གློག་བརྙན་ཞིག་གིས་བསླངས་པའི་སེམས་ཚོར།

 དེ་རིང་དུས་ཚོད་ལྷོད་ལྷོད་ཡིན་པ་དང་བསྟུན་ནས། དེ་སྔོན་ནས་ཁ་པར་ནང་དུ་ཕབ་ལེན་བྱས་ཟིན་པའི་རྒྱ་གར་གྱི་གློག་བརྙན་༼PK ·我的个神啊༽ཞིག་ལ་བལྟས་ནས་བསྡད། གློག་བརྙན་དེར་བལྟས་ཀྱིན་བལྟས་ཀྱིན་ཁོ་བོར་སེམས་ཚོར་སྐྱེན་པོ་ཞིག་བྱུང་བས། གློག་བརྙན་དེའི་ཁྲོད་ཀྱི་མི་སྣ་ཕན་ཚུན་གྱི་ཁ་བརྡ་ལ་ལྷག་ཏུ་དོ་སྣང་ནན་ཏུར་གྱིས་བྱས། མི་སྣ་ཕན་ཚུན་ཁ་བརྡའི་ཁྲོད་ནས་ད་གཟོད་གློག་བརྙན་འདིའི་མཚོན་སྟོབས་གསལ་བོར་ངེས་ཐུབ་པས་ཡིན། མ་གཞི་གློག་བརྙན་དེ་ནི་ནམ་རྒྱུན་ང་ཚོས་ལྟ་བར་གོམས་པའི་འཁྲུག་འཛིང་དང་རྐུན་ཇག་ཁོ་ན་བརྗོད་བྱར་བྱས་པའི་གློག་བརྙན་དེའི་རིགས་མིན་པར། ཆོས་ལུགས་ཀྱིས་བདག་ཏུ་བཟུང་བའི་སྤྱི་ཚོགས་སྣང་ཚུལ་གཙོ་རུ་བཞག་སྟེ་ཆོས་ལུགས་ཕན་ཚུན་ཕྱོགས་འཛིན་ཆགས་སྡང་གིས་བསླངས་པའི་དཀའ་རྙོག་དང་ཆོས་ལུགས་པ་ཡིས་ཆོས་ལུགས་ཁ་ལ་ཁྱེར་ཏེ་རྨོངས་འཐོམ་གྱི་འདམ་དུ་བྱིང་པའི་དམངས་ལ་མགོ་སྐོར་བསླུ་བྲིད་ལ་ངོ་རྒོལ་དང་སུན་འབྱིན། ཆོས་དད་མང་ཚོགས་ལའང་ཆོས་ལུགས་ཀྱི་གོ་རྟོགས་རྨང་ནས་སད་དགོས་པར་གདུང་འབོད་བཅས་ཀྱིས་གྲུབ་པའི་དགག་སྒྲུབ་ཀྱི་མེ་སྟག་ཤིན་ཏུ་ཚ་བའི་མ་བལྟས་ཚད་མེད་ཀྱི་གློག་བརྙན་ཞིག་རེད།    

 ལར་གློག་བརྙན་ལའང་སྒྱུ་རྩལ་གྱི་ཟབ་ཚད་ངོས་ནས་རབ་འབྲིང་མཐའ་གསུམ་ཞེས་ཕྱོགས་དང་ཟུར་ནས་མཐའ་དཔྱོད་ལ་ཚད་ཅིག་མེད་ལ། ཚད་མེད་པའི་མཐའ་དཔྱོད་ཀྱི་ངོས་ནས་ཁོ་བོས་ཀྱང་གློག་བརྙན་འདིའི་ཆའི་ཆ་ཤས་ཙམ་ཞིག་གླེང་བར་མོས་སོང་། སྤྱིར་རྒྱ་གར་གྱི་གློག་བརྙན་དག་ལ་བལྟས་ན། བརྩེ་དུང་ཤས་ཆེ་བའི་གློག་བརྙན་ལ་ལྟ་བ་ལས། གཞན་དྲག་པོའི་ཁོངས་སུ་གཏོགས་པའི་འཁྲུག་འཛིང་གི་གློག་བརྙན་ལ་དེ་ཙམ་ལྟ་འདོད་མེད། འོན་ཀྱང་། ཁོ་བོར་མཚོན་ན་གློག་བརྙན་འདི་ནི་ཆེས་དམིགས་བསལ་བ་ཡིན་སོང་སྟེ། རིན་ཐང་ལྟ་བ་ཡོད་ཚད་ཆོས་ལུགས་ཀྱིས་བདག་གིར་བཟུང་བའི་རྒྱ་གར་སྤྱི་ཚོགས་ལ་ཆ་མཚོན་ན་གློག་བརྙན་འདི་ནི་ཕྱི་གསང་ནང་གསང་མེད་པའི་མེ་ལོང་ཞིག་ཏུ་གྱུར་འདུག་པས་ཡིན། གནའ་བོ་རྒྱ་གར་ནི་གནའ་བོ་ཨེ་ཤ་ཡཱའི་རིག་གནས་ཀྱི་ཕ་ས་དང་ཆོས་ལུགས་ཀྱི་མ་ས་ཡིན་པ་ནི་ཚང་མ་ཡོངས་གྲགས་ཡིན་ཞིང་། དེའི་ཤུགས་རྐྱེན་ཡང་ཨེ་ཤ་ཡཱ་ལས་བརྒལ་ཏེ་ནུབ་ཕྱོགས་ཡོ་རུབ་ལ་བསླེབས་ཡོད་པའང་དེ་འབྲེལ་གྱི་ཞིབ་འཇུག་སྨྲ་བ་དག་གིས་བརྗོད། དེ་བས་རང་ཅག་བོད་ལའང་རྒྱ་གར་གྱི་ཆོས་དང་རིག་གནས་མང་དག་ཅིག་དར་ཞིང་འཕེལ་ཡོད་པའང་ཤེས་གསལ་རེད། ཡིན་ནའང་དེ་ལྟར་གྱི་མིའི་བསམ་བློ་འཚོ་བཅུད་ཀྱི་རིག་གནས་ཆེས་ཆེར་དར་སོང་བའི་གནའ་བོའི་རྒྱ་གར་དེ། དེང་སང་སྤྱི་ཚོགས་ཀྱི་འགལ་བ་ཆེས་ཆེར་རྣོ་ཞིང་སྤྱི་ཚོགས་ཀྱི་རྙོག་དྲ་ཤིན་ཏུ་ཆེ་བའི་དབུལ་པོ་དབུལ་ནག་གི་རྒྱལ་ཁབ་ཅིག་ཡིན་སོང་བ་འདི་ཅི་ཡིན་ནམ། དེ་བས་ང་ཚོས་གློག་བརྙན་འདི་བརྒྱུད་ནས་རྒྱ་གར་གྱི་སྤྱི་ཚོགས་གནད་དོན་ལ་རོབ་ཙམ་བལྟ་བར་བྱ།  

        མ་གཞི་གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཡིན་པའི་PK༼ཆང་རག་གིས་བཟི་ནས་ཡོད་པའི་ཆང་རྐྱལ་གྱི་སྤྱོད་པ་འདྲ་བོ་ཡོད་པས་ན་མི་ཚོགས་ཀྱིས་ཁོའི་མཚང་མིང་ལ་དེ་ལྟར་བཏགས། ༽ཞེས་པའི་མི་དེ་ནི་གོ་ལ་གཞན་པ་ནས་ཡོང་བའི་མིང་དང་གོས་སོགས་ཅི་ཡང་མེད་ཅིང་ས་སྒང་གོ་ལ་ཐོག་གི་རིག་གནས་དང་ལྟ་བ་ཅི་ཡང་ལུས་སེམས་ལ་འགོས་མེད་པའི་གཅེར་དམར་ཁོ་ན་ཡིན་པའི་ཕྱི་གཙང་ནང་གཙང་གི་མི་ཞིག་རེད་འདུག། འོན་ཀྱང་འདོད་རྔམ་ཆེ་བའི་མ་བྱིན་ལེན་པ་ཞིག་གིས་ཁོ་ཕ་ཡུལ་དུ་ལྡོག་བྱེད་ཀྱི་ལྡེ་མིག་དེ་བརྐུས་ནས་རྒྱང་དུ་བྱེར་བས། དུས་དེ་ནས་བཟུང་སྟེ་ཆགས་སྡང་ལྷོག་ལྷོག་ཏུ་འདུ་བའི་ས་གོ་ལའི་སྤྱི་ཚོགས་སུ་ཁོ་རང་མི་འཁྱམ་ཀ་མེད་བྱུང་། མི་ཚོགས་ཀྱི་ཁྲེལ་དགོད་དང་ངོ་ཚའི་ཚེར་མའི་གསེང་ནས་ཡར་མར་སོང་སོང་མཐར། གཞང་འཚོང་མ་ཞིག་གི་བརྒྱུད་ནས་མི་དང་མི་བར་གྱི་འབྲེལ་ཐག་ཡིན་པའི་སྐད་ཆ་དེ་བཤད་ཤེས་ཙམ་བྱུང་ཞིང་། དུས་དེ་ནས་བཟུང་ཁོ་རང་ལ་དམིགས་བྱ་གཅིག་རང་ཡོད་པ་ནི་ཁོ་རང་ཁོའི་ཕ་ཡུལ་དུ་ལྡོག་བྱེད་རྐུན་མར་ཤོར་བའི་ལྡེ་མིག་འཚོལ་རྒྱུ་དེ་རེད། འོན་ཀྱང་ཆགས་སྡང་དང་རིས་ལྟའི་དྲི་མས་ཀུན་ནས་སྦགས་པའི་མི་ཡུལ་ནས། ཇི་ལྟར་འཚོལ་ལམ། མཐར་ཁོ་ཡིས་མི་གཞན་པའི་བྱེད་སྟངས་ལྟར་བྱས་ཏེ་ལྷ་༼སྐུ་འདྲ༽ལ་སྐྱབས་འཇུག་ཞུས་ཞིང་། མིག་གི་མཆི་མ་འཁྲུག་བཞིན་ལྷ་རིག་ཚད་ཐུག་ཚད་ལ་སྐྱབས་འཇུག་བྱས། དེ་དུས་ཁོ་ཡིས་ལྷ་དང་ལྷ་མི་འདྲ་བའི་གནས་ལུགས་དང་དེ་ཡིས་བསྐྱེད་པའི་བསམ་བློ་དང་ལྟ་ཚུལ་མི་འདྲ་བ་ཡང་ཞར་ནས་རྟོགས་སོང་སྟེ། རྟོགས་པས་མི་ཚད་ལྷ་དང་འབྲེལ་བའི་ཆོས་ལུགས་ཕྱོགས་རིས་ཀྱིས་བསྐྱེད་པའི་མི་སེམས་ཀྱི་ནག་ནོག་ཡོད་ཚད་ཀྱང་རྟོགས་སོང། མཐའ་རྔ་མ་ལ་ཁོ་བསྟན་བཤིག་ཚ་བའི་བུ་མོ་ཞིག་ལ་འཕྲད་དེ་ཁོའི་ལོ་རྒྱུས་རྒྱས་པར་བུ་མོར་སྨྲས་ཀྱང་། བུ་མོ་དེ་ཁོའི་སྐད་ཆ་ལ་ཡིད་ཆེས་པ་མ་བྱུང་། ཁོ་ཡིས་བུ་མོར་སྨྲས་པར། "ངེད་ཅག་གོ་ལ་གཞན་པའི་མི་དག་ལ། གྱོན་གོས་མི་དགོས་རང་བྱུང་གི་ཚུལ་དུ་ཡིན། སྐད་དང་བརྡ་མི་དགོས་པར་མི་དང་མི་ཕན་ཚུན་བར་ལ་སེམས་དང་སེམས་ཀྱིས་འབྲེལ་བ་བྱེད་ཐུབ་པ་ཡིན་པས། ཁྱེད་ཅག་བཞིན་རྙོག་དྲ་ཚ་པོ་མེད་ཟེར།" སྐད་ཅ་དེ་ནི་ཅི་འདྲ་ལྷད་མེད་པ་ཞིག་རེད་ཨང་། དེ་ལྟ་བུའི་མི་སེམས་སྒུལ་བའི་སྐད་ཆ་མང་པོ་བཤད་མཐར། བུ་མོ་དེས་ཁོའི་ལྡེ་མིག་བཙལ་བར་རོགས་རམ་བགྱི་བའི་ཁས་བླངས་ཤིང་། གནད་དོན་ཅི་ཡང་ཕུགས་འདྲི་གཏིང་འདྲི་དགའ་བའི་ཁོ་རང་ཡང་བུ་མོ་དེ་བརྒྱུད་ནས། གསར་ཁང་ཞིག་གི་སྡིངས་ཆ་ནས་སྐད་ཆ་བཤད་པའི་གོ་སྐབས་རག་སོང་། དེ་དུས་ཁྲི་ཁར་འགྱིང་སྟེ་ལྷ་དང་འབྲེལ་བ་ཡོད་མདོག་སྟོན་མཁན་གྱི་ཆོས་དཔོན་དེ་ཚོའི་སྐད་ཆའམ་ལུང་བསྟན་དག་ནི་ལྷའི་གསུངས་རྣལ་མ་མ་ཡིན་པར་ཁ་པར་བཞིན་གྱི་ཨང་གྲངས་ནོར་བ་ལས་བྱུང་བའི་མགོ་གཡོག་མགོ་སྐོར་གྱི་སྐད་ཆ་རྐྱང་ཡིན་པར་ཁོ་ཡིས་གསར་ལམ་ནས་བསྒྲགས་ཤིང་། ཁོའི་བོར་ཟིན་ལྡེ་མིག་ཀྱང་ཁོ་ཡིས་དགག་སྒྲུབ་བཀྱེ་སའི་མགོ་གཡོག་མགོ་སྐོར་ལ་བྱང་བའི་ཆོས་དཔོན་དེ་གའི་ལག་ཏུ་ཡོད་པར་ཁོ་ཡིས་རྟོགས། འོན་ཀྱང་ཆོས་དཔོན་དེ་ནི་ས་དེ་ག་ནས་མིང་དུ་གྲགས་པའི་ཆོས་ལུགས་མི་སྣ་ཞིག་ཡིན་པས་ན། ཤུགས་རྐྱེན་ཧ་ཅང་ཆེ་བས་དེ་ལ་གདོང་དང་གདོང་གཏུགས་ཏེ་རྩོད་པ་བཀྱེ་བ་ནི་ཤིན་ཏུ་ཉེན་ཁ་ཆེ་ལུགས་ཉེ་གྲོགས་ཀུན་གྱིས་སྨྲ། སྐད་ཅ་ཅི་ཡང་གསལ་པོར་བཟོ་འདོད་ཀྱི་ཁོ་རང་ནི། དེ་ལྟ་བུའི་གནོན་ཤུགས་ཤིག་ལ་སྐྲག་རྒྱུ་ལྟ་ཅི། ཡོད་ཚད་ལ་གདོང་གཏད་རྒྱུ་རྣམ་འགྱུར་ཞིག་ལས་གཞན་ཅི་ཡང་མི་འདུག། ཁོ་ཡིས་བཤད་རྒྱུར། མི་ཚང་མ་གཅིག་པ་གཅིག་རྐྱང་ཡིན། རུས་པ་ལ་དཀར་ནག་མེད། ཤ་མདོག་ལ་ཡག་བཙོག་མེད། དེ་ལ་མཐོ་དམན་ཅི་ཡང་མེད་མོད། འོན་ཀྱང་ཆོས་དང་རིག་གནས་མི་འདྲ་བ་ལས་བྱུང་བའི་ལྟ་བས་ད་གཟོད་མི་དང་མི་བར་མཐོ་དམན་གྱི་དབྱེ་ཁྱད་ཕྱེས་ཤིང་། རིགས་རུས་ཡག་བཙོག། གྱོན་པ་དཀར་ནག་གི་རྣམ་རྟོག་བསླངས་སོང་བས། མིའི་རིགས་འདི་ལ་ལྷོད་འཇགས་ཀྱི་འཚོ་བ་རོལ་བའི་སྐབས་མེད་སོང་རེད་བ་རེད་ཅེས་སོ། "སྐད་ཆ་འདི་ནི་ཅི་འདྲ་རིགས་པའི་གཏན་ཚིག་ལྡན་པ་ཞིག་རེད་ཨང་། འཇིག་རྟེན་གྱི་འཁྲུག་པ་ཕལ་མོ་ཆེ་ནི། ཆོས་ལུགས་དང་རིག་གནས་ཀྱི་ལྟ་བ་མ་འདྲ་བས་བསླངས་པ་རེད། འཇིགས་སྐུལ་རིང་ལུགས་པ་ཞེས་འཇིགས་ཤིང་སྐྲག་ས་དེ་ཡང་ཆོས་ལུགས་རིས་ཆད་ཀྱི་ལྟ་བས་བསླངས་པ་རེད། ད་ལྟ་རྒྱ་གར་དང་པ་ཀི་སི་ཐེན་གཉིས་མི་མཐུན་པའི་གནད་དོན་ཡང་ཆོས་ལུགས་ལས་མ་འདས། རྒྱ་གར་ནང་ཁུལ་ལ་ལྷགས་པའི་འཇིགས་སྐུལ་གྱི་ཉེན་ཁ་འབྱུང་རྩ་ཡང་ཆོས་ལུགས་ལས་མ་འདས"

   མཐར་རིག་པའི་སྒྲུབ་བྱེད་དང་དངོས་ཡོད་ཉེ་གམ་གྱི་སྤྱི་ཚོགས་ནས་བྱུང་བའི་གཏམ་རྒྱུད་ལ་སྦྱར་ཏེ་རྫུན་གཏམ་འབའ་ཞིག་གིས་མང་ཚོགས་འཐོམ་སྦྲིད་དུ་གཏོང་མཁན་ཆོས་དཔོན་དེ་ཡང་ཕམ་པར་བརྒྱབ་རྗེས། འཁྲེང་སེམས་ཀྱི་མཆི་ཞག་འཁོར་བཞིན་ས་སྒང་གོ་ལ་རིལ་མོ་དང་ཁ་གྱེས་ཏེ་རང་ཉིད་དབང་བའི་ཕ་ཡུལ་དེར་ལོག་སོང་།  

  གློག་བརྙན་འདི་ལྟར་འཇུག་བསྡུ་བར་བྱས་རྗེས། ཁོ་བོའི་སེམས་སུ་འཁོར་ཡོང་བ་ནི་རང་ཅག་བོད་ཡུལ་ཡིན་ཏེ། ཆོས་ལུགས་དང་ཆོས་ལུགས་གདོང་ཐུག་བརྒྱབ་ཏེ་ཁྲག་དམར་གྱི་ལོ་རྒྱུས་དང་། ཆོས་ལུགས་ཀྱི་རིན་ཐང་ལྟ་བས་བཙན་གཅོད་བྱས་པའི་མི་ཚུལ་གྱི་བསམ་བློ། མདོར་ན་ཆོས་ལུགས་ཁོ་ན་བཤད་ཁུལ་བགྱི་བར་མཁས་པའི་གཟན་ཤམ་འོག་གི་ཆབ་སྲིད་པ་དག་དྲན་ཡོང་།  

དཔྱད་མཆན་ཡོད།