«དབུགས་ལྒང»་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རྒྱལ་ཁའི་ཐོག་མའི་གཟིགས་འབུལ་བྱས།

  འཁྲབ་ཁྲིད་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ་སྟེ«དབུགས་ལྒང»ཞེས་པ2019ལོའི་ཟླ10ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5ཡས་མས་སུ་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“ཨེ་ཤ་ཡའི་སྒེའུ་ཁུང”སྡེ་ཚན་བརྒྱུད་དེ་རྒྱལ་ཁའི་ངང་ཐོག་མའི་གཟིགས་འབུལ་བྱས།

  གློག་བརྙན་བསྟན་རྗེས། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གློག་བརྙན་བཟོ་སྐྲུན་པ་ཧོང་ཞི་ཧྥིན། ད་དུང་མཉམ་འབྲེལ་བཟོ་སྐྲུན་པ་ལིང་ཡེས་བཅས་སྟེགས་བུའི་སྟེང་བུད་ནས་ལྟད་མོ་བ་དག་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།

  ཐོག་མའི་གཟིགས་འབུལ་བདེ་བླག་ངང་མཇུག་རྫོགས་པ་དང་། ལྟད་མོ་བ་མང་པོས་གློག་བརྙན«དབུགས་ལྒང»ནི་གཏམ་རྒྱུད་ཀྱི་འགྱུར་འགྲོས་ཕུན་སུམ་ཚོགས་ལ་ནང་དོན་གཏིང་ཟབ་པའི་གློག་བརྙན་ཞིག་ཡིན་པར་མ་ཟད།སྐད་ཆའི་ཁྱད་པར་གྱིས་གློག་བརྙན་གྱི་ནང་དོན་ལ་གོ་བ་ལེན་རྒྱུར་ཚད་བཀག་བྱས་མི་འདུག་ལ། ལྷག་པར་དུ་ཕྲུ་གུ་སྐྱེ་བ་སོགས་འཛམ་གླིང་རང་བཞིན་ལྡན་པའི་གླེང་གཞི་དེས་མི་རྣམས་གློག་བརྙན་ནང་ཞུགས་སླ་བའི་མི་སྣའི་ནང་སེམས་ཀྱི་བྱེད་སྒོ་དང་དེར་གནས་པའི་ཕྱི་རོལ་གྱི་ཁོར་ཡུག་དང་དཀའ་ངལ་སོགས་ངོ་སྦྱོར་ལེགས་པོ་བྱེད་ཐུབ་ཟེར།

  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གསར་སྐྲུན་བྱེད་མཁན་གཙོ་བོ་དག་གིས་སྤྲོ་སེམས་འཁོལ་བའི་ངང་ནས་ལྟད་མོ་བའི་དྲི་བར་ལན་བཏབ་པ་མ་ཟད།གློག་བརྙན«དབུགས་ལྒང»ཞེས་པའི་རྒྱབ་ཕྱོགས་ཀྱི་གསར་རྩོམ་གཏམ་རྒྱུད་དག་ཀྱང་ལོངས་སུ་སྤྱད།

  ཡུལ་དངོས་ཁ་བརྡ་མཇུག་སྒྲིལ་རྗེས།ལྟད་མོ་བ་མི་ཉུང་བ་ཞིག་གིས་རང་འགུལ་གྱིས་གྲལ་བསྒྲིགས་ནས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་མིང་རྟགས་བཀོད་དུ་བཅུག་ཏེ་གློག་བརྙན་«དབུགས་ལྒང»ཡི་ཡ་གླིང་གི་ཐོག་མའི་གཟིགས་འབུལ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་།

དཔྱད་མཆན་ཡོད།