འབྲུག་ནས་བཟོས་པའི་གློག་བརྙན་དྲི་མེད་ཀུན་ལྡན་ཞེས་པ།

 

འབྲུག་ནང་གི་ནོར་གླིང་སྒྲ་དབྱངས་ཚོགས་པས་ལོ་གཅིག་ལྷག་གི་དུས་ཚོད་བེད་སྤྱད་དེ་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གློག་བརྙན་ཞིག་བཟོས་འདུག  
ནོར་གླིང་སྒྲ་དབྱངས་ཚོགས་པའི་ལས་བྱེད་བསྟན་འཛིན་འབྱུང་གནས་ལགས་ཀྱིས་ངོ་སྤྲོད་གནང་དོན། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི། བོད་ཀྱི་ལྷ་གཞུང་ཆེ་ཁག་བརྒྱད་ཀྱི་ནང་གསེས་གཅིག་ཡིན་པ་དང་། ནམ་རྒྱུན་ལྷ་གཞུང་འཁྲབ་སྐབས་ཉིན་གང་འཁྲབ་སྟོན་ཞུ་དགོས་སྟབས། འཁྲབ་མཁན་རྣམས་དཀའ་ངལ་ཁག་པོ་ཡོད་པ་མ་ཟད། གཟིགས་མོ་གཟིགས་མཁན་རྣམས་ཀྱང་དུས་ཚོད་རིང་པོ་གཏོང་དགོས་པ་སོགས་ཀྱི་སྐུ་ངལ་ཡོད་སྟབས། ད་ཐེངས་ང་ཚོས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འདི་དེང་དུས་དང་མཐུན་པའི་ལམ་ནས་འཁྲབ་སྟོན་ཞུས་པ་ཡིན། འཁྲབ་སྟོན་པ་རྣམས་བོད་ཀྱི་ཟློས་གར་ཚོགས་པ་དང་། འབྲུག་ཏུ་ཡོད་པའི་བོད་མི་དང་འབྲུག་པ་བཅས་མཉམ་རུབ་ཐོག་འཁྲབ་སྟོན་ཞུས་ཡོད་པ་མ་ཟད། ལྟད་མོའི་སྐད་ཀྱང་བོད་སྐད་དང་འབྲུག་སྐད་གཉིས་ཐོག་བཟོ་སྐྲུན་ཞུས་ཡོད། གློག་བརྙན་འདི་ནི་ང་ཚོའི་ནང་ཆོས་ངོས་ནས་བཤད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེ་བ་ ༥༠༠ དང་མ་དག་པའི་སྐྱེ་བ་ ༥༠༠ བཞེས་པའི་ཁྲོད་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོན་པའི་ལོ་རྒྱུས་ཤིག་ཆགས་ཡོད་ཅིང་། ལོ་རྒྱུས་འདི་ནི་བོད་དང་འབྲུག་ནང་བྱུང་བ་ཞིག་མིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་རྒྱ་གར་གྱི་རྒྱལ་པོ་ཧཱ་རེ་ཅན་དྷ་ར་ཞུ་བ་དེའི་ལོ་རྒྱུས་ཡིན་པ་མ་ཟད། རྒྱལ་པོ་དེས་མིག་སྦྱིན་པ་བཏང་བ་དང་། བྱམས་སྙིང་རྗེ་དང་སེམས་བཟང་པོ་བྱེད་དགོས་པ་སོགས་གཞན་ཕན་གྱི་བསླབ་བྱ་བཟང་པོ་དག་དད་ལྡན་ཚོར་བུམ་པ་གང་བྱོའི་ཚུལ་དུ་ཕུལ་བའི་རྣམ་ཐར་ཆགས་ཡོད་སྟབས། ང་ཚོས་དཔལ་འབྱོར་འདུ་འགོད་དང་། ཚོང་གི་ཁེ་ཕན་གཅིག་པུའི་དོན་དུ་མིན་པར་དེང་རབས་འཛམ་གླིང་འདིའི་ཐོག་བྱམས་པ་དང་སྙིང་རྗེ། ཡ་རབས་སྤྱོད་བཟང་སོགས་ཀྱི་ཕོངས་ཏེ་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་ལྟར། འཛམ་གླིང་མི་མང་སྤྱི་དང་། ལྷག་པར་ང་ཚོ་བོད་རིགས་དང་ཡང་སྒོས་བོད་རིགས་ན་གཞོན་རྣམས་ལ་བྱམས་བརྩེ་དང་། ཡ་རབས་བཟང་སྤྱོད་སོགས་ཀྱི་མིག་དཔེ་དང་བསླབ་བྱ་བཟང་པོ་ཞིག་ཐོབ་ཆེད་བཟོ་སྐྲུན་བྱས་པ་ཞིག་ཆགས་ཡོད། ཅེས་བརྗོད་སོང་། ཁོང་གིས་མུ་མཐུད་དུ། ད་བར་ང་ཚོའི་གློག་བརྙན་བཟོ་སྐྲུན་ཁང་གིས་«ཚེ་སྔོན་ལས་འགྲོ»དང་། «འཇིགས་བྲལ»«བུ་བཀྲིས»སོགས་རིགས་མི་འདྲ་བའི་གློག་བརྙན་གསུམ་བཟོས་ཡོད་པ་མ་ཟད། འབྲུག་ནང་གློག་བརྙན་བཟོ་མཁན་ཐོག་མ་དེ་ཡང་ཆགས་ཡོད། ད་བར་གློག་བརྙན་འདིར་འབྲུག་ནང་གློག་བརྙན་དང་ཆས་གོས། སྒྲ་སྒྲིག་སྦྱོར་དང་རིག་གཞུང་ལེགས་ཤོས་སོགས་ཀྱི་བྱ་དགའ་མི་འདྲ་བ་ལྔ་ཐོབ་ཡོད་པ་མ་ཟད། ༢༠༡༤ ལོའི་ཟླ་ ༡༠ ནང་འབྲུག་ནང་ཐེངས་དང་པོར་སྟོན་སྐབས་རྒྱ་ཆེའི་མང་ཚོགས་ཧ་ཅང་ཉེས་པོ་བྱུང་སྟེ། ཁ་ཤས་ཀྱིས་ཐེངས་བཅུ་ལྷག་ལྟ་མཁན་བྱུང་འདུག ང་ཚོས་གློག་བརྙན་འདི་བཟོ་སྐྲུན་བྱེད་པར་ལོ་གཅིག་ཙམ་འགོར་ཡོད་པ་མ་ཟད། ད་བར་ཧིན་སྒོར་འབུམ་ ༡༣༠ ཙམ་གྱི་འགྲོ་གྲོན་བཏང་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

དཔྱད་མཆན་ཡོད།