ཀྱི་དཔུང་ཤུགས་ཆེས་ལེགས་པའི་རོགས་འདེགས་འོག་འཁྲབ་ཁྲིད་པའི་སྒྱུ་རྩལ་གྱི་བསམ་བཀོད་གང་དེ་མངོན་འགྱུར་བྱུང་ཡོད།

དཔྱད་མཆན་ཡོད།