པདྨ་ཚེ་བརྟན་དང་ཕྱིར་དྲན་རིང་མོ།
རྩོམ་པ་པོ། དགེ་རྒན་ཆེན་མོ་ཟའོ་མའོ།
ཟླ་ཚང་དཔལ་མཁར་རྒྱལ་གྱིས་བསྒྱུར།
པེ་ཅིང་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཁག་གིས་པེ་ཅིང་ནས་སྤེལ་བ་ཡིན།
དུས་ཚོད། 2023-05-16 17:24
ཟའོ་མའོ། པེ་ཅིང་གློག་བརྙན་སློབ་གླིང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ།
གཅིག ཐུག་འཕྲད།
༢༠༠༢ལོར། པདྨ་ཚེ་བརྟན་ནི་པེ་ཅིང་གློག་བརྙན་རྩོམ་རིག་སྡེ་ཁག་གི་འཁྲབ་གཞུང་ཆེད་ལས་ཀྱི་འཕར་སྣོན་འཛིན་གྲྭའི་སློབ་མ་ཡིན། ང་ནི་འཛིན་གྲྭ་དེའི་སློབ་ཁྲིད་འགན་འཁུར་བ་ཡིན་ལ། པེ་ཅིང་གློག་བརྙན་སློབ་གླིང་གི་ཀྲུའུ་རིན་ཁྲིད་སྟོན་པའི་འགན་གཅིག་ལྕོགས་སུའང་འཁུར་ཡོད། ཀྲུའུ་རིན་ཁྲིད་སྟོན་པའི་འགན་བབ་ནི་སློབ་མ་བསྡུ་བ་དང་སློབ་མ་སློབ་ཞུགས་ཚར་བའི་ཐད་ལ་སློབ་ཁྲིད་བཀོད་སྒྲིག་བྱེད་མཁན་གྱི་གྲས་ཡིན། ཉིན་དེར། ང་རང་གཞུང་ལས་ཁང་དུ་གཞུང་གཉེར་བྱེད་སྐབས། དགེ་རྒན་མཱ་ཞིག་ཧྲང་གིས་བོད་རིགས་སློབ་གྲོགས་ཤིག་ཁྲིད་ཐོན་བྱུང་། ཁོང་ནི་པདྨ་ཚེ་བརྟན་རེད། པདྨ་ཚེ་བརྟན་ནི་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཡིན་ལ། བརྩམས་སྒྲུང་མི་ཉུང་བ་བརྩམས་གནང་མཛད་པའི་བོད་ཀྱི་རྩོམ་པ་པོ་ཞིག་ཀྱང་ཡིན། དེ་ནས་རྩོམ་པ་པོ་ལ་དགའ་བསུ་ཞུ་ཞེས་བསུ་བ་དང་བཅས་བཤད། གལ་སྲིད་ཁྱེད་ཀྱིས་གློག་བརྙན་ཕབ་སྐྲུན་བྱེད་ཐུབ་གྱུར་ན། ཁྱེད་ནི་ཏག་ཏག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མ་དེ་ཡིན་སྲིད། སྔོན་ཆད་ཕྱི་གླིང་བ་དང་རྒྱ་རིགས་སྤུན་ཟླ་དག་གིས་བོད་འབྲེལ་གློག་བརྙན་མང་པོ་ཕབ་སྐྲུན་བྱས་པ་རེད། དེ་ནི་དོན་གྱིས་བོད་སྐད་གློག་བརྙན་རྣལ་མ་ཞིག་མ་རེད། ཞེས་ཡང་བསྐྱར་བཤད་རྗེས། སྐད་ཆ་ཅི་ཡང་མ་བཤད།
གཉིས། ༧༡༡སློབ་ཁང་།
རྩོམ་རིག་སྡེ་ཁག་གི་ཟབ་ཞུགས་འཛིན་གྲྭའི་སློབ་ཁྲིད་དང་བསླབ་ཚན་དགེ་རྒན་གྱི་འགན་གཙོ་བོ་ནི་རྩོམ་རིག་སྡེ་ཁག་གི་དགེ་རྒན་གྱིས་འགན་འཁུར་རྒྱུ་དེ་ཡིན། ལར་ང་ཚོའི་འཛིན་གྲྭ་དེ་ལ། རྩོམ་རིག་སྡེ་ཁག་གི་དགེ་རྒན་ཡོངས་ནས་ཐུགས་ཁུར་ཟབ་བཞེས་ཀྱི་སྒོ་ནས་རྔུལ་ཁྲག་གི་དཀའ་ངལ་གདོང་གིས་བསུས་ཡོད། སློབ་སྐབས་གསར་བའི་ངའི་སློབ་ཁྲིད་ནི༼ གློག་བརྙན་འཁྲབ་གཞུང་གི་རྨང་གཞིའི་ཤེས་བྱ ༽ ཡིན། ངས་རང་གི་གློག་བརྙན་སློབ་གསོའི་ཤེས་རྟོགས་ལྟར་དུ་སློབ་ཁྲིད་བྱས་པ་ཡིན་ལ། རང་གི་སློབ་མ་ལ་གློག་བརྙན་རེ་རེ་ལ་དབྱེ་ཞིབ་དང་ནན་གྱིས་ཟབ་འཇུག་བྱས་པ་ཡིན། ནམ་རྒྱུན། སློབ་མ་ཚོར་དམིགས་ནས༼ ཁྱོད་ཚོ་ནི་འཁྲབ་གཞུང་འབྲི་སྦྱོང་ཙམ་ཁོ་ན་མ་ཡིན་པར། གློག་བརྙན་ནི་འཁྲབ་ཁྲིད་པའི་སྒྱུ་རྩལ་སྙིང་བོ་ཡིན་པས། ཁྱོད་ཚོ་རང་ངོས་ནས་གློག་བརྙན་ཕབ་དགོས་པ་རེད། ༽ ཞེས་བརྗོད་པ་ཡིན།
སྤྱིར་ན། གློག་བརྙན་འཁྲབ་གཞུང་གི་སློབ་ཁྲིད་གཞུང་ངོས་ལ་འགྱུར་བ་ཐེབས་ཡོད་ལ། རྩོམ་རིག་སྡེ་ཁག་ངོས་ནས་སྔ་མོ་ནས་འགྱུར་ལྡོག་བྱུང་ཟིན་པ་ཡིན། ལོ་རབས་དགུ་བཅུ་བའི་སྐབས་སུ། ཀྲུང་གོའི་རབས་དྲུག་པའི་འཁྲབ་ཁྲིད་པའི་དར་བོ་ཆེ་ནི་ཅཱ་ཀྲང་ཁུ་འཁྲབ་ཁྲིད་པ་དང་འཁྲབ་ཁྲིད་པ་ཅཱ་ཀྲང་ཁུའི་སྔ་རྗེས་སུ་བྱོན་པའི་རྩོམ་རིག་སྡེ་ཁག་གི་མཐོང་ཡངས་ནས་ཀྲུང་གོའི་ཕུལ་བྱུང་གི་འཁྲབ་ཁྲིད་པ་འབོར་ཆེན་ཞིག་མཐར་ཕྱིན་པ་ཡིན།
༢༠༠༠ལོར། འཁྲབ་གཞུང་ཆེད་སྦྱོང་འཛིན་གྲྭ་ནས་དངོས་གཞི་འཛིན་གྲྭ་འཕར་བའི་སློབ་ཁང་ནིAཐོག་བརྩེགས༧༡༡ཡིན། སློབ་ཁང་དེ་ནི་གཟབ་ནན་དང་གཅིག་བསྡུས་སུ་གྲུབ་པའི་མཁས་དབུགས་ཤིག་ངང་གིས་ཆགས་འདུག ཐེངས་ཤིག་ལ་སློབ་གྲོགས་ཕིན་ཐའོ་ཡིས༼ ཨ་རིའི་འདས་དོན ༽ དང་འབྲེལ་ནས་དྲི་བ་དྲིས་ལན་བཏབ་པ་མི་ལེགས་པས། ངས་ཁོ་ལ་ཐུན་གཅིག་གི་རིང་ལ་ཡར་ལངས་ནས་བསྡད་དུ་བཅུག ༼ ཟུར་མཆན། ཕིན་ཐའོ་ཡི་བརྩམས་ཆོས་ལ། ༼ ཁྲག་སྲིན ༽ དང༼ རོ་བསྲེགས ༽༼ གྱེས་བྲལ ༽ བཅས་འདུ། ༼ ཁྲག་སྲིན ༽ ལ་ཡ་གླིང་གི་སྐབས་གཉིས་པའི་གློག་བརྙན་དུས་སྟོན་སྟེང་དུ་གཟེངས་རྟགས་ཆེ་ཤོས་འཐོབ། ༽ ད་རུང་སློབ་སྐབས་གསར་བ་འཚོག་སྐབས། ངས་སྒོ་སམ་ངོས་སུ་ཚིག་འབྲུ་གཅིག་བྲིས་མྱོང༼ ང་ཅག་ལ་མཁོ་བ་ནི་ཏག་ཏག་སློབ་ཁང་གྲུ་བཞིའི་ནང་གི་ལ་རྒྱ་དང་ངོ་སོ་ཙམ་མ་ཡིན་པར། ལོ་ངོ་བཅུའི་རྗེས་ཀྱི་གནམ་འོག་གི་གཟི་བརྗིད་དེ་ཡིན་ནོ། ༽ ཞེས་བརྗོད་མྱོང་བ་དྲན་བྱུང་།
སྐབས་དེར་སློབ་ཁང་ནང་དུ་སློབ་གྲོགས་ཚོས་ཕན་ཚུན་ལ་ལག་བརྡ་ཙམ་རེ་བསྟན། སློབ་གྲོགས་ཚོའི་གྲས་སུ་སྐྱེས་མ་སློབ་གྲོགས་ཤིག་ཡོད། ཕྱིས་སུ་ཁོ་མོ་ནི་མིང་དུ་གྲགས་པའི་འཁྲབ་གཞུང་རྩོམ་མཁན་གྱི་སློབ་གྲོགས་བཱང་ཡེན་དྲན་པའི་སྣང་ངོར་འཁོར། སྤྱིར་ན་སློབ་ཁང་ནང་དུ་ཁོ་མོ་ཙོག་ས་ནི་གྲལ་རིམ་ཨང་དང་པོའི་གྲས་ཡིན། སྐད་ཆ་དེ་ནི་བཤད་ཡམས་ཙམ་དུ་གྱུར། ཉིན་གཉིས་པར་ཁོ་མོ་འདུག་ས་ནི་གྲལ་རིམ་ཨང་དྲུག་པའི་གྲས་ཡིན།
པདྨ་ཚེ་བརྟན་ནི༧༡༡ སློབ་ཁང་གི་མཇུག་ནས་ཡར་བརྩིས་ན་གྲལ་རིམ་གཉིས་པ་ཡིན་ལ། སྒེའུ་ཁུང་འགྲམ་གྱི་འདུག་ས་དེ་ཡིན ། ཁོང་ནི་བོད་ཁུལ་གྱི་མཚོ་སྔོན་ནས་འཁྲུངས་བ་ཡིན་ལ། སྔོན་ཆད་ཁོང་ཉིད་གློག་བརྙན་དང་ལས་སྐལ་བྱུང་བ་ནི་གཙོ་བོ་གློག་བརྙན་ཁང་གི་གློག་བརྙན་འགྲེམས་སྟོན་ལ་འབྲེལ་ཡོད། ང་ཅག་འཛིན་གྲྭ་ཞུགས་པ་ནས་འཁྲབ་ཁྲིད་པ་ཥི་ཞའོ་ཞན་གྱི༼ ཕོ་བཟང་མོ་བཟང ༽ ཞེས་པ་འགྲེམས་སྟོན་བྱས་པ་ཡིན། གློག་བརྙན་དེ་ནི་ང་ཚོའི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན།
སློབ་ཁྲིད་སྐབས་སུ་ཥི་ཞའོ་ཞན་གྱི་གློག་བརྙན་མི་འདྲ་བའི་ཆ་ཡིན་སྲིད་ངེས། པདྨ་ནི་སློབ་ཁྲིད་ལས་སྨྲ་བ་ཉུང་ཞིང་གཟབ་ནན་ཞིག་ཡིན། འོན་ཀྱང་། ཁོ་རང་ནམ་རྒྱུན་སློབ་ཁང་ནང་དུ་ཐོག་དང་པོར་ཐོན་པ་ཞིག་ཡིན། ཕྱིས་སུ་དབྱིན་ཇིའི་གློག་བརྙན་དཔྱད་བརྗོད་པ་ཐང་ནེ་ལེ་ཨུན་གྱི་རྩོམ་ཡིག་ལས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ གྱི་བརྙན་རིས་གྲུབ་ཚུལ་དང་འགྲོས་ཚད་ལ་གཞིགས་ན། འཁྲབ་ཁྲིད་པ་ཥི་ཞའོ་ཞན་གྱི་གློག་བརྙན༼ རླུང་གིས་སྒྲོམ་པའི་མི ༽ དང༼ ཏོང་ཏོང་གི་གུང་གསེང ༽ ཅེས་པའི་ཟུར་ངོས་གང་རུང་ཞིག་ལ་དཔེ་གཞི་བྱས་འདུག་ཞེས་བྲིས་ཡོད།
ལོ་ངོ་ག་ཙམ་འདས་ཀྱང་། ནམ་རྒྱུན་ང་རང༧༡༡སློབ་ཁང་ནང་དུ་སློབ་ཁྲིད་བྱེད་སྐབས། སྒེའུ་ཁུང་འགྲམ་གྱི་གྲལ་མཐའ་ནས་ཡར་རྩིས་ན་འདུག་སྟེགས་གཉིས་པའི་ངང་གིས་མཐོང་དུས། ངས་ད་རུང་པདྨ་ཚེ་བརྟན་དེ་རུ་གནས་པའི་སྣང་བ་ངང་ངམ་དུ་སྟེར།
གསུམ། བརྙན་ཕབ་ལས་བྱ།
ང་ཚོའི་འཛིན་གྲྭ་ནི་འཁྲབ་གཞུང་རྩོམ་རིག་ཡིན་ཡང་། འོན་ཀྱང་ང་ཚོས་སློབ་སྐབས་དང་པོའི་མཇུག་རྒྱུགས་ཀྱི་ལས་བྱ་ནི་འཁྲབ་གཞུང་འབྲི་རྒྱུ་མིན་པར། ངས་སློབ་མ་རེ་རེར་བཏོན་པའི་རེ་བ་ནི་བརྙན་ཐུང་ཕབ་རྒྱུ་དེ་ཡིན། ཡང་གཅིག་བཤད་ན། སྨྱུག་རྩེ་རུ་བཞུར་དགོས་པ་མ་ཡིན་པར་བརྙན་མིག་གིས་སྒྲ་བརྙན་གྱི་ལས་བྱ་གང་རུང་ཞིག་ཡོངས་འགྲུབ་བྱ་རྒྱུ་དེ་གཙོ་བོར་འཛིན་པ་ཡིན།
དེ་ནས་དགུན་གནང་གི་དུས་སླེབས་པ་ན། སློབ་གྲོགས་ཚོས་རང་རང་སར་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས་ནས་བརྙན་ལེན་སྒྲིག་ཆས་སོགས་གང་ལྕོགས་ཅི་ནུས་ཀྱིས་སྟ་གོན་བྱས་པ་རེད། དེ་ནི་སློབ་མ་རང་ངོས་ཀྱི་བརྙན་ཕབ་ཀྱི་སྒྲ་བརྙན་ལས་བྱ་འགྲུབ་ཆེད་སྒྲིག་ཆས་དང་འགྲོ་གྲོན་ཅི་རིགས་སློབ་གྲྭས་མཁོ་འདོན་གང་ཅི་བྱས་པ་མིན་པ་གསལ་བཤད་བྱེད་ཆེད་ཡིན། ངས་ནམ་རྒྱུན་སློབ་གྲོགས་ཚོར༼ གློག་བརྙན་ཕབ་རྒྱུར་དཀའ་ཐུབ་སྤྱོད་པའི་སེམས་ཤུགས་ཡོད་གྱུར་ན། ང་ཚོས་རང་གི་གསར་རྩོམ་གྱི་མཐུན་རྐྱེན་སྦྱོར་ཐུབ། མ་ཟད་དཀའ་སྡུག་གདོང་མཆོངས་བྱེད་པ་ནི་འཁྲབ་ཁྲིད་པའི་གོམ་ཁ་དང་པོ་ཡིན། ༽ ཞེས་བརྗོད་མྱོང་།
དགུན་གནང་གི་དུས་ཚོད་རིམ་གྱིལ་འདས་རྗེས་སློབ་སྐབས་གསར་བ་འགོ་བརྩམས་བྱུང་། སྐབས་དེར། ངའི་བློ་ཡུལ་ལས་འགོངས་བ་ཞིག་ནི་སློབ་གྲོགས་རང་རང་སོ་སོ་ནས་རང་གི་འཁྲབ་ཁྲིད་ཀྱི་བརྩམས་ཆོས་འཁྱེར་ཡོང་འདུག དཔེར་ན། ༼ ལོ་དང་ཟླ་དེར ༽ དང༼ ཞབས་བྲོ་ལ་མི་དོ ༽ ༼ དགུན་གཞུང་འདི་ལ ༽ ༼ ལང་ཚོ་རྫོགས་སོང ༽ ༼ ཕྱེད་དང་ཕྱེད་ཀ ༽༼ ཀུ་རེ ༽༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ སོགས་བྱུང་འདུག
ཕྱིས་སུ། བརྙན་ཐུང་འདི་དག་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་དུ་ཞུགས་པ་ན། དེ་ལས་བརྙན་ཐུང་ཧ་ལམ་བཅུ་ཁ་ཞིག་ལ་གཟེངས་རྟགས་ཐོབ་པ་མ་ཟད། པེ་ཅིང་གློག་བརྙན་སློབ་གླིང་གི་གཏོར་གཟུགས་གཟེངས་རྟགས་དང་གཞན་ཡང་བྱ་དགའ་ཆེན་མོ་བཞི་ཐོབ། དེའི་གྲས་སུ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ལ་ཧྥོ་ཧྲན་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་ཀྱང་ཐོབ་པ་རེད། དེ་བས། སློབ་བུ་འདི་དག་གི་བརྩམས་ཆོས་ནི་ང་ཚོའི་སློབ་ཁྲིད་ལག་ལེན་གྱི་གྲུབ་འབྲས་རྐྱང་བ་ཙམ་པ་མ་ཡིན་པར། ང་ཚོའི་འཛིན་གྲྭ་དང་རྩོམ་རིག་སྡེ་ཁག་གི་རང་ངོས་ནས་ང་རྒྱལ་གྱི་མགོ་འཕང་ཅིག་ལ་ཅིས་ཀྱང་བརྩིས་ཆོག
བཞི། མཚོ་སྔོན་དུ་ལོག་པ།
པདྨ་ཚེ་བརྟན་གྱི་ཕ་ས་ཕ་ཡུལ་ནི་བོད་ཁུལ་གྱི་མཚོ་སྔོན་ཕྱོགས་སུ་གཏོགས་པ་ཡིན་པས། ཁོས་སེམས་ཐག་རྦད་ཆོད་ཀྱི་སྒོ་ནས་ཕ་ཡུལ་དུ་ལོག་ནས་རང་གི་བརྙན་ཕབ་ལས་བྱ་སྒྲུབ། དེ་དུས་ཁོང་དང་ལྷན་དུ་མཚོ་སྔོན་ལ་བསྐྱོད་པའི་སློབ་གྲོགས་ནི་བང་ཀྲི་ཅོན་དང་པེ་ཞིན་ཅང་། ཨེ་མན་སོགས་ཡིན། དེ་ལས་བང་ཀྲི་ཅོན་ནི་བརྙན་ཐུང་གི་ལྟ་སྐུལ་བ་དང་བརྙན་ལེན་པའི་འགན་འཁུར་བ་ཡིན། ཁོ་ཚོའི་བརྙན་ལེན་ཚན་ཆུང་ལའང་སྒྲིག་ཆས་སོགས་ཆེར་མི་འདུག་ཡང་། སློབ་གྲོགས་པེ་ཞིན་ཅང་གིས་བརྙན་ལེན་དང་སྒྲ་ལེན་གྱི་སྒྲིག་ཆས་སོགས་ཐབས་འཐེན་པ་རེད། རྒྱུ་མཚན་ཁོ་ཚོར་མ་རྩ་འབོར་ཆེན་མེད་པས་མཉམ་དུ་དངུལ་སྒོར་བསགས་ནས་ལམ་ལ་ཆས་པ་ཡིན། སྤྱིར་ན་འདི་ནི་པེ་ཅིང་གློག་བརྙན་སློབ་གླིང་གི་སློབ་མའི་བརྙན་ཕབ་ལས་བྱའི་གནས་སྟངས་ཤིག་ཡིན་ལ། དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ནས་ལག་སྟོང་གནམ་ལ་འཕྱར་ཡང་གསར་རྩོམ་ལ་དཔུང་གིས་འཇུག་པ་ནི་སྙིང་གི་འཕར་རྩ་ཡིན།
ལྔ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།
པདྨ་ཚེ་བརྟན་གྱི་བརྙན་ཐུང་ལས་བྱ་ནི་ཏག་ཏག༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ཡིན། དང་ཐོག ཁོང་གིས་རང་གི་ཕ་ཡུལ་གྱི་གཏམ་རྒྱུད་བརྙན་ཕབ་བྱས་པ་ཡིན་ལ། ཕ་ཡུལ་ལ་དེ་བས་ཀྱང་རྒྱུས་མངའ་ཡོད་པས། འཚོ་བ་ནི་གསར་རྩོམ་གྱི་འབྱུང་ཁུངས་ཡིན་ལ། སྒྱུ་རྩལ་བརྩམས་ཆོས་ཀྱི་ཚེ་སྲོག་ནི་སྨོས་མེད་དུ་གྱུར་བ་ཡིན། འདི་ནི་གློག་བརྙན་གསར་རྩོམ་པའི་ཁ་ཕྱོགས་ཀྱི་གནད་ས་ཡིན། དེ་བཞིན། བརྩམས་ཆོས་ལས་ཆོས་ལུགས་ཀྱི་བརྗོད་གཞི་མངོན་པར་མཚོན་པས། རྒྱ་མི་རིགས་དང་འདྲ་བོ་མི་འདུག ཆོས་ལུགས་ནི་བོད་ཀྱི་གལ་འགངས་ཆེ་བའི་འཚོ་བའི་ནང་དོན་ཡིན། བརྙན་ཐུང་གི་གཏམ་རྒྱུད་ནི་ཁྱིམ་གྱི་བྱིས་པ་ཞིག་དགོན་པར་སོང་ནས་གྲྭ་བ་བཅའ་བ་དང་གྲྭ་བ་ནི་རང་གི་དགེ་བཤེས་དང་ལྷན་དུ་སྟོད་ཉི་མ་ལྷ་སར་མཇལ་དགོས་བའི་རྨི་ལམ་རིང་མོ་རྨིས། ལྷ་སར་མཇལ་སྐོར་དུ་ཕྱིན་པ་ནི་བླ་ན་མ་མཆིས་པའི་དད་པ་ཅིག་ཡིན་ལ་ཆོས་ལུགས་ཀྱི་སྤྱོད་ལམ་ཡག་ཤོས་ཀྱང་ཡིན། ངེས་པ་དོན་གྱི་མཇལ་ཕྱག་ནི་ལྷ་སའི་བར་དུ་བརྐྱངས་ཕྱག་འཚལ་ནས་འགྲོ་བ་དེ་ཡིན། དེ་བས། བན་ཆུང་ཡང་ལྷ་སར་མཇལ་ཕྱག་ལ་འགྲོ་འདོད་བྱུང་མོད། འོན་ཀྱང་། བན་ཆུང་ནི་བརྙན་འཕྲིན་ཟློས་གར༼ ནུབ་ཕྱོགས་སུ་བསྐྱོད་པའི་ལམ་ཡིག ༽ ཅེས་པ་བལྟ་རྒྱུ་དགའ་བས། སྤྲེའུ་མཛེས་སྤྲུལ་བསྒྱུར་གྱི་འཁྲུལ་བའི་སྒྱུ་མ་སྟོང་ཕྲག་ལ་མོས་པ་དེའང་ཆོས་ལུགས་ཀྱི་རྣམ་པ་ཤིག་ཡིན། དུས་ཀྱི་འགྱུར་བ་ལ་བསྟུན་ནས་ཆོས་ལུགས་ཀྱི་འགྱུར་བའང་ཐེབས་བཞིན་འདུག བོད་ཡུལ་གྱི་རླུང་བུ་ནི་གཏན་དུ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ལ་བརྒྱུས་ནས་གཡུག་པ་སྨོས་མ་དགོས་པ་རེད།
དེ་ཡང ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ཕབ་སྐྲུན་ཡོངས་སུ་ཚགས་རྗེས། པེ་ཅིང་གློག་བརྙན་སློབ་གླིང་གི་གཏོར་གཟུགས་རྟགས་མའི་རྩེ་གྲའི་བརྙན་ཐུང་གི་གཟེངས་རྟགས་དང་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་ཐོབ་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་གློག་བརྙན་ལ་ཧྥོ་ཧྲན་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་ཐོབ་པ་དེ་ཡིན། རྒྱུ་མཚན་ཏའོ་ཆིན་ཁྲོན་ལགས་ཀྱི་རོགས་འདེགས་རམ་སྐྱོར་ལ་བརྟེན་ནས་མ་རྩ་གཏོང་མཁན་རྙེད་པ་དང་གློག་བརྙན་རིང་གྲས་ཚད་ལྡན་དུ་གཏོང་བའི་བརྙན་ཕབ་འགྲུབ་པ་རེད། རྗེས་ནས་བོད་ཀྱི་གློག་བརྙན༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ལ་རྒྱལ་སྤྱིའི་གསེར་བྱ་རྟགས་མ་ཅན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བརྩམས་ཆོས་ཀྱི་ཆོ་ལོ་དང་གཟེངས་རྟགས་དངོས་སུ་ཐོབ་པ་རེད།
དེའི་རྗེས་ནས། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་སྡེ་རུ་པདྨ་ཚེ་བརྟན་ཞེས་པའི་གོ་གནས་བཟུང་བ་རེད། རིམ་གྱིས་པདྨ་ཚེ་བརྟན་གྱིས་གློག་བརྙན་གྱི་སེམས་ཤུགས་མ་ལྷོད་པར་བོད་སྐད་གློག་བརྙན་བརྩམས་ཆོས་མུ་འབྲེལ་ཅན་བྱུང་བ་རེད། གློག་བརྙན༼ འཚོལ ༽ དང༼ ཁྱི་རྒན ༽ ༼ གཡང་མདའ ༽ ༼ ཐར་ལོ ༽ ༼ ལག་དམར ༽ ༼ དབུགས་ལྒང ༽ སོགས་བྱུང་སོང་། གོང་གི་གློག་བརྙན་དེ་དག་ལའང་རྒྱལ་སྤྱིའི་གློག་བརྙན་གཟེངས་རྟགས་དང་རྒྱལ་ནང་གློག་བརྙན་གཟེངས་རྟགས་བཅས་མི་ཉུང་བ་ཤིག་ཐོབ་པ་རེད། དེ་ལས་ཐའེ་ཝན་གྱི་གློག་བརྙན་འཁྲབ་གཞུང་རྩེ་གྲའི་གསེར་རྟ་རྟགས་མའི་གཟེངས་རྟགས་ཐོབ་ཡོད་ལ། ཝེ་ནཱ་སི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཀྱང་ཐོབ། ད་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་བགྲོད་ལམ་ཡངས་བོར་ཕྱེ་སྟེ། རྒྱལ་ཡོངས་དང་འཛམ་གླིང་ལ་བསྐྱོད་པའི་གློག་བརྙན་ལོ་རྒྱུས་བྱུང་། སྤྱིར་བཤད་ན། དགེ་རྒན་མཱ་ཞིག་བུན་ནི་པདྨ་ཚེ་བརྟན་གྱི་དང་ཐོག་འཕྲད་པའི་མི་སྣ་འགངས་ཆེན་ཞིག་ཡིན་ལ། དགེ་རྒན་ཏའོ་ཆིན་ཁྲོན་ནི་ཁོང་གི་མི་སྣ་རྩིས་ཆེན་ཞིག་ཡིན། ད་ལོ་ཟླ་དང་པོའི་ཚེས་བདུན་གྱི་ཉིན། དགེ་རྒན་མཱ་ཞིག་བུན་ནི་པྲོག་གསར་ནད་དུག་གིས་གློ་བུར་དུ་འཇིག་རྟེན་འདི་དང་གཏན་བྲལ་བྱུང་བས། ཟླ་དང་པོའི་ཚེས་བཅུ་གསུམ་ལ་དགེ་རྒན་མཱ་ཞིག་ཀྲིན་གྱི་བེམ་པོ་སྦྱིན་སྲེག་གི་ཆོ་གའི་སྟེང་དུ་པདྨ་ཚེ་བརྟན་སྔོན་ནས་མྱ་ངན་ཞུས་སར་ཐོན་འདུག
དྲུག ༧༡༡སློབ་ཁང་།
ད་ལྟ་ད་རུང་ངས༢༠༠༣ལོའི་དགུན་གནང་མཇུག་སྒྲིལ་ནས་སློབ་གྲོགས་ཚོས་རང་རང་གི་བརྙན་ཐུང་འགྲན་ཞུགས་ལ་དཔྱད་གཏམ་བྱས་པ་དེ་དྲན་པའི་ངོས་སུ་གསལ་ཡོང་། སྐབས་དེར། ཏག་ཏག་ང་ཚོས་དུས་ཚོད་བརྒྱད་སྟེང་དུ་འགོ་བརྩམས་པ་ཡིན། སློབ་གྲོགས་སོ་སོ་ནས་དང་ཐོག་རང་ཉིད་མཚམས་སྦྱོར་བྱས་རྗེས། རང་རང་བརྙན་ཐུང་འགྲེམས་སྟོན་བྱས་པ་ཡིན། འགྲེམས་སྟོན་བྱས་རྗེས་གཞན་དག་གིས་དྲི་བ་སྣ་ཚོགས་དྲིས་པ་དང་དེ་ནས་འཁྲབ་ཁྲིད་པས་དྲིས་ལན་གང་འཚམ་རེ་བཏབ། མཐར་དགེ་རྒན་དག་གིས་བརྩམས་ཆོས་དག་ལ་དཔྱད་སྐར་གནང་བ་རེད། དེ་ལས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ལ་དཔྱད་སྐར་མཇུག་འབྲས་ནི༩༥ཡིན་འདུག དེ་བཞིན། སློབ་གྲོགས་གཞན་དག་གི་བརྩམས་ཆོས་ལའང་རང་རང་གི་ཁྱད་ཆོས་དང་དགེ་མཚན་མི་དམན་པ་འདུག ད་རུང་ངའི་ཡིད་ངོར་སྣང་བ་ནི་སློབ་གྲོགས་ཚོས་ཕན་ཚུན་ལ་བསྟོད་ཚིག་སྣ་ཚོགས་འཐེན་གྱིན་ཡོད། དཔེར་ན། གློག་བརྙན་མཁན་པོ་ཞིག་ང་ཚོའི་ཉེ་འགྲམ་དུ་འཁྲུངས་སོང་ཞེས་བརྗོད་པ་དངོས་སུ་ཐོས་མྱོང་།
ཉིན་དེར་སྔ་དྲོ་དུས་ཚོད་བརྒྱད་ནས་དགོང་ཁའི་ཆུ་ཚོད་བཅུའི་བར་དུ་བསྡད། དོན་སྙིང་ཅན་གྱི་སློབ་ཁྲིད་མཇུག་སྒྲིལ་ཚེ། ང་རང་གློག་བརྙན་སློབ་གླིང་ནས་ལྕགས་རྟ་བཞོན་ཏེ་ནུབ་ཕྱོགས་ཀྱི་གློག་བརྙན་སློབ་གླིང་གི་ཉལ་ཁང་ཕྱོགས་སུ་ཆས། ཆུ་ཚོད་བཅུ་ཡོལ་རྗེས། སྲང་ལམ་ཐམས་ཅད་སྟོང་འཇགས་སེ་གནས། པེ་ཅིང་གི་སྲང་མདོའི་གློག་འོད་ནི་འོད་ཀྱི་མཚོ་མོ་དང་གཉིས་སུ་མ་མཆིས། སྐབས་དེར། གློ་བུར་དུ་ངའི་དེ་རིང་གི་ལས་བྱ་ལ་དཔྱད་སྐར་བྱིན་པ་ངང་ངམ་དུ་དྲན་བྱུང་། སློབ་ཕྲུག་ཚོའི་མཚར་དུ་སྡུག་པའི་གཏམ་བཟང་། སློབ་ཕྲུག་ཚོའི་འཇོན་ནུས་རྩལ་དྲུག་རྣམ་པར་མངོན་བྱུང་། མ་གཞི་ཁོ་ཚོ་ནི་དངོས་གནས་ངའི་སློབ་ཕྲུག་ཏག་ཏག་ཡིན་ནམ།
བདུན། ༦༡༤སློབ་ཁང་།
པེ་ཅིང་གློག་བརྙན་སློབ་གླིང་གི་སློབ་མ་ཞིག་མིན་ན། སློབ་གླིང་གི་སློབ་མའི་སེམས་ཁོང་དུ་གཏོར་གཟུགས་གཟེངས་རྟགས་ཀྱི་ལྗིད་ཤུགས་ཧ་གོ་བ་མི་འདུག དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྐབས་ནས་བཟུང་པེ་ཅིང་གློག་བརྙན་སློབ་གླིང་གི་སློབ་རའི་གཟེངས་རྟགས་ནི་པེ་ཅིང་གློག་བརྙན་པེ་ཅིང་གི་དགེ་རྒན་ཆེན་མོ་དག་གིས་དཔྱད་སྐར་བརྒྱུད་ནས་ལོ་དེའི་གཟེངས་རྟགས་བརྙེས་བའི་བརྩམས་ཆོས་དང་མི་སྣ་དག་གིས་ཐག་བཅད་པ་ཡིན། ལྷག་པར་དུ་གཟེངས་རྟགས་ཅན་གྱི་བརྩམས་ཆོས་དང་མི་སྣའི་མིང་བྱང་ནི་གཏོར་གཟུགས་མཆོད་རྟེན་ངོས་སུ་བརྐོས་བཞེངས་བྱས་པ་ཡིན། སྐབས་གཉིས་པའི་པེ་ཅིང་གློག་བརྙན་སློབ་གླིང་གི་གཟེངས་རྟགས་བདམས་ཐོན་ལས་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས༼ ལག་དམར ༽ ཅེས་པའི་འཁྲབ་གཞུང་ལ་རྩེ་གྲའི་གཟེངས་རྟགས་ཐོབ།
པདྨ་ཚེ་བརྟན་གྱི་མཚན་བཟང་གཏོར་གཟུགས་མཆོད་རྟེན་དུ་བརྐོས་པ་དེ་ནི་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཁག་གི་ངོས་ནས་ཐེངས་དང་པོ་ཡིན།
སྤྱི་ལོ༢༠༢༡ལོའི་ཟླ༥པའི་ཚེས༡༡ཉིན་གྱི་སྔ་དྲོ། པེ་ཅིང་གློག་བརྙན་སློབ་གླིང་གིས་གཏོར་གཟུགས་མཆོད་རྟེན་གྱི་མདུན་ལྗོངས་སུ་སྐབས་གཉིས་པའི་སློབ་གླིང་གི་གཟེངས་རྟགས་མཛད་སྒོའི་རྡོ་རིང་གི་འགྲེམས་གཟུགས་ཆོ་ག་གཟབ་རྒྱས་ངང་སྤེལ་བྱུང་། སློབ་གླིང་གི་གཞུང་ཕྱོགས་མཛད་སྒོ་ཡོངས་སུ་འགྲུབ་རྗེས། པདྨ་ཚེ་བརྟན༦༡༤སློབ་ཁང་གི་ཕྱོགས་སུ་སླེབས། ཏག་ཏག་ངས་སློབ་ཁྲིད་བྱེད་སྐབས་ཁོང་གིས་སློབ་ཁང་གི་སྒོ་ཁར་བརྒྱུད་ནས་སྒེའུ་ཁུང་གི་ཕྱི་རོལ་ནས་ང་ལ་བལྟས་འདུག ཡིན་ཡང་། ངས་སྔར་བཞིན་སློབ་ཁྲིད་བྱེད་བཞིན་པའི་སྒང་ཡིན། ང་དང་ཁོའི་བར་ལ་སློབ་ཁང་གཞུག་གི་སྒེའུ་ཁུང་གིས་བཅད་དེ་འདུག ཉིན་དེར་ངས་སློབ་ཁྲིད་རྒྱུན་མཐུད་དེ་བྱས་སྟབས། ཉིན་གུང་པདྨ་ནི་སློབ་གྲྭ་དང་གྱེས་སོང་། མཇུག་མཐར་ངེད་གཉིས་ཐུག་འཕྲད་མ་བྱུང་།
སློབ་ཁྲིད་གྲོལ་རྗེས། སློབ་ཕྲུག་ཚོས་ང་ལ་པདྨའི་སྐོར་གྱི་དོན་དག་བརྗོད་བྱུང་། སྐྱོན་མེད། ང་དང་པདྨ་ད་རུང་ཐུག་འཕྲད་ཀྱི་གོ་སྐབས་ཡོད་ནི་རེད། ཅེས་བཤད།
འོན་ཀྱང་། རྗེས་ནས་ང་རང་པདྨ་ཚེ་བརྟན་ལ་ཐུག་འཕྲད་མ་བྱུང་། ཉིན་དེར། སློབ་ཁང་གི་སྒེའུ་ཁུང་ལས་ཕན་ཚུན་ལ་བལྟས་པའི་རེ་འདོད་ཀྱི་ཐུག་འཕྲད་དེ་ནི་གཏན་དུ་ཐུག་མི་ཐུབ་པའི་ཐུག་འཕྲད་ཞིག་ཏུ་གྱུར་སོང་།
པདྨ་ཚེ་བརྟན་ནི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་འདས་གྲོངས་སུ་སོང་། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ལ། ངས་ཡང་བསྐྱར་ཁང་བརྩེགས་ཀ་བའི་སློབ་ཁང༦༡༤ རུ་སློབ་ཁྲིད་བྱས་པ་ཡིན། ང་དང་པེ་ཅིང་གློག་བརྙན་སློབ་གླིང་གི་ཞིབ་འཇུག་སློབ་མ་དང་སློབ་ཕྲུག་གཞན་པ་ཚོས་ལྷན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྙན་ཐུང༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ ལ་མྱོང་རོལ་དང་བཅས་བལྟས་པ་ཡིན།
ཉིན་དེར། ཁོང་གི་གློག་བརྙན་བརྙན་ཐུང་གཟིགས་འབུལ་བྱེད་སྐབས། སློབ་ཁང༦༡༤ ནང་གི་ཙོག་ས་རུ་སློབ་མས་ཁེངས་འདུག སྐབས་དེར་ང་རང་སློབ་ཁང་གི་གཞུག་ཕྱོགས་ཀྱི་སྒེའུ་ཁུང་འགྲམ་ནས་བསྡད་དེ་བལྟས། ཏག་ཏག་སེམས་ངོགས་སུ་སྒེའུ་ཁུང་དེའི་ཕྱི་རོལ་ན་ད་རུང་མག་མོག་གི་གཟུགས་བརྙན་ཞིག་གཡོ་བའི་སྣང་བ་སྟེར།
བརྒྱད། བོད་སྐད་གློག་བརྙན།
མི་བུ་ཞིག་དང་རྒྱལ་ཁབ་ཅིག་གི་ལོ་རྒྱུས་བར་དུ་འབྲེལ་བ་ཞིག་ཡོད་པ་ནི་ལྡོག་དུ་མེད་པ་ཞིག་ཡིན་པར་མ་ཟད། མི་སྒེར་གྱི་སྟེས་དབང་གི་རྒྱུ་རྐྱེན་ཡོད་པའང་སྨོས་མ་དགོས་ཤིང་། དེ་ནི་གློག་བརྙན་ལོ་རྒྱུས་ལ་མཚོན་ནའང་དེ་བཞིན་ནོ། ། པདྨ་ཚེ་བརྟན་གྱི་དམིགས་བསལ་ཁྱད་ཆོས་ཤིག་ནི། པདྨ་ཚེ་བརྟན་སྒེར་ངོས་ནས་གློག་བརྙན་ལོ་རྒྱུས་ལ་བཞག་པའི་དོན་གྱི་སྙིང་བོ་དེ་ཡིན་ཏེ། བོད་སྐད་གློག་བརྙན་འཁྲུངས་པ་མ་ཟད། དར་བ་དང་གློག་བརྙན་གྱི་མངའ་ཐང་སྤེལ་པ་དེའོ།།
པདྨ་ཚེ་བརྟན་སྐུ་གཤེགས་ཀྱང་བོད་སྐད་གློག་བརྙན་གྱི་ཆུ་རྒྱུན་ནམ་ཡང་མི་ཆད་པའི་བཀྲ་ཤིས་སྨོན་ལམ་འདེབས།
སྤྱི་ལོ༢༠༢༣ལོའི་ཟླ༥པའི་ཚེས༡༥ཉིན་ལ་པེ་ཅིང་བན་ལེ་གཡུ་ཞུན་སྤྲིན་པའི་སྡིངས་ཀ
རྩོམ་རིག་སྡེ་ཁག་གི་སྤྱི་སྟེགས་རྩོམ་སྒྲིག་པ།
སྤྱིའི་རྩོམ་སྒྲིག་པ། ཀྲང་ཡེན་ཧྥིན།
ལག་བསྟར་གཙོ་སྒྲིག་པ། ཀྲའོ་ཏོན་ཅིན།
དཔྱད་མཆན་ཡོད།