ཀུ་ཅོ། Howl

61971_副本_副本.jpg


        «ཀུ་ཅོ»༼Howl༽ནི་ཨ་རིའི་རྒུད་པའི་མི་རབས་གཅིག༼Beat GeneraTion༽གི་རྩེ་གྲས་སུ་བརྩི་གྱིན་པའི་སྙན་ངག་པ་ཨེ་ལུན•རྗིན་སི་བྷོར་གྷི ༼Allen Ginsberg༽ཡི་སྙན་ངག་རིང་མོ་ཞིག་གི་ཁ་བྱང་སྟེ། ད་རེས་ངོ་སྤྲད་བྱའི་གློག་བརྙན་ཀྱང་ཏག་ཏག་འདི་ཡིན།  «ཀུ་ཅོ»ཞེས་པའི་གློག་བརྙན་འདི་ཨེ་ལུན•རྗིན་སི་བྷོར་གྷི་ཡི་རྣམ་ཐར་ཞིག་ཏུ་བལྟ་ཆོག་ལ། འཁྲབ་ཁྲིད་པ་རཱོ་བྷིས་ཨེ་ཕོ་སི་ཏེན ༼Rob Epstein༽དང་རྗེ་ཧྥོ་རེ་ཧྥི་རིས་ཌེམ༼Jeffrey Friedman༽གཉིས་ཀྱིས༢༠༡༠ལོར་ཕབ་བསྐྲུན་ཚར་བའི་གློག་བརྙན་ཞིག་རེད།
        གློག་བརྙན་དུ་རྗེམ་སི་ཧྥི་རན་ཁོ༼James Franco༽ཡིས་ཨེ་ལུན•རྗིན་སི་བྷོར་གྷི་ཡི་སྣང་བརྙན་འཁྲབ་འདུག་ལ། འདི་འདྲའི་མཐོང་སྣེ་གསུམ་སྤྱད་ནས་ཨེ་ལུན•རྗིན་སི་བྷོར་གྷི་ཡི་སྣང་བརྙན་དང་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་གདོང་གསེད་འདུག་སྟེ།
        སྐྱ་མདོག་གི་ཚན་པས་ཨེ་ལུན•རྗིན་སི་བྷོར་གྷི་ཡི་དར་མའི་དུས་སྐབས་ཀྱི་ཉིག་ཡོར་གྲོང་གི་འཚོ་བའི་གྲུ་ཟུར་མཚོན་རྒྱུ་གཙོར་བཅས། འཁྲུག་ཆེན་གཉིས་པས་བསྐྱལ་ཡོང་བའི་མིག་མདུན་གྱི་སྐྱ་ཉིལ་དང་གས་ཆག རེ་སྟོང་གི་ཁྲོད་ནས་མངོན་པའི་ན་གཞོན་དག་གི“ཨ་རིའི་རྨི་ལམ”སིལ་བུར་འཐོར་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལས། ཨེ་ལུན•རྗིན་སི་བྷོར་གྷི་ཡི་འཚོ་བའི་སྣ་དང་སྣེ་མང་པོ་ཟུར་བསྟན་ལེབ་མཐོང་བྱས་པ་བརྒྱུད། ཕེ་ཐྲེར་ཨོ་ལོབ་སི་ཀི༼Peter Orlovsky༽བར་གྱི་མཚན་མཐུན་བརྩེ་དུང་གི་ངང་ཚུལ། ཁང་རྙིང་སྐྱི་གཡའ་བ་ཞིག་ཏུ་ན་གཞོན་དག་དང་མཉམ་དུ་ཨེ་ལུན•རྗིན་སི་བྷོར་གྷི་ཡིས་མ་ནིང་སྤྱི་ཚོགས་ལ་གཏད་པའི་གཏོར་གཤིག་དང་གཏོལ་བྲལ་གྱི་འགད་རྫས་རེ་རེ་མངར་ཆས་ཀྱིས་བཏུམས་པའི་འདོམས་དཀྲིས་དང་སྐྱུག་རོ་དང་བཅས་ཏེ་ནང་སེམས་ཀྱི་སྐད་སྒྲ་མཚོན་པའི་སྒྱོགས་མདེལ་ངར་མ་རེ་རེ་དང་འདྲ་བའི«ཀུ་ཅོ»གྱེར་འདོན་བྱེད་ཀྱིན་པའི་རྣམ་པ་བསྟན་འདུག 
        ཚོན་མདོག་གི་ཚན་པས༡༩༥༧ལོར་ཨ་རིའི་ཉེན་རྟོག་ཚན་ཁག་གིས«ཀུ་ཅོ»“འཆལ་རྩོམ”གྱི་བརྩམས་ཆོས་ཤིག་ཏུ་བརྩིས་ཏེ། ཁྲིམས་རར་གཏུག་པའི་དོན་དངོས་རྒྱབ་ལྗོངས་སུ་བཅས་སྟེ། «ཀུ་ཅོ»པར་དུ་བསྐྲུན་མཁན་གྱི་གྲོང་གི་ཉི་འོད་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་ཁུར་བ་ལཱོ་ལོན་སི་ཧྥོ་ལིས་ཁད་ཏིས་ཁྲིམས་གཏུག་བརྒྱབ་པའི་འབྲེལ་ཡོད་མི་སྣ་ཆེ་གེ་མོ་ཁྲིམས་རར་འཛོམས་པ་བཅས། ཁྲིམས་རྩོད་པ་དང་ཁྲིམས་དཔོན། བཅར་མི་སོགས་བར«ཀུ་ཅོའི»ཕྱོགས་ནས་རྩོད་རྙོག་ཤོར་བའི་ངང་ཚུལ་མཚོན་འདུག གློག་བརྙན་དུ་རྩོམ་རིག་དཔྱད་བརྗོད་པ་དང་སློབ་ཆེན་དགེ་རྒན་སོགས་བཅར་མི་འགས«ཀུ་ཅོའི»སྤྱི་ཚོགས་རིན་ཐང་དང་བརྩམས་ཆོས་རང་ངོས་ཀྱི་རིན་ཐང་སོགས་ལ། རང་རང་གི་ལྟ་ཚུལ་ག་རེ་ཡིན་པ་བརྗོད་འདུག བརྩམས་ཆོས་ཀྱི་རིན་ཐང་ཕར་འཐེན་ཚུར་འདྲེན་བྱས་པ་བརྒྱུད། ཁྲིམས་དཔོན་གྱིས་མི་རེ་རེར་རང་རང་གི་རིན་ཐང་ལྟ་བ་དང་སྨྲ་བརྗོད་ཕྱིར་མཚོན་པར་རང་དབང་གི་ནམ་མཁའ་ཡོད་ཆོག་པར་བྱས་སྟེ་ཁྲིམས་མཇུག་བཟླུམས་འདུག
         ཚན་པ་གསུམ་པའི་ནང་དུ་འགུལ་རིས་བཟོ་བོ་གྲགས་ཅན་ཨེ་རོས་ཁད་དྷོ་ཁེ༼Eric Drooker༽ཡིས«ཀུ་ཅོའི»ཚིག་རིས་ལྟར་ལོག་གཡེམ་དང་འཆལ་སྤྱོད། གྲོང་ཁྱེར་གྱི་འུར་ཟིང་ངོགས་ཀྱི་གཏོལ་མེད་ཀྱི་འཚོ་བའི་སྣང་བརྙན་འགུལ་རིས་ལྟར་མཚོན་འདུག དུས་སྐབས་དེ་ལྟ་བུར་མཚོན་ན་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཕུགས་རེ་མེད་པའི་ན་གཞོན་དག་གིས་ཉིག་ཡོར་གྲོང་གི་བར་ཀུན་ཏུ་འཚོ་བའི་དམིགས་རྣམ་འཆོལ་བའི་སྒོ་ནས་འཁྲུག་ཆེན་རྗེས་ཀྱི་ཚོང་ཟོག་ཅན་དང་དངོས་པོའི་རིང་ལུགས། བདག་འཛིན་རིང་ལུགས་སོགས་སྤྱི་ཚོགས་ཀྱི་ནད་ཡམས་ལ་ཁ་གཏད་ནས་གཞི་གྲུབ་རིང་ལུགས་ཀྱི་ཉམས་དམས་དང་གཞི་མེད་རིང་ལུགས་ཀྱི་འཚོ་བའི་འདོད་པ་མཚོན་ཕྱིར། ཉལ་ཐ་ངོམས་མེད་དུ་སྤྱོད་པ་དང་ཨ་རག་བག་མེད་དུ་སྤྱོད་པ། མཚན་མཐུན་དགའ་རོགས་འདོད་མེད་དུ་བསྒྲིགས་པ་སོགས“ལམ་དུ་གནས”པའི་རྣམ་འགྱུར་གྱིས་སྤྱི་ཚོགས་ལ་ཁ་རྡུང་བཏང་འདུག དུས་སྐབས་དེ་ལྟ་བུར་ཁོ་ཚོར“རྒུད་པའི་མི་རབས་གཅིག”ཟེར་དོན་ཡང་ཁོའི་ཚོའི་བསམ་དོན་མ་གོ་བས་སམ། སྤྱོད་ལམ་དང་དུ་བླངས་མི་ཐུབ་པས་ཡིན་འདུག་ལ། མཐའ་མར་ཨེ་ལུན•རྗིན་སི་བྷོར་གྷི་ཡི«ཀུ་ཅོ»ཁྲིམས་གཏུག་བྱེད་པ་ཡང་གནད་དེ་ལྟ་བུར་ཐུག་འདུག འགུལ་རིས་ལས་སྙན་ངག་གི་བརྗོད་དོན་ཐད་གོ་བ་ཁབ་འགྲོ་འབིག་འགྲོ་ཅིག་ཡོང་བར་སྐྱོར་མ་བྱས་འདུག་པས། ཨེ་ལུན•རྗིན་སི་བྷོར་གྷི་ཡི་གྱེན་ལོག་སྙིང་སྟོབས་དང་བས་མཐའི་སྙིང་སྟོབས་བརྙན་རིས་བརྒྱུད་ནས་བཀྲམ་སྟོན་བྱས་ཏེ། སྙན་ངག་པ་འདིར་གདུང་སེམས་དང་ལོག་འགྲེལ་མི་ཡོང་བའི་བསམ་དོན་ཀྱང་རྒྱ་ཤུག་གི་ཚེར་མ་ལྟར་མཐོང་ཐུབ་ཡོང་།

p547099209.jpg


            གོ་ཐོས་ལྟར་ན། ཨེ་ལུན•རྗིན་སི་བྷོར་གྷི་སྐུ་མ་གཤེགས་གོང་འཁྲབ་ཁྲིད་པ་འདི་གཉིས་ཀྱི་གམ་དུ་བཅར་འདུག་ཅིང་། རང་གི་འཚོ་བའི་བྱུང་རིམ་བརྙན་དུ་ཕབ་ཡོང་བའི་རེ་བ་བསྟན་འདུག་ཟེར། གཞན་གློག་བརྙན་འདི་བཟོས་ཚར་རྗེས་ཕོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་སུ་ཞུགས་འདུག་ཅིང་། གཟེངས་སྐྱེས་ཐོབ་མ་ཐོབ་གང་ཡིན་རུང་། གློག་བརྙན་འདིས༢༠༡༠ལོའི་འཛམ་གླིང་གློག་བརྙན་གྱི་སྡིངས་ཆའི་ཐོག་གོ་གནས་འགངས་ཆེན་ཟིན་འདུག་ཅིང་། གཞན་དུ་ན་སྨྲ་བརྗོད་རང་དབང་གི་བརྩོན་ལེན་དང་། ཡི་གེའི་ལས་ཀ་གཉེར་གྱིན་པའི་གོ་ལའི་སྒང་གི་མི་ཀུན་ལ་ཕུལ་བའི་གསོལ་སྟོན་ནམ། དཔའ་དར་ལེགས་ཤོས་ཤིག་རེད་སྙམ་གྱིན་ཡོད།

༢༠༡༠ ༡༢ ༢༨

གློག་བརྙན་འདི་ལ་གཟིགས་འདོད་ཚེ་སྦྲེལ་ཐག་འདིར་གནོན་རོགས།  http://www.51rrkan.com/juqing/haojiao/player-2-0.html

 

དཔྱད་མཆན་ཡོད།