པད་ཚེ། དོན་དུ་ཁྱེད་ཀྱིས་གཏམ་རྒྱུད་ཚང་མ་བཤད་ཚར་ཡོད།

1635748233742.jpeg

     ཉི་མ་མང་པོར། སེམས་ནི་བློང་བློང་། ཡུལ་ཡུལ། བན་བུན་དང་ཟ་ཟི། ཆུས་བྲད་པ་དང་འདྲ་ལ་རླུང་གིས་བསལ་བ་དང་ཡང་འདྲ། མཚམས་རེར་མུན་ནག་རྔམས་མཐུག་པོ་ཞིག་གཟུགས་ཅན་བཞིན་གཏིབས་འདུག་བསམ་ལ། ཡང་ལན་རེར་རང་ཉིད་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་ཅིག་ལྟར་ལུས་སོང་བའི་སྣང་བ་ཞིག་ག་ཤེད་ཅིག་ནས་སྐྱེས་ཡོང་།

       ད་ལོའི་དགུན་ཁ་འདི་རིང་བ་ལ། ཉི་མ་ཁ་ཤས་སྔོན་ཡུལ་ལ་སོང་དུས་ད་རུང་ཡང་ཁ་བ་མཐུག་པོ་བབས་འདུག། ཕ་ཡུལ་གྱི་གནམ་མཐིབས་ལ་དབུ་རྩེ་ཐམས་ཅད་སྨུག་པས་བཟུང་། ཏག་ཏག་དུས་དེ་འདྲ་ཞིག་ལ། གྲོགས་པོས་སྐད་འཕྲིན་ནས་འཁྲབ་ཁྲིད་པ་གྲགས་ཅན་གང་དེའི་གཏན་ངན་ཨེ་གོ་ཟེར། ངས་མ་གོ་ཞེས་བཤད། དེས་ཀྱང་ང་ལ་ཀུ་རེ་རྩེད་ཙམ་བྱས་པ་ལས་གསལ་བོར་མ་བཤད། དེ་ནས་དྲ་རྒྱ་ཉུལ་ཙམ་བྱས་པས་དེས་སྐབས་དང་སྐབས་སུ་ང་ལ་ཁོང་འདར་རེ་བསླངས་ཡོང་། མཚམས་དང་མཚམས་སུ་ང་ལ་ངུ་མི་ཐུབ་པའི་མཆི་མ་ཞིག་བསགས་ཡོང་། ཁྱོད་རང་དངོས་གནས་འཇིག་རྟེན་འདི་དང་གྱེས་པ་འདྲ་འདུག། གྱེས་པ་འདྲ་འདུག་ན་ཡང་ང་ལ་ཇི་ལྟར་གྱེས་མིན་དང་ནམ་ཚོད་གྱེས་མིན། གང་ནས་གྱེས་མིན་སོགས་ཤེས་འདོད་མི་འདུག། ངས་ཁྱོད་ཀྱི་སྐད་འཕྲིན་བཙལ་བའི་གྲབས་ཀྱང་མ་བྱས། ངས་དེ་མུར་ཁྱོད་ལ་སངས་དྲག་འགྲོ་ཐབས་མེད་པའི་ནད་འགའ་འགོས་ཡོད་པ་དྲན་ཞིང་། ཇ་ཐག་རེ་རེར་རིལ་བུ་མང་པོ་ཟ་མ་ཟ་བ་བཞིན་ཟ་དགོས་པ་དང་། སྡུག་གི་ནག་དོང་ཟབ་དྲགས་ཤིང་ལུས་སེམས་ཀྱི་ཚེགས་ཡུས་ཆེ་དྲགས་ན་ཡང་ཁྱོད་ཀྱིས་《ཁྱི་རྒན་》ནང་གི་མགོན་པོའི་ཨ་ཕ་བཞིན་ཨམ་གཙིགས་བསྡམས་ཞོར་དང་དབུགས་ཧལ་ཞོར་གྱིས་མདུད་དུ་བསྐྱོད་བཞིན་པའི་སྣང་བརྙན་དེ་དག་དྲན་ཡོང་།

      ཁྱོད་ཀྱིས་འཆི་བར་གདོང་གཏད་གཏད་ལ་ཡོད། ཁྱོད་ཀྱིས་ཁེར་རྐྱང་སྲུང་སྲུང་ལ་ཡོད།  ཁྱོད་ཀྱིས་མི་འདོད་པའི་སྡུག་ཅི་ཙམ་མང་པོ་ཞིག་དང་དུ་བླངས་སོང་ཨང་། འཆི་ཁའི་སྐད་ཅིག་མར་ཡང་ཁྱོད་ཀྱིས་འཁུན་པའི་སྒྲ་ཙམ་ཡང་བཏོན་མེད་ངེས། ཁྱོད་ནི་དེ་འདྲའི་མི་ཞིག་ཡིན། འོན་ཀྱང་། འཆི་བ་འདི་སླེབས་པ་སྔ་དྲགས། གཏན་བྲལ་འདི་སླེབས་པ་མགྱོགས་དྲགས་པས། ང་རང་ཅི་བྱ་གཏོལ་བྲལ་དུ་བཏང་། དར་ཅིག་ལ་སེམས་ཀྱི་དྲོད་ཡལ་བར་བྱས་ཤིང་ཡུན་ཅིག་ལ་ཁོང་གི་སྙིང་ཡང་ཞུམ་པར་བྱས། འདང་བརྒྱབ་ན། ངེད་གཉིས་ཕལ་ཆེར་ལོ་གཅིག་ཡས་མས་ལ་འབྲེལ་བ་མ་བྱས་པ་འདྲ། དེ་ལྟ་ན་ཡང་ཁྱོད་ཀྱི་གློག་བརྙན་དང་སྒྲུང་གཏམ་དག་རྒྱུན་པར་བཤད་ཅིང་ཁྱོད་ཀྱི་གཏམ་རྒྱུད་དག་ལ་རྣ་བ་བླག་བླག་ལ་ཡོད། མ་ཟད། ཁྱོད་རང་ལ་བར་ཆད་ཕྲ་མོ་རེ་ཡོད་ཤག་ཤག་དང་། གྲུབ་འབྲས་ཆེན་པོ་རེ་ཡང་དེ་བཞིན་གྱིས་ལོན་ཤག་ཤག་བྱས་ནས་བསྡད་ཡོད། ཁ་སང་དཔེ་སྒྲོམ་ནང་ལྟ་སྐབས། ཁྱོད་ཀྱིས་རང་གི་མཚན་བཀོད་དེ་《故事只讲了一半》ཞེས་པ་ཡང་ང་ལ་བསྐུར་འདུག་པ་རྙེད། ངས་དྲན་སོས་བྱུང་། དེ་ནི་ན་ནིང་གི་ཟླ་དྲུག་པ་ཙམ་ཡིན། སྒྲུང་དང་པོའི་ཚིག་མགོ་ནི། “那天是星期四,我记得很清楚。那天早晨一醒来,我从窗户看见外面灰蒙蒙一片”ཞེས་པ་དེ་རེད། ངས་ཁྱོད་ཀྱི་འཆི་བ་གོ་དུས་ཏག་ཏག་ཕྱི་རོལ་སྨུག་པ་བན་བུན་ཞིག་གིས་བཟུང་། སྒྲུང་ཆེས་རྗེས་མའི་ཚིག་མཇུག་ཀྱང་院子里一下子安静下来了。我对洛藏说:“那你杀了我吧”ཞེས་པ་ཞིག་རེད། ཁྱོད་རང་དངོས་གནས་སྙིང་ནད་ཀྱིས་བསད་སོང་། དུས་ཚོད་ཀྱིས་བསད་སོང་། ངས་བོད་ཡིག་གིས་བྲིས་པའི་མཚན་ཡིག་“པདྨ་ཚེ་བརྟན་”ཞེས་པ་མཐོང་བ་དང་མིག་མཐར་མཆི་ཞགས་ཤིག་རང་བཞིན་གྱིས་འཁོར།

         ང་ཡང་ཁྱོད་དང་འདྲ་བར་རྩོམ་རིག་དང་གློག་བརྙན་ལ་དགའ་མཁན་ཞིག། དེང་མའི་《མག་མོག་གི་ནུབ་ཁའི་ཉི་མ》ནས་《གངས།》《སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ།》《རོ་སྒྲུང་། མེ་མདའ་》སོགས། བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་ཁྱབ་ཁོངས་སུ་གོ་གནས་ཡོད་པ་རྐྱང་ཡིན། དེ་དུས་ཁྱོད་ཀྱིས་མཚོན་ཐབས་མང་པོ་ལ་ཚོད་ལྟ་བྱ་བཞིན་པ་ཡང་ཤེས། རིམ་བཞིན་ཁྱོད་ཀྱིས་རྒྱ་ཡིག་གིས་སྒྲུང་འབྲི་བའི་མགོ་བརྩམས་ཤིང་། དེ་དག་ལས་བོད་ཡིག་ཏུ་མེད་པ་བཅུ་དྲུག་བདམས་ཏེ་ངེད་༢༠༡༤ལོའི་འཛིན་གྲྭས་བོད་ཡིག་ཏུ་བསྒྱུར་ཅིང་དཔར་དུ་བཏབ། སྐབས་དེར་ངེད་ཅག་གིས་འགྲེམ་སྤེལ་བགྲོ་གླེང་ཞིག་ཀྱང་འཚོགས་ཤིང་། ཁྱོད་ཀྱི་སྐད་ཆ་དང་པོ་ནི་ད་བར་དུ་བོད་ཡིག་གིས་བརྩམས་ཆོས་གཅིག་ཀྱང་མ་བྲིས་པ་ནི་རང་ལ་མཚོན་ན་ངོ་གནོང་དགོས་པ་ཞིག་རེད་ཅེས་ཟེར། སྐད་ཆ་དེ་ངའི་བློ་ཡུལ་ལས་འགོངས། ཉིན་དེར་འཁྲུག་ཆ་དོད་པོ་བྱུང་། ཁྱོད་དང་འབྲེལ་བའི་དཔྱད་གླེང་གང་ཡིན་ཡང་སྤྱིར་བཏང་འཁྲུག་ཆ་དོད་དཔེ། དེ་ཁྱོད་ཀྱི་བསྟན་གཤིག་ཚ་བའི་སེམས་གཤིས་དང་། གྲངས་མང་བའི་བརྩམས་ཆོས་ལ་རག་ལས། ཁྱོད་ཀྱིས་བརྩམས་ཆོས་དག་གིས་རྒས་ཉམས་ཤིག་བསྟན་མ་མྱོང་སྙམ། དེ་བས་མི་དེ་འདྲ་མང་པོ་ཞིག་གིས་ཁྱོད་ཀྱི་བརྩམས་ཆོས་དག་ལ་སྒུག་ཡོད་ཨང་། ཁྱོད་ཀྱིས་སྔ་མར་བརྩམས་པའི་སྒྲུང་དག་དག་གིས་བརྗོད་ལུགས་ཤིག་དང་མཚོན་ཐབས་ཤིག་གཙོར་བྱས་ལ། ཕྱི་མར་བརྩམས་པ་དག་གིས་ཚོར་བ་ཞིག་དང་ནང་སེམས་ཤིག་གཙོ་བོར་འཛིན། མ་ཟད་ཁྱོད་ཀྱི་སྒྲུང་ནི་ལྷོད་ཤ་དང་ཞི་བའི་ཉམས་ཅན། ཚིག་ལ་ཡང་རྒྱན་འཕྱོར་པོ་དང་འདེགས་འཇོག་ཁྱད་མཚར་མེད། དེ་དབུགས་ལྒང་ཞིག་གནམ་ལ་འཕུར་བའམ། སྐྱ་ཐེར་ཐེར་གྱི་ལུང་སྟོང་ཞིག་ནས་གདངས་རིང་བའི་གཞས་ཤིག་གྲགས་པ་དང་ཡང་འདྲ། དེ་དང་ཆ་མཚུངས་པར་ཁྱོད་ཀྱི་ནང་སེམས་དང་ཕྱི་རྣམ་ཚང་མ་སྟབས་བདེ་ནས་སྟབས་བདེར་ཕྱོགས། དེ་འཆི་བ་ལ་ཕྱོགས་དུས་ཀྱི་གྲ་སྒྲིག་ཡག་ཤོས་ཀྱང་ཡིན་ངེས།

          ཁྱོད་ཀྱི་གློག་བརྙན་དག་ཏུ་འགའ་ཟླ་ཞིག་གིས་བཀང་ཡོད། དབང་ཆ། ཐོབ་ཐང་། འདུ་ཤེས། སྐྱེ་འཆི། གནའ་དེང་སོགས། འདི་ནི་ཁྱོད་མཚོན་རྒྱུར་དགའ་བའི་བརྗོད་གཞི་ཞིག་ཡིན། མཚམས་རེར་ང་ཡང་བརྗོད་གཞི་འདིའི་སྐོར་ལ་ཞེན་པ་ལོག་ཡོང་། འོན་ཀྱང་། ཁྱོད་ཀྱིས་འདིའི་སྐོར་སྲོག་ཏུ་བྱས། ངས་སྔོན་ཆད་ཁྱོད་ཀྱི་གློག་བརྙན་སྔ་མ་གསུམ་པོར་འགལ་ཟླ་ཁག་གསུམ་ཞེས་བོས། དེས་ག་ལ་ཚད། ཁྱོད་ཀྱིས་འགལ་ཟླ་འདི་མུ་ནས་མུ་རུ་སྤེལ། 《དབུགས་ལྒང་》བར་དུ་ཁྱོད་ཀྱིས་འགལ་ཟླའི་ཐག་སྣེ་འདི་དྲུད་ནས་ཡོང་བ་རེད། ད་ལྟ་འདང་བརྒྱབ་ན་འདི་ནི་ཁྱོད་ཀྱིས་གསར་རྩོམ་རྒྱུན་མར་སྤེལ་ཐུབ་པའི་ནང་གི་གཟུང་ཐག་ཅིག་གམ། ཁྱོད་ཀྱི་གློག་བརྙན་གང་ཡིན་ན་ཡང་གྲག་འགུལ་ཚབས་ཆེན་རེ་བཟོས་འགྲོ་བའི་རྒྱུ་དང་རྐྱེན་ཡང་ཨེ་ཡིན་སྙམ། དེ་ནང་བཞིན། ང་ཡང་ཁྱོད་ཀྱི་གློག་བརྙན་དག་ལ་འགལ་ཟླ་འཛིན་མཁན་ཞིག་ཡིན། དགེ་སྐྱོན་གཉིས་ཐད་ནས་འདང་རྒྱག་མཁན་ཞིག་ཡིན། དེ་དག་མཐོང་སྣེ་མི་འདྲ་བ་རེ་ནས་བཞག་པ་མ་གཏོགས། སྤྱིའི་ཆ་ནས་ཁྱོད་ཀྱི་གློག་བརྙན་ནི་ཁྱོད་རང་མཚོན་བྱེད་ཀྱི་དཔེ་རྒྱན་ཆེས་ཡག་ཤོས་དེ་ཡིན། ཁྱོད་ཀྱིས་ནམ་ཡང་དབང་ཆ་ཞིག་ལ་ཟུར་གྱིས་ལྟ་ཞིང་། ལམ་ལུགས་ཤིག་ལ་ཅོ་འདྲི། རིག་གནས་དང་འཛིན་སྟངས་མང་པོར་དོགས་པ་བསླངས་པས། ཁྱོད་ཀྱི་བརྩམས་ཆོས་དག་ནི་ཟུར་ཁ་ཅན། རྣོ་དབལ་དང་ལྡན་པ་ཞིག། དེས་མི་རྣམས་ལ་འདང་རྒྱག་དང་བློ་སྐྱེད་རེ་སྟེར་ཡོང་། དེས་ཁྱོད་རང་ད་རུང་ཡང་རྒས་མེད་པ་ཤེས། རྒས་མེད་པ་ཤེས་པས་ཁྱོད་ཀྱི་འཆི་བས་ང་རང་ཚོད་ཚོད་མེད་པར་སྐྱོ་བ་ཞིག་གིས་བཏུམས་འགྲོ་ལ་གདུང་བ་ཞིག་གིས་གཟིར་འགྲོ། ངའི་སྙིང་ཉེ་བའི་འཁྲབ་ཁྲིད་པ་ལགས།

       《ཁྱི་རྒན་》ཡང་ཁྱོད་ཀྱི་བརྩམས་ཆོས་ཁྱད་པ་བ་ཞིག་ཡིན། ངས་འདིའི་ཕྱི་ནང་བསློགས་ཡག་བྱ་མི་འདོད། དེ་ནང་བཞིན་ངས་ཁྱོད་ཀྱི་བརྩམས་ཆོས་གཞན་དག་ཀྱང་ཕྱི་བསློགས་ནང་བསློགས་བྱ་མི་འདོད། ཁྱོད་ཀྱིས་ནམ་ཡིན་ན་ཡང་ཚོད་བཟུང་བཟུང་ལ་ཡོད་པ་ནང་བཞིན་ཁྱོད་ལ་ཡང་ཚོད་འཛིན་ཞིག་ཐེབས་ཐེབས་ལ་ཡོད། 《ཁྱི་རྒན་》ལ་ལྟ་དུས་2011ལོའི་དབྱར་ཁ་ཞིག་ཡིན། ལྡོང་བུ་ངེད་གཉིས་ཀྱིས་སློབ་གྲྭའི་ནུབ་སྒོའི་ཚེ་རིང་དོན་གྲུབ་ཀྱི་ཁྱིམ་ནས་བལྟས། བལྟས་ཚར་བ་དང་ང་ལ་དངོས་གནས་དངངས་འདར་ཞིག་བསླངས་སོང་། ངས་ཕྱི་ཉིན་གང་དེར་བལྟས་རྗེས་ཀྱི་ཚོར་བ་ཞིག་སྙན་ངག་ཏུ་བྲིས་ནས་པྲ་དྲར་བཀོད།


ཁྱོད་ནི་འགྲམ་ཆང་གི་གཉེན་པོར་བཞད་པའི་བ་ཀུ་ལ
མེ་ལྕེའི་ལག་ངར་གྱིས་བཏེགས་པའི
སྡུག་གིས་བཟུང་བའི་གངས་རི
ཁ་བ་མེད་པའི་དགུན་ཁར་སྤུངས་པའི
རྩྭ་ཐང་གི་མ་ཎི་རྡོ་འབུམ

ཨམ་གཙིགས་དང་མིག་ཆུ    

ཁེར་རྐྱང་དང་སྨྲེང་སྐྱོས་གྲུབ་པའི

ཡུལ་གྱར་བ་ཆེས་རྗེས་མ

ཤོག་དཀར་ངོས་ཀྱི་རྡོའི་སེང་གེ་ལས

གསེར་ནག་དང་བླ་གཡུ་འབྲུ་མཁན
དེབ་གོག་དང་འོད་སྡེར་གྱི་གྱང་ངོས་སུ་སྦྱར་བའི
གསོལ་རས་དཀར་པོ

གངས་རིའི་ཕྱི་ནང་ལ་བརྡབས་པའི
གྲིབ་རིས་རིང་མོ་དང་རུས་པ་མཁྲེགས་པོ

ཡུལ་གྱར་རྡུང་ལེན་པ་ཞིག་ལྟར
ཁྱོད་ཀྱིས་རྟག་ཏུ  འཚོལ  འཚོལ  འཚོལ

མེ་ལྕེའི་སྒལ་གཞུང་ལ་འཐམས་པའི་ཁྲག་གི་དཔུང་རྡང་དག

གློ་གྲི་ངར་མས་གཏོར་ཏེ་མཚོ་མཇིངས་སུ་བསྐུངས་མཁན
ཡུལ་གྱར་བའི་མེ་ལོང་ལས་བཙགས་པའི
ཐ་སྙད  སྐད་གདངས  ཧི་མདེའུ
དཀར་པོ་དང་ནག་པོ
ཡོད་ཚད་ཀྱི་ཡོད་ཚད

དྲི་མེད་ཀུན་ལྡན་གྱིས་མིག་ཕྱེས་པ་བཞིན
ཁྱོད་ནི་ཁྱི་རྒན་བསྒགས་གསོད་གཏོང་མཁན
སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་མཁན
གཏམ་རྒྱུད་ཀྱི་སྦུག་ཁང་དུ་འཛུལ་བའི་རོ་དངོས་གྲུབ་ཅན་སྟེ
དེ་རིང་གི་ངའི་སྙན་ངག་འདིའི་བརྗོད་བྱ་དང་རྗོད་བྱེད

                                                                                                                                                 ༢༠༡༡ /༧

       ནམ་ཞིག་ཡིན་པ་མི་དྲན། ཁྱོད་ཀྱིས་སྙན་ངག་དེ་མཐོང་མྱོང་ཟེར། ད་རུང་ཡག་པོ་བྲིས་འདུག་ཟེར། དོན་དུ་སྙན་ངག་དེར་ཁྱོད་ལ་ཁ་རྡུང་ཡང་མང་པོ་བཏང་ཡོད། ད་ལྟ་དྲན་ན་དེ་ཚོ་སྐད་ཆ་སྙིང་རྗེ་མོ་འགའ་རུ་གྱུར་འདུག། རྗེས་ནས་ངས་གློག་བརྙན་དེར་པར་གཞི་ཁ་ཤས་ཡོད་པ་ཡང་གོ། 《གཡང་མདའ》ཡང་ཁྱོད་ཀྱི་གློག་བརྙན་དག་ལས་ཅུང་ཡན་གར་བ་ཞིག་ཡིན། གཏམ་རྒྱུད་ཀྱི་ལྷུ་སྤྲོད་སྟངས་དང་མི་སྣ་བཞེངས་སྐྲུན། བརྙན་ཕབ་སྟངས་གང་ཐད་ནས་བལྟས་ཀྱང་ཚོང་ལས་གློག་བརྙན་གྱི་རྗེས་ཤུལ་ཞིག་བཙལ་རྒྱུ་ཡོད་ན་ཡང་། དེ་ཡང་ཡག་པོར་འཁྱོངས་མེད། ངས་ཁྱོད་རང་ཚོང་ལས་གློག་བརྙན་སྐོར་ཕབ་རྒྱུར་མི་འཚམ་སྙམ། ཁྱོད་རང་སྔར་བཞིན་སྒྱུ་རྩལ་རྐྱང་པ་གཉེར་རྒྱུར་འཚམ། ཁྱོད་རང་སྔར་བཞིན་ཁྱོད་དགའ་སའི་ཨ་པཱ་ཟི་དང་བྷིས་ལ་ཐར་ལ་བཅར་གྱིན་འདུག། (པེ་ཅིང་གློག་བརྙན་སློབ་གླིང་ནས་ང་ཚོས་མཉམ་དུ་བྷིས་ལ་ཐར་གྱི་སྐར་མ་༤༥༠ལྷག་ཡོད་པའི་撒旦的探戈ཞེས་པར་བལྟས་པ་ཨེ་དྲན་ནམ།)དེ་ལྟ་ན་ཡང་། ངས་སྔར་བཞིན་ཁྱོད་ཀྱི་གློག་བརྙན་དག་གི་འགྲོས་དལ་བ་དང་། བརྙན་རིང་སྤྱད་པ། མི་སྣས་ཡག་མི་བཏོད་པ། བརྗོད་གཞི་གཟབ་ནན་ཡིན་པ། སྐྱོ་གར་གྱིས་མཇུག་བསྡུས་པ་སོགས་འཛིན་སྤྱད་བྱས་ནས་ཁྱོད་ཀྱི་གློག་བརྙན་ནི་ཁྱོད་རང་གི་ནང་སེམས་ལ་ཕྱོགས་ཏེ་ཕབ་པ་ཞིག་ལས་ལྟད་མོ་བ་ཕལ་མོ་ཆེར་གཟས་ཏེ་ཕབ་པ་ཞིག་མ་རེད་འདོད། དེ་ནི་མི་རིགས་ཤིག་གི་གློག་བརྙན་གྱི་ངོས་ནས་འདང་བརྒྱབ་པ་ཙམ། འོན་ཀྱང་ན་གཞོན་མང་པོས་ཁྱོད་ལས་ལམ་གསར་པ་ཞིག་རྙེད་ཅིང་འདུག། དེ་ནི་དགའ་འོས་པའི་དོན་ཞིག་ཅི་ལ་མིན། ཁྱོད་ཀྱིས་ཀྱང་བོད་སྐད་གློག་བརྙན་གྱི་སྣ་མང་ཕུན་ཚོགས་ཀྱི་གནས་སྟངས་ཤིག་ལ་རེ་ཡོད་ངེས། གང་ལྟར་ཀྱང་ཁྱོད་ཀྱིས་དེང་མའི་དམིགས་རྣམ་མ་བོར་ཡོད། ཁྱོད་ནི་དེ་འདྲའི་ཨུ་ཚུགས་ཅན་ཞིག། 《ཐར་ལོ་》ལ་བལྟས་རྗེས། ལྷག་པར་ཡང་ཚོར་བ་དེ་ཇེ་ཆེར་གྱུར་ཅིང་ངས་ཁྱོད་རང་རྟག་མཐའ་འམ་ཆད་མཐའ་གང་རུང་ཞིག་ཏུ་ལྷུང་བའི་ཉེན་ཁ་ཡང་ཡོད་པར་བསམ། རྗེས་ཀྱི་《ལག་དམར་》དང་《དབུགས་ལྒང་》གང་ལ་བལྟས་ན་ཡང་ཁྱོད་ཀྱིས་བརྗོད་གཞི་དང་གཤིས་ལུགས་མི་འདྲ་བ་མང་པོར་ཚོད་ལྟ་བྱས་འདུག་ཅིང་། ཁྱོད་ཀྱིས་སྒྱུ་རྩལ་གློག་བརྙན་འབའ་ཞིག་བཟོ་རྒྱུའི་ཆོད་སེམས་ཀྱང་མཐོང་། གང་ལྟར། ཁྱོད་ཀྱིས་གྲུ་ཟུར་མི་འདྲ་བའི་ངོས་ནས་བོད་མིའི་སྣང་བརྙན་མང་པོ་འོད་དང་བརྙན་གྱིས་བཟོས། བཟོས་ཚད་གྲིམ་ཆེ་ལ་སྐྱོ་ཤས་དང་སྡུག་ཡུས་ཀྱིས་བཀང་། མ་ཟད་ཁྱོད་ཀྱི་སྒྲུང་གཏམ་ཕལ་མོ་ཆེར་སྤྱི་ཁྱབ་ཏུ་ཡོད་པའི་ཡ་མ་བརླ་ཡི་བསམ་པའི་འཛིན་སྟངས་ཤིག་གློག་བརྙན་དུ་ཇེ་གསལ་ནས་ཇེ་གསལ་དུ་ཡང་འགྱུར་གྱིན་འདུག། གློག་བརྙན་འདི་གཉིས་པེ་ཅིན་ནས་སྟོན་ཐེངས་དང་པོར་ང་ཚོས་མཉམ་དུ་བལྟས། ཁྱོད་ཀྱིས་ནི་མི་འདྲི་ན་ཡང་། ངས་རང་འགུལ་གྱིས་གློག་བརྙན་ཡག་གི་ཞེས་བཤད། གློག་བརྙན་གྱི་ཚོང་བྲིན་རྒྱུ་ལ་དམིགས་ནས་འུད་ཆེན་པོའི་ཉམས་ཀྱིས་བརྙན་དཔྱད་ཀྱང་འགའ་རེ་བྲིས། ཉིན་ཞིག་ངེད་གཉིས་ཟ་ཁང་ཆུང་ཆུང་ཞིག་ནས་འཛོམས། དེ་དུས་བོད་པ་མང་པོས་《དབུགས་ལྒང་》གི་སྒྲོག་པར་ལ་དགག་པ་རྒྱག་གིན་པའི་སྐབས་ཤིག་ཡིན། ངེད་གཉིས་ཀྱིས་དེའི་སྐོར་ཁ་བརྡ་བྱས། ཟ་མ་ཟ་ཞོར་དུ་ཁྱོད་ཀྱིས་དེ་མུར་སྒྲོག་པར་བརྗེ་རྒྱུའི་བརྡ་ཞིག་ཀྱང་བརྒྱབ་སོང་། ང་ལ་海报ལ་བོད་སྐད་དུ་ཆི་བརྫས་ན་འགྲིག་གི་ཟེར། ངས་སྒྲོག་པར་འགྲིག་གི་ཞེས་བཤད།

          གློག་བརྙན་གཞུག་མ་འདི་གཉིས་ལ་ངས་ཐེངས་གཉིས་རེ་ཙམ་བལྟས། གཉིས་ཀར་རྩོམ་རིག་དང་ཐག་ཉེ་བའི་ཚིག་རྒྱན་གྱིས་ཁེངས་འདུག། ཁྱོད་ཀྱིས་བརྗོད་གཞི་མི་འདྲ་བ་མང་པོ་བརྙན་ཕབ་སྟངས་མི་འདྲ་བའི་ཐབས་ཀྱིས་བཟོས། རྨི་ལམ་དང་འཁྲུལ་སྣང་། གཟུགས་འདས་དང་སྒྱུ་འཕྲུལ། ང་ཁྱོད་ཀྱིས་གློག་བརྙན་ཡང་རྩོམ་རིག་ནང་བཞིན་ཕབ་ཐུབ་པ་ལ་ཡི་མི་རངས་ག་མེད། དེ་བས་ཁྱོད་ཀྱི་གློག་བརྙན་དག་གིས་ལྟད་མོ་བ་སྐྱིད་ལ་ནི་མི་བསྐུར། ཁོག་ལ་སྡུག་རེ་བཞག་འཇོག། འདི་དག་གི་རྐྱེན་པས་ང་ཁྱོད་ཀྱི་གློག་བརྙན་ལ་བསམ་ཚུལ་ཡང་མང་པོ་ཡོད་མྱོང་ལ། གློག་བརྙན་སློབ་ཁྲིད་སྐབས་སོགས་སུ་བཤད་ཀྱང་མྱོང་། རྗེས་ནས་ན་གཞོན་འཁྲབ་ཁྲིད་པ་སྐོར་རེ་དང་ཁ་བརྡ་བྱེད་སྐབས་ཁོ་ཚོར་ཡང་དེ་འདྲའི་བསམ་ཚུལ་ཡོད་པ་རྟོགས། འོན་ཀྱང་ཁྱོད་ཀྱིས་ནམ་ཡང་དབང་ཆ་དང་ཚོང་རར་མགོ་མི་སྒུར། ནང་སེམས་ལ་ཕྱོགས་ཏེ་སྒྱུ་རྩལ་ནས་སྒྱུ་རྩལ་སྙེག། འདིའི་སྐོར་《ཁྱི་རྒན་》དང་《ཐར་ལོ་》ལས་ལྷག་པར་ཤེས། ད་ལྟ་འདང་བརྒྱབ་ན། ལོ་ངོ་མང་པོའི་བརྩོན་འགྲུས་དང་སྣ་གཅིག་གི་སྟེང་ངར་བླུད་པ་དེས་ཁྱོད་ཀྱི་བརྩམས་ཆོས་ལ་དམིགས་བསལ་གྱི་གཤིས་ལུགས་ཤིག་གྲུབ་ཏུ་བཅུག། དེ་ནི་ཁོག་པ་སྡུག་གིས་བཟུང་བའི་གངས་རི་ཞིག་གམ་ཉི་ཟླ་ར་བར་དུ་འཁུར་མྱོང་བའི་འབྲོང་རྒོད་ཅིག། ངས་ཁྱོད་ཀྱི་གློག་བརྙན་དག་ནི་འཛམ་གླིང་གློག་བརྙན་གྱི་ངོས་ནས་བལྟས་ན་ཡང་ལྗིད་ཏིག་ཏིག་ཅིག་ཡིན་བསམ་ལ། ལྷག་པར་ཀྲུང་གོའི་ནང་ལོགས་ཀྱི་ལོ་ངོ་བདུན་ཅུ་ལྷག་རིང་གི་བོད་འབྲེལ་གློག་བརྙན་གྱི་ངོས་ནས་བལྟས་ཚེ། ཁྱོད་ནི་སྐར་འོད་ལྟར་ཆེམ་གྱིན་པ་ཞིག་ཡིན་ལ་ཉི་འོད་བཞིན་བཀྲག་མདངས་འཚེར་གྱིན་པ་ཞིག། ཁྱོད་ཀྱིས་བོད་སྐད་གློག་བརྙན་གྱི་ལམ་ཚད་རྡོ་རིང་ཞིག་བསླངས་ཤིང་། ལ་རྒྱའི་དཔུང་ངར་ཞིག་བཏེགས།

        པེ་ཅིན་ནས་ང་ཚོ་ཐེངས་བཅུ་ཕྲག་ལྷག་ལ་འཛོམས་མྱོང་། སྐབས་རེར་ང་བོས་ཏེ་གློག་བརྙན་ལ་བལྟས། སྐབས་རེར་མཉམ་དུ་གློག་བརྙན་སྒྲིག་སྦྱོར་བྱེད་དུ་སོང་། སྐབས་རེར་བགྲོ་གླེང་ལ་ཞུགས། དེ་ལྟ་ན་ཡང་ང་ཁྱོད་དང་འབྲེལ་འདྲིས་ཟབ་ཅེས་ངས་ཀྱང་བཤད་མི་ཕོད། ཁྱོད་ནི་སྡུག་གིས་བཟུང་བའི་གངས་རི་ཞིག། ཁྱོད་ནི་ཁེར་རྐྱང་གི་དོང་ཞབས་མེད་ཅིག། ཁྱོད་ཀྱིས་ངེད་ཅག་གི་བྱ་བར་རྒྱབ་སྐྱོར་མང་པོ་བྱས་མྱོང་། པྲ་དྲ། གློག་བརྙན་འགྲེམ་སྟོན། དཔེ་ཚོགས། སློབ་ཁྲིད་དང་ཞིབ་འཇུག་སོགས་ལ། ཁྱོད་ཀྱིས་ངེད་ཅག་ལ་རོགས་རམ་མང་པོ་གནང་མྱོང་བ་ལྟར། ཁྱོད་ཀྱིས་གཞོན་སྐྱེས་གློག་བརྙན་ལ་འཇུག་མཁན་མང་པོ་སྐྱེད་སྲིང་དང་རྒྱབ་རོགས་དཔེ་མེད་བྱས་མྱོང་། དེས་ཁོ་ཚོར་གཤོག་ཡ་དང་རྒྱབ་དཔུང་ཞིག་སྤྲད་ཡོད་ཁོ་ཐག་ཡིན། ང་ཚོ་ཚང་མ་ཁྱོད་ཀྱི་གཏམ་རྒྱུད་ཀྱི་མཇུག་སྐྱོང་མཁན་ཡང་ཡིན་སྲིད། ང་ཚོ་གང་ནས་འཛོམས་ཀྱང་གླེང་གཞི་ཁྱོད། ཚང་མའི་སེམས་ངོ་ན་ཁྱོད་ནི་དྲིན་གཟོ་ས་ཞིག་དང་དར་ཆ་ཞིག་ལྟར་འགྲེངས་ཡོད། དེ་དུས་ཤིག་ལ་ཁྱོད་ཀྱི་གློག་བརྙན་མང་པོ་འཁྲབ་མྱོང་བའི་དཀའ་ཐུབ་བཀྲ་ཤིས་ངེད་གཉིས་པེ་ཅིན་ནས་ཐུག། ངེད་གཉིས་ཀྱི་ཁ་བརྡ་བོད་ཀྱི་གློག་བརྙན་འགྲེམ་སྟོན་ཁང་ཞིག་འཛུགས་རྒྱུའི་ཕྱོགས་སུ་ཤོར། ཁོས་ཁྱོད་ཀྱིས་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ཕབ་སྐབས་གྱོན་མྱོང་བའི་ལྭ་རིང་དང་ལག་ཤུབས་ཉར་ཡོད་ཟེར།་་་་་་་

       ཁྱོད་ཀྱིས་རོགས་རམ་དང་གསོ་སྐྱོང་བྱ་བཞིན་པ་བོད་པ་གཅིག་པུ་ཡང་ག་ལ་ཡིན། རིགས་དང་རུས་ལ་ཁྱད་མེད། དེ་གློག་བརྙན་པའི་སྡེའི་མི་ཚང་མས་ཤེས། ཚང་མས་ཁྱོད་ནི་མི་བཟང་ཞིག། ཞི་དུལ་ཞིག། རྒྱ་འབྲས་ཤིག། བརྩེ་བ་ཞིག། ལྗིད་ཚད་ཅིག་ཏུ་འདོད། འདི་དག་ཀྱང་ཁྱོད་ཀྱིས་མི་ཡུལ་འདིར་བཞག་པའི་བརྩམས་ཆོས་རིགས་ཤིག་ཡིན། ཡང་ཕྱི་དྲོ་ཞིག་ལ་ང་ཚོ་མི་འགའ་མཉམ་དུ་འཛོམས། ཟ་མ་ཟས་ཚར་བ་དང་། ངེད་ཅག་ཁྱོད་ཀྱི་རླངས་འཁོར་དུ་བསྡད་ནས་ཁྱིམ་ལ་མགྲོན་དུ་སོང་། ནང་དུ་སླེབས་རྗེས་ཧ་ཅང་འཕྱི། ང་ཚོ་མི་འགའ་མལ་ཁང་གཞན་ཞིག་ཏུ་ཉལ། ཁྱོད་ཀྱིས་ང་ཚོར་ཉལ་ཐུལ་འདང་ཚད་བྱིན་ཅིན་ད་འཁྱག་རྒྱུ་མ་རེད་པ་ཟེར། ཚང་མ་གཉིད་ལ་ཞུགས་མགོ་བརྩམས། ངས་ཁྱོད་ཀྱིས་ད་རུང་སྒྲུང་གཏམ་འབྲི་བཞིན་ཡོད་རྒྱུ་རེད་བསམ། ཕྱི་ཉིན་ཁྱོད་ཀྱིས་ང་ཚོར་རྟུལ་མ་ཞིག་འཐུང་དུ་བཅུག། བར་སྐབས་ཤིག་ལ་གནམ་གྲུ་འབབ་ཐང་ག་གེ་མོའི་ཞབས་ཞུ་བ་དང་ཁ་རྩོད་ཤོར་བས་སམ། ཁྱོད་མྱི་ཁ་དང་འགལ་རྐྱེན་ཞིག་གི་ཁྲོད་དུ་ལྷུང་། ངས་ད་དུང་ཡང་ཁྱོད་རང་མལ་ཁྲི་ཞིག་གི་སྒང་ན་གནམ་ཁབ་བརྒྱབ་ནས་ལོག་ནས་ཡོད་པའི་སྣང་བརྙན་དེ་ཝ་ལེར་ཤར་ཡོང་། དེ་དག་ད་ལྟའི་འཆི་བ་དང་བསྡུར་ན། གླེང་རིན་ཅི་ཡང་མེད་པའི་འགལ་རྐྱེན་ཆུང་ཆུང་། ཆུང་ཆུང་ཞིག་རེད་ཨང་། དེས་ཁྱོད་ཀྱི་སེམས་ཁམས་ལ་རྨ་ཁ་ཕྲན་བུ་ཞིག་བཟོས་ཡོད་ངེས། 2017ལོ་ཡིན་པ་འདྲ། དབྱར་ཁ་དེར་ངས་ཁྱོད་རང་བླ་བྲང་དུ་ཡོད་པ་ཤེས་པས། གནམ་གྲུ་འབབ་ཐང་གི་འགལ་རྐྱེན་བར་ཆད་དེ་ལས་ཐར་བ་ལ་རྟེན་འབྲེལ་ཞུ་བའམ་མཚམས་འདྲི་མཚོན་ཕྱིར། ངས་ཉིན་དེར་ཁྱོད་ལ་མགྲོན་ཁང་ནས་ཁ་བཏགས་ཨ་ཤེ་སྲིད་དུ་རིང་བ་ཞིག་འཐེན། ངས་ཤེས་ཡོད། དེ་དུས་ཁྱོད་ཤིན་ཏུ་དགའ་སོང་། འཛུམ་ཡང་ཕྱུང་སོང་།

      ༢༠༡༩ལོའི་ལོ་སྟོད་ཅིག་ཡིན་པ་ཡོད། ཁྱེད་ཀྱིས་ང་ལ་རང་གི་བུ་ངོ་སྤྲད། གཞུག་ནས་ཁྱོད་ཚོ་འབྲེལ་བ་བྱོས་ཟེར། བདེན། ཁོའི་མིང་ལ་འཇིགས་མེད་འཕྲིན་ལས། པེ་ཅིན་གློག་བརྙན་སློབ་གླིང་དང་ར་རྒྱ་ཤེས་རིག་གླིང་སོགས་འགྲིམས། ཁོས་གཅིག་དང་བཞི་ཞེས་པའི་གློག་བརྙན་ཞིག་ཀྱང་བཟོས་ཡོད། ཁོ་ད་རུང་ལོ་ཉེར་བདུན་ལས་མིན།

      ལགས་སོ།། ང་ཚོས་མུ་མཐུད་འབྲེལ་བ་བྱ་ངེས་ལགས། བདག་གི་བཀུར་འོས་གཅེས་འོས་ཀྱི་འཁྲབ་ཁྲིད་པ་ལགས། ཁྱེད་རང་བདེ་བར་བཞུད་ཅིག། ཁྱེད་ཀྱིས་དཀའ་ལས་མྱངས་རྒྱུ་མང་དྲགས་སོང་།

        དོན་དུ་ཁྱེད་ཀྱིས་གཏམ་རྒྱུད་ཚང་མ་བཤད་ཚར་ཡོད།

WechatIMG70.jpeg

 བྱམས་ཕྲུག

དཔྱད་མཆན་ཡོད།