
ཉེ་ཆར་ཧྥ་རན་སི་རུ་བསྡུས་པའི་ཝེ་སེ་ཨར་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་ལྔ་བའི་སྟེང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ«ལག་དམར»ལ་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་ཆེས་མཐོ་བའི་བྱ་དགའ་སྟེ“གློག་བརྙན་རྩེ་གྲ་གསེར་གྱི་འཁོར་ལོ་སུམ་ལྡན་བྱ་དགའ”དང་“གསར་འགོད་པའི་དཔྱད་འདེམས་ཚོགས་པའི་དཔྱད་འཇོག་བྱ་དགའ”དང་“ཕ་རེ་སི་ཤར་ཕྱོགས་སྐད་ཡིག་སློབ་གླིང་གི་བྱ་དགའ”བཅས་བྱ་དགའ་ཆེན་པོ་གསུམ་ཐོབ་པ་དང་། དཔྱད་འདེམས་ཚོགས་པས་གློག་བརྙན་འདིས་ཁྱད་འཕགས་ཀྱི་མཐོང་སྣེ་དང་མཚོན་ཐབས་གསར་པའི་ལམ་ནས་འཛམ་གླིང་གི་ལྟ་མཁན་དག་བོད་ཡུལ་དུ་ཁྲིད་པ་ལྟ་བུའི་ཚོར་བ་སྦྱིན་ཐུབ་ཀྱི་འདུག་ཅེས་གདེང་འཇོག་ཚད་མཐོན་པོ་གནང་། དེ་ནི་གློག་བརྙན་འདིར་ཝེ་ན་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དོན་ལྔ་པའི་གནམ་སའི་འབྲེལ་མཚམས་ཀྱི་རྟིང་རྩོད་སྡེ་ཚན་ལས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་དང་སྐབས་བཅུ་དགུ་པའི་ཏུང་ཅིནFILMeXགློག་བརྙན་དུས་སྟོན་གྱི“དཔྱད་འདེམས་ཚོགས་པའི་བྱ་དགའ”ཐོབ་རྗེས་སླར་ཡང་ཁྱད་དུ་འཕགས་པའི་དཔངས་བསྟོད་ཐོབ་པ་ཡིན་ཏེ། དེ་སྔོན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན«ཐར་ལོ»ལ་གློག་བརྙན་དུས་སྟོན་འདིའི་”གློག་བརྙན་རྩེ་གྲ་གསེར་གྱི་འཁོར་ལོ་སུམ་ལྡན་བྱ་དགའ”དང“ཕ་རེ་སི་ཤར་ཕྱོགས་སྐད་ཡིག་སློབ་གླིང་གི་བྱ་དགའ”བཅས་ཐོབ་མྱོང་བ་དང་། ཐེངས་འདིར་སླར་ཡང་གློག་བརྙན་དུས་སྟོན་འདིའི་ཆེས་མཐོ་བའི་བྱ་དགའ་ཐོབ་པ་རེད།

གློག་བརྙན«ལག་དམར»ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བོད་སྐད་ཀྱི་གློག་བརྙན་རིང་གྲས་དྲུག་པ་ཡིན་ལ། གློག་བརྙན་འདི་ནི་ཚེ་རིང་ནོར་བུའི་སྒྲུང་ཐུང«ལག་དམར»དང་འཁྲབ་ཁྲིད་པ་ཁོང་གི་སྒྲུང་ཐུང«ལུག་གཅིག་ལྔ་ལམ་དུ་བརྫངས»ཞེས་པ་གཉིས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པ་ཡིན་ལ། གློག་བརྙན་འདི་ནི་རྨི་ལམ་དང་མངོན་སུམ་གཉིས་སྣོལ་མར་སྦྲེལ་བའི་ཤ་འཁོན་རྩོད་པའི་གཏམ་རྒྱུད་ཅིག་ཡིན།

ཤེས་གསལ་ལྟར་ན་ཧྥ་རན་སི་ཝེ་སེ་ཨར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་རྡི་ལོར་ཨན་ན་སྐུ་ཟླ་གཉིས་ཀྱིས་ཧྥ་རན་སིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཝེ་སེ་ཨར་དུ་གསར་སྒྲུབ་བྱས་པ་དང་། ཁྱོན་སྐབས་ཉེར་ལྔ་ལ་རྒྱལ་ཁའི་ངང་གཙོ་སྒྲུབ་བྱས་པ་རེད།དེ་ནི་ཨོ་གླིང་གི་ལོ་རྒྱུས་སྟེང་ཆེས་སྔ་བའི་ཡ་གླིང་གློག་བརྙན་དུས་སྟོན་རེད། མིག་སྔར་གློག་བརྙན་དུས་སྟོན་འདི་ནི་ཧྥ་རན་སིའི་ཝེ་སེ་ཨར་གྲོང་གི་རིག་གནས་བྱ་འགུལ་ཆེས་ཆེ་ཤོས་སུ་ཆགས་འདུག ཨེ་ཤ་ཡ་གླིང་དང་འཛམ་གླིང་གློག་བརྙན་པ་དག་གི་མིག་གིས་ལྟ་ས་དང་རྣ་བས་ཉན་ས་རུ་གྱུར་འདུག དེ་སྔོན་འཁྲབ་ཁྲིད་པ་ཅང་ཝུན་དང་ཅ་ཀྲང་ཁི།ཝང་ཁྲའོ་སོགས་ཀྲུང་གོའི་འཁྲབ་ཁྲིད་པ་དག་གི་གློག་བརྙན་ལའང་གློག་བརྙན་དུས་སྟོན་འདིར་བྱ་དགའ་ཐོབ་མྱོང་བ་རེད།

དཔྱད་མཆན་ཡོད།