འཚེ་བ་མེད་པའི་རྫུན་ཚིག(Les petits mouchoirs)ཅེས་པའི་གློག་བརྙན།

 


      【འཚེ་བ་མེད་པའི་རྫུན་ཚིགLes petits mouchoirs】ཅེས་པའི་གློག་བརྙན་འདི་རུ་ང་ཚོ་མི་ཕལ་བ་དག་གིས་གྲོགས་པོའི་བར་གྱི་མཛའ་བརྩེ་དང་ཁྱིམ་ཚང་གི་བརྩེ་བ་ལ་སོགས་པ་རྒྱུན་དུ་ཧ་ཅང་སྲབ་པ་སེང་རས་ལྟ་བུའི་རང་རང་གི་གསང་བ་ཆུང་ཆུང་རེས་བསྲུང་ཡོད་པ་དང་། གལ་སྲིད་ཉིན་ཞིག་ལྟས་དབང་གིས་དེ་དག་ཞིག་པར་གྱུར་དུས་རྒྱུན་པར་ཇི་འདྲ་བཟང་བའི་གྲོགས་པོ་ཡིན་རུང་བསེད་ཐབས་བྲལ་བའི་རྙོག་དྲ་ལ་གཟུད་སྲིད་པའི་སྐོར་ཞིག་འབྲེལ་བ་བཟང་བའི་ཁྱིམ་ཚང་ཁ་ཤས་མཉམ་པོར་སྤྲོ་སངས་གཏོང་བར་ཕྱིན་པའི་ཟླ་ཕྱེད་རིང་གི་གོ་རིམ་བརྒྱུད་ནས་བརྗོད་ཡོད། ཁོ་ཚོའི་གྲས་ཀྱི་གྲོགས་པོ་བཟང་ཤོས་ལུ་ཏོ་ཟེར་བ་སྤྲོ་སངས་ལ་འགྲོ་རན་གྱི་སྔ་ཉིན་དུ་བཟི་རྗེས་སྦག་འཁོར་གློད་དེ་རྨས་ལྗིད་མོ་ཕོག་པར་གྱུར། དོན་དེས་ཁོ་ཚོའི་སྤྲོ་སངས་འཆར་གཞི་བརླག་ཉེར་ཐུག་ནའང་། མཐར་གཅིག་གིས་གཅིག་ལ་སེམས་གསོས་སྟེ་སྤྲོ་སངས་མངོན་དུ་གྱུར། འོན་ཀྱང་སྤྲོ་སངས་དེ་ནི་ལུས་སེམས་གཉིས་ཀ་ལ་ངལ་གསོ་ཐོབ་པའི་མྱོང་བ་ཞིག་ཏུ་མ་གྱུར་བར། དཀའ་ངལ་དང་རྙོག་དྲ། སེམས་ཁྲལ་དང་ཐེ་ཚོམ་སོགས་མི་དེ་དག་གི་རྗེས་སུ་གྲིབ་མ་བཞིན་འགྲོགས་ནས་ཡོང་ཡོད། ཁོ་ཚོ་ཡུལ་ལྗོངས་སྐྱིད་ཅིང་སོས་དལ་བག་ཕེབས་ཀྱིས་ས་ཆ་ཞིག་ལ་བྲོས་པས། མི་ཚེའི་གླན་ཀ་དག་གིས་ཁོ་ཚོད་གློད་མེད་པར་རེ་རེ་བཞིན་གཙེས་ཞིང་ཉམས་དམའ་བར་བྱས་ཡོད། ཁོ་ཚོ་སྤྱིར་བཏང་གི་གྲོགས་པོ་བཟང་བོ་དང་བཟའ་ཚང་བཟང་བོ། ལས་ཀར་འཇོན་ཞིང་འཚོ་བ་བཟང་བ། མིས་མཐོང་ན་ཡིད་སྨོན་འཆོར་སྲིད་པ་ཞིག་ཡིན་ནའང་། ཉིན་དེ་དག་རིང་ལ་ག་ལེར་ཉེ་བར་བཅར་དུས། ཁོ་ཚོ་རང་རང་དང་མི་གཞན། ཐ་ན་ཁོ་ཚོའི་གྲོགས་པོ་ཚོའི་ནང་ཁུལ་ལའང་སྡུག་བསྔལ་དང་སེམས་ཚེགས་སྐྱེད་པའི་དོན་དག་མང་བ་མཐོང་ཐུབ། གློག་བརྙན་འདིའི་ལྟད་མོ་ཆེ་ཤོས་ནི་སྤྱིར་བཏང་གི་མིའི་བར་གྱི་མངོན་ལ་མངོན་པའི་རྣམ་འགྱུར་སོགས་ཁུངས་སྣེ་རུ་བཟུང་ཞིང་། འདི་ལ་བརྟེན་ནས་སྒྲུང་གི་བརྒྱུད་རིམ་ཧ་ཅང་ཡིད་ཆེས་རུང་བའི་སྒོ་ནས་སྤེལ་ཡོད་པ་དེ་རེད། མི་བཅུ་གྲངས་ཤིག་ཁང་བ་གཅིག་གི་མཐའ་འཁོར་དུ་བསྡུས་ཤིང་། དེ་དག་རེ་རེ་ལ་རང་རང་གི་མྱོང་བ་དང་ཚོར་བ། རང་གཤིས་བཅས་ཡོད་པ་དང་། གཏམ་རྒྱུད་ཧྲིལ་བོའི་ཁྲོད་དུ་གཅིག་ཀྱང་འཕྲོ་བརླག་མ་སོང་བར་མངོན་ཐུབ་ཡོད་པའི་རྩལ་འདི་སྒྲུང་རྩོམ་པ་པོ་དག་ལ་མཚོན་ན་མཁོ་གལ་ཆེ་བའི་ཤེས་བྱ་ཞིག་རེད། གཏམ་རྒྱུད་ཀྱི་མཇུག་ཏུ་ལུ་ཏོ་ཡི་དུར་འཇུག་གི་ཆོ་གའི་དུས་སུ་འཆི་བ་དང་དུས་ཚོད་ཀྱི་གོ་བརྡ་གལ་ཆེན་པོ་དེ་གོ་བའི་ཚུལ་གྱིས་ཕན་ཚུན་འཁྱུད་ཅིང་། གཅིག་གིས་གཅིག་ལ་བཟོད་པ་བསྒོམས་པའི་ཚུལ་བསྟན་ཡོད་པ་འདི་ནི་གློག་བརྙན་ལྟད་མོ་བ་ཞིག་གི་ཆ་ནས་སེམས་བདེ་ལ་འབབ་པའི་མཇུག་འབྲས་ཡིན་མོད། འཚོ་བའི་ཆ་ཤས་ཡིན་པའི་མི་དག་ལ་མཚོན་ན་འདི་ནི་མཐའ་འབྲས་མ་ཡིན་པར་ཚིགས་མལ་ཞིག་སྟེ། སང་ཉིན་རྡོག་ཐོན་པའི་སྐབས་སུ་རྐང་འོག་གི་ཚེར་མ་དང་རྡེའུ་ཟེགས་གང་རུང་གིས་ཟུག་རྔུ་སྟེར་ངེས་ལ། དེ་ལྟར་བསླངས་པའི་ན་ཟུག་གང་རུང་ཞིག་རང་གི་སེམས་ལ་ཉར་བ་ལས་སྐད་ཆེན་པོས་ཨ་ཚ་ཞེས་འབོད་མཁན་ཉུང་ཉུང་ཡིན་ངེས། 

 

DCdedne6.jpg

1735290.jpg

1735549.jpg

u=1100300884,2947302358&fm=15&gp=0.jpg

p894631899.jpg

དཔྱད་མཆན་ཡོད།