ཨ་མདོ་བརྙན་འཕྲིན་གྱི་སྤྱི་ཕན་གློག་བརྙན«རྨོངས»ལེགས་པར་གྲུབ།

  ཟླ༡༠ཚེས༢༥ཉིན། ཨ་མདོ་བརྙན་འཕྲིན་གྱི་བཅའ་ཁྲིམས་སྤྱི་ཕན་གློག་བརྙན་ཐུང་གྲས་ཐོག་མ«རྨོངས»ཞེས་པ་དེ་རང་ཞིང་གི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནས་བརྙན་ཕབ་ལེགས་འགྲུབ་བྱུང་།

  «རྨོངས»ཞེས་པའི་སྤྱི་ཕན་གློག་བརྙན་ཐུང་ངུ་འདི་ནི་ཨ་མདོ་བརྙན་འཕྲིན་དང་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཁྲིམས་འཛིན་ཅུས་གཉིས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བགྱིས་པའི་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བའི་སྤྱི་ཕན་གློག་བརྙན་ཐུང་ངུ་ཞིག་ཡིན། གློག་བརྙན་འདིས་བོད་ཁུལ་དུ་བྱུང་དང་འབྱུང་བཞིན་པའི་གྱོད་དོན་དངོས་དེ་གློག་བརྙན་སྒྱུ་རྩལ་གྱི་མཛེས་པ་ལ་བརྟེན་ནས། རྒྱ་ཆེའི་ལྟད་མོ་བའི་མིག་ལམ་དུ་གསོན་ཉམས་ལྡན་པའི་སྒོ་ནས་བསྟན་ཡོད་པ་སྟེ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོས་རང་དང་ཚོ་སྡེ་གཅིག་པའི་གྲོགས་པོ་སྐྱ་བྷ་ལ་སྒོར་མོ་ཁྲི་གསུམ་བསྐྱིས་པ་དེ་དུས་ལྟར་དུ་མ་འཕྲོད་པས་ཁོ་གཉིས་བར་ལ་འགལ་བ་བྱུང་ཞིང་། རིམ་བཞིན་འགལ་བ་ཛ་དྲག་ཏུ་གྱུར་ནས་མཐར་ཁྲིམས་ཀྱི་རྒྱ་ལ་ཚུད་པའི་གཏམ་རྒྱུད་ཅིག་ཁྱད་མཚར་བའི་བྱུང་རིམ་དང་གཅིག་རྗེས་གཉིས་མཐུད་ཀྱི་མཐོ་རླབས་ཀྱིས་དགོད་བྲོ་ལ་ངུ་སྐྱེན་པ་ཞིག་ཏུ་བརྙན་ཕབ་བྱས་ཡོད་པས། རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་སྤྱི་ཟླ༡༢པའི་ཚེས༤སྟེ། རྩ་ཁྲིམས་དྲིལ་སྒྲོག་ཉིན་མོར་ཨ་མདོ་བརྙན་འཕྲིན་ལ་བལྟ་རོགས་གནོངས་དང་། དེ་དུས་ཁྱེད་ཀྱི་སྤྱན་སྔར་སྤྱི་ཕན་གློག་བརྙན་འདི་འབུལ་རྩིས་ཡོད་པས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།

དཔྱད་མཆན་ཡོད།