བོད་བརྙན་《དགུན་》ཞེས་པར་བྱ་དགའ་ཐོབ་པའི་གཏམ་བཟང་།

  2019ལོའི་ཟླ6ཚེས18ཉིན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཉིས་པ་དང་གློག་བརྙན་རྣམ་གྲངས་གསར་སྤེལ་ཐད་མ་རྩ་གཏོང་བའི་བྱེད་སྒོ(SIFPROJETT)ཡོངས་སུ་མཇུག་བསྒྲིལ།

  ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྣམ་གྲངས་གསར་སྤེལ་ཐད་མ་རྩ་གཏོང་བའི་བྱེད་སྒོའི་སྟེང་དུ་རྒྱལ་ཁབ་དང་ས་ཁུལ་ཉེར་གཅིག་ནས་རྣམ་གྲངས་སྙན་ཞུ་བཞི་བརྒྱ་ང་བཞི་ལྷག་ཕུལ་འདུག དེའི་ནང་ནས་བརྩམས་ཆོས་བཅུ“གཞོན་ནུའི་གློག་བརྙན་གྱི་འཆར་གཞི”ཞེས་པར་ཚུད་འདུག་ལ།བརྩམས་ཆོས་དྲུག“བཟོ་སྐྲུན་ཁྲོད་ཀྱི་རྣམ་གྲངས”སུ་ཚུད་འདུག བརྩམས་ཆོས་བཞི“ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འོས་མིང་དུ་ཚུད་པའི”རྣམ་གྲངས་གསར་པ་ཁ་སྣོན་བྱས་པའི“མཉམ་འབྲེལ་གློག་བརྙན་གྱི་རྣམ་གྲངས”ཞེས་པའི་ནང་ཚུད་འདུག བརྩམས་ཆོས་བཅུ་དྲུག“གློག་བརྙན་གྱི་རྣམ་གྲངས་གསར་སྤེལ་ཐད་ཀྱི་མ་རྩ་གཏོང་བའི”འོས་མིང་དུ་ཚུད་འདུག གཞན་བརྩམས་ཆོས་ཉི་ཤུ་དེ“གསར་སྤེལ་སྦྱོང་བརྡར་རུ་བ”ཞེས་པའི་འོས་མིང་དུ་ཚུད་འདུག

  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་དང་།འཁྲབ་ཁྲིད་པ་གསར་བ་བློ་བསྟན་གྱི་བོད་སྐད་གློག་བརྙན་གསར་བའི་རྣམ་གྲངས«དགུན»ཞེས་པར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་གློག་བརྙན་རྣམ་གྲངས་གསར་སྤེལ་ཐད་མ་རྩ་གཏོང་བའི་བྱེད་སྒོ་ཞེས་པ་ལས“བཟོ་སྐྲུན་ཁྲོད་ཀྱི་རྣམ་གྲངས”ཞེས་པའི(WorkIngress)བྱ་དགའ་ཐོབ།འདི་ནི2018ལོར་གསར་དུ་བཙུགས་པའི་བྱ་དགའི་རྣམ་གྲངས་ཤིག་ཡིན་ལ།དེའི་དམིགས་ཡུལ་ནི་ཕབ་སྐྲུན་བྱས་ཚར་ནའང་། ད་དུང་ལས་རིམ་རྗེས་མའི་བཟོ་སྐྲུན་ཁྲོད་ལུས་ཡོད་པའི་རྒྱའི་གསར་སྐྱེས་ཀྱི་འཁྲབ་ཁྲིད་པར་རྒྱབ་སྐྱོར་བྱེད་ཆེད་རེད།

                                                     གློག་བརྙན།《དགུན།》
                                                  ལྟ་སྐུལ་བ། པདྨ་ཚེ་བརྟན།
                                                  འཁྲབ་ཁྲིད་པ། བློ་བསྟན།

   ངོ་སྤྲོད་གནད་བསྡུས།
   གློག་བརྙན་འདི་ལས་མདོ་དབུས་མཐོ་སྒང་ན་འཚོ་ཞིང་བཞེས་པའི་འབྲོག་ཁྱིམ་གཉིས་རུ་སྤོ་བའི་ལམ་བར་ནས་བྱུང་བའི་སྐྱོ་སྣང་ཅན་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད།རྡོ་རྗེ་དང་ཁོའི་གྲོགས་པོ་བསྟན་པ་གཉིས་ཀྱིས་དབྱར་ས་ན་ཕྱུགས་འཚོ་བཞིན་ཡོད།བསྟུད་མར་བབས་པའི་ཁངས་ཆག་ཅིག་གིས་རྩྭ་ས་མནན་ཞིང་།ཁོ་ཚོ་དབྱར་ས་དང་ཁ་མི་གྱེས་ག་མེད་བྱུང་།དགུན་སར་སྐྱོད་བཞིན་པའི་ལམ་བར་དུ་ཁོ་ཚོ་ཁ་ཆར་བུ་གཡུགས་དང་འཕྲད་ནས་མགོ་བོ་འཁོར།གྲང་ངར་གྱིས་གཙེས་ཤིང་ཨ་ཐང་ཆད་པར་མ་ཟད།ཁ་ཟས་འཛད་ཅིང་སྤྱང་ཚོགས་ཀྱི་འཇབ་རྒོལ་ཡང་ཐེབས།ཕ་མ་གཉིས་སྔ་རྗེས་སུ་འདས་པའི་བུ་ཆུང་པདྨ་གཅིག་པུ་རྒྱང་ཐག་རིང་བའི་ཕ་ཡུལ་གྱི་ལམ་དུ་ཞུགས་པའི་གཏམ་རྒྱུད་བརྗོད་ཡོད།

  འཁྲབ་འཁྲིད་པ་བློ་བསྟན་གྱི་གཏམ་བཤད་མཇུག་བསྒྲིལ་རྗེས།དཔྱད་འདེམས་པ་ཁྲེན་ཀྲེང་ཏའོ་ཡིས“ཁྱབ་བསྒྲགས་བརྙན་ཐུང་ལ་བལྟས་པ་ཙམ་གྱིས་ཀྱང་།ང་ཡི་མིག་ཆུ་དབང་མེད་དུ་ལྷུང་སོང”ཞེས་བཤད། དཔྱད་འདེམས་པ་ཧྲིན་ཡཱང་ལགས་ཀྱིས་ཀྱང་“རྣམ་གྲངས་ཧ་ཅང་ལེགས་འགྲུབ་བྱུང་འདུག མ་རྩ་ཚོད་འཛིན་ཡང་ཡག་པོ་བྱས་འདུག”ཅེས་བསྟོད་བསྔགས་བྱས།

 དཔྱད་འདེམས་པའི་ཁས་ལེན་ཐོབ་ཆེད། འཁྲབ་ཁྲིད་པ་བློ་བསྟན་གྱིས་རང་ཉིད་ཀྱི་བྱ་བའི་ཞན་ཆ་དང་ཁ་གསབ་བྱ་དགོས་པའི་ཐད་ཀྱི་གནད་དོན་དག་ཐེར་འདོན་བྱས།

དཔྱད་འདེམས་པའི་ཀྲུའུ་ཞུ་ཝང་ཅ་བེ།

  དཔྱད་འདེམས་པའི་ཀྲུའུ་ཞི་ཝང་ཅ་ཝེས་ཀྱང་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་བཏོན་ཏེ།བློ་བསྟན་གྱིས་གློག་བརྙན་ཁྱབ་གདལ་གཏོང་བའི་ཐབས་ཇུས་ལ་མཐོང་ཆེན་བྱེད་དགོས་པ་དང་།ཐོག་མར་ཁྱོད་ཀྱིས་ལྟད་མོ་བ་རྣམས་ལ་བརྒྱུད་སྤྲོད་བྱ་འདོད་པ་ནི་བོད་རིགས་མི་དམངས་ཀྱིས་ཚེ་སྲོག་ལ་བཟུང་བའི་ངེས་ཤེས་དང་ཚེ་སྲོག་གི་ལྟ་བ་བཅས་ཡིན་པ་རེད།དེ་ནི་ཉིག་ཡོག་གི་མི་དང་ཞང་ཀང་བ་སོགས་དང་གཏན་ནས་མི་འདྲ་བའི་ཆ་རེད་ལ། དེ་ནི་ཁོ་ཚོར་མཚོན་ན་ཆེས་རྩ་ཆེ་བའི་གནད་དེ་ཡིན་པར་བརྟེན། གློག་བརྙན་ཁྱབ་སྤེལ་བྱེད་དུས་ཀྱང་ཁྱོད་ཀྱིས་གནད་དེ་ངེས་པར་དུ་ལྟད་མོ་བར་བརྒྱུད་སྤྲོད་བྱ་ཐུབ་དགོས་ཟེར།

  བློ་བསྟན་གྱིས་བཤད་རྒྱུར། «དགུན»ཞེས་པ་ཐེངས་འདིའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་གློག་བརྙན་རྣམ་གྲངས་ཐད་མ་རྩ་གཏོང་བའི་བྱེད་སྒོ་ལས“བཟོ་སྐྲུན་ཁྲོད་ཀྱི་རྣམ་གྲངས”ཞེས་པའི་བྱ་དགའ་ཐོབ་པ་ནི་གློག་བརྙན་བཟོ་སྐྲུན་ལ་མཚོན་ན་རྒྱབ་སྐྱོར་ཆེན་པོ་ཞིག་ཡིན་པར་མ་ཟད།འཁྲབ་འཁྲིད་པར་མཚོན་ནའང་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་དང་ཉམས་སད་ཐེངས་ཤིག་རེད། རང་ཉིད་ཀྱིས་ཀྱང་གློག་བརྙན་འདི་ལེགས་འགྲུབ་འབྱུང་བར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཉིས་པ་དང་གློག་བརྙན་རྣམ་གྲངས་ཐད་མ་རྩ་གཏོང་བའི་བྱེད་སྒོའི་ཡུལ་དངོས།

དཔྱད་མཆན་ཡོད།