མེ་ཁོལ་ཧེན་ཁི་ཡིས་«སོ་ཌོམ་གྱི་ཉིན༡༢༠»གླེང་བ།

1482415648112829.jpg

(Michael Haneke. 1942.3.23. Austria)

«མཐོང་དང་ཐོས»(Sight&Sound དབྱིན་ཡུལ་གྱི་གློག་བརྙན་དུས་དེབ་གྲགས་ཤོས་ཤིག)སུ་ལབ་པའི་གློག་བརྙན་དག་ལས་གཞན་ད་དུང་ཁྱེད་རང་གི་ཁ་བརྡའི་ཁྲོད་དུས་རྒྱུན་ཐོན་པའི་གློག་བརྙན་ལ་«བོང་བུ་པལ་ཋིར་ཟར»དང་«མེ་ལོང»དང་«སོ་ཌོམ་གྱི་ཉིན༡༢༠»བཅས་འདུག གློག་བརྙན་འདི་གསུམ་གར་མ་གཞི་ནས་ཁྱེད་རང་དགའ་ཞེན་དཔག་མེད་ཡོད་པ་ཡིན་ནམ། 

འདི་གསུམ་ག་ང་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་བསྐྱར་ཏུ་གོ་རིམ་ཞིག་བསྒྲིག་དགོས་བྱུང་ན། ངས་«མེ་ལོང»ཨང་དང་བོར་བགྲང་ངེས། ངས་ད་ཆ་རང་གིས་ཐེངས་ག་ཚོད་ལ་བལྟས་པའང་དྲན་སོས་དཀའ། «བོང་བུ་པལ་ཋིར་ཟར»ལས་ཀྱང་ཐེངས་མང་བོར་བལྟས་ཡོད། བལྟས་ཐེངས་རེ་རེར་ངས་སྔོན་མར་ཡིད་གཟབ་མ་བྱས་པའི་ཞིབ་ཅིང་ཕྲ་བའི་བྱུང་བ་མང་བོ་རྙེད་སྲིད་ལ་དེ་དག་གིས་ང་ཡི་ཡིད་སེམས་མགུ་ཞིང་སྤྲོ་བར་བྱེད། མ་ཟད། དུས་རྒྱུན་ཐེངས་རེར་བལྟས་པས། ཁྱད་མཚར་བའི་བརྩམས་ཆོས་འདིས་ང་ཡི་མིག་ཀོང་མཆི་མས་ལྟེམས་པར་བྱེད་ལ་ཡིད་འགུལ་ཐེབས་པར་བྱེད། ང་ལ་གློག་བརྙན་ཞིག་གིས་དེ་འདྲའི་སེམས་ཚོར་གནང་བ་ཤིན་ཏུ་ཉུང་། ངས་ཝེ་ཡེ་ན་སློབ་གླིང་རུ་གློག་བརྙན་བསླབ་ཁྲིད་ཀྱི་ལས་ཀ་བྱེད་ཀྱིན་ཡོད། གློག་བརྙན་འདི་ནི་ངས་རབས་གསར་བའི་སློབ་ཕྲུག་ཚོར་མཚམས་སྦྱོར་བྱའི་གློག་བརྙན་དང་པོ་དེ་ཡིན། ཁོ་ཚོས་ཡེ་ནས་ཧ་གོ་ཡི་མི་འདུག རྒྱུ་མཚན་ནི་ཁོང་ཚོར་གློག་བརྙན་འདིའི་རིགས་ལ་དགའ་ཞེན་མེད་པས་རེད། ད་ཡིན་ན་སློབ་ཕྲུག་དག་ལས་བརྒྱའི་ཆ་དགུ་བཅུ་ཟིན་པ་ལྷག་གིས་འདི་དང་འདྲ་བའི་གློག་བརྙན་ལ་ཁྱོན་ནས་བལྟས་མྱོང་མི་འདུག དེ་དངོས་ནས་ཞེ་ཁྲེལ་དགོས་ས་རང་རེད། ཁོང་ཚོར་གློག་བརྙན་དེ་འདྲར་ཇི་ལྟར་གོ་བ་ལེན་པའི་འཇོན་ཐང་མི་འདུག དེ་བས་ཧང་སངས་པ་དང་ཧ་ཅང་ཡི་མ་རངས་པའི་ཚུལ་སྟོན། དུས་ཚོད་རིང་པོ་འགོར་ན། ཁོང་ཚོས་ངེས་པར་ཡང་དང་བསྐྱར་དུ་བལྟ་དགོས། དེ་ལྟར་བྱས་ན་ཞིབ་ཆ་ཐོན་པའི་དཔྱད་ཡིག་ཅིག་བྲི་ཐུབ་ཀྱི་རེད། ངས་ཁོང་ཚོར་མཚམས་སྦྱོར་བྱས་པའི་གློག་བརྙན་གཞན་དག་དང་འདྲ་བར། ཁོང་ཚོས་མཇུག་མཐར་དེ་དག་ལ་སྔར་བས་ཤེས་རྟོགས་འབྱུང་སྲིད་པར་མ་ཟད་དེའི་ཁྲོད་ནས་རང་ཉིད་ལ་སྤྲོ་བ་རེ་ཡང་རྙེད་ཐུབ་ངེས། ཁོང་ཚོས་ཀྱང་རྗེས་སུ་འདི་དང་འདྲ་བའི་གློག་བརྙན་ཕབ་དགོས་ཟེར་བ་མིན། འོན་ཀྱང་ཁོང་ཚོའི་ཤེས་རྒྱ་ཡངས་པོ་ཆགས་ཐུབ་པ་དང་འཇིག་རྟེན་འདིར་རྣམ་པ་མི་འདྲ་བའི་གློག་བརྙན་འདི་འདྲ་བའང་ཡོད་པ་ཤེས་ངེས་རེད།

ཁྱེད་རང་དགའ་ཞེན་ཆེ་བའི་གློག་བརྙན་གསུམ་པོ་ལབ་པར་བྱ།

འདི་ནི་ཏག་ཏག་དགའ་ཞེན་གྱི་ངོས་ནས་ཐོན་པ་རེད། འདི་དག་ང་ལ་བག་ཆགས་ཆེས་ཟབ་པའི་བརྩམས་ཆོས་དག་ཡིན། «སོ་ཌོམ་གྱི་ཉིན༡༢༠»ནི་ཧ་ཅང་དམིགས་བསལ་བ་ཡིན། རྒྱུ་མཚན་གློག་བརྙན་འདི་དངོས་གནས་ཞེད་སྣང་ཚ་པོ་འདུག ངས་ཐེངས་གཅིག་མ་གཏོགས་ཡེ་ནས་བལྟས་མ་མྱོང་། 

ཁྱེད་རང་གིས་བསྡུ་ཉར་བྱས་པའི་དངོས་པོ་རྩ་ཆེ་ཤོས་དག་གི་གྲས་སུ་གློག་བརྙན་འདིའི་DVDཡོད་དམ།

ཡོད། འོན་ཀྱང་དེར་ལྟ་རྒྱུར་ང་རང་ཞེད་སྣང་སྐྱེས་འོང་། དང་ཐོག གློག་བརྙན་འདིས་ང་རང་ཁྱོན་ནས་ཉོབ་ཅིང་ཐིབས་པར་བཏང་སོང་། དེ་ལྟ་ཡིན་ཡང་ངས་སྔར་བཞིན་འདི་ནི་ཤུན་ཏུ་རིན་ཐང་ཆེ་བའི་གློག་བརྙན་ཞིག་རེད་འདོད། 

དེ་བས་ཁྱེད་རང་གིས་སློབ་ཕྲུག་ཚོར་དེ་སྟོན་མི་སྲིད་པ་རེད་དམ། 

སྟོན་མི་སྲིད། རྒྱུ་མཚན་སློབ་ཕྲུག་ཁ་ཤས་སྙིང་ཆུང་ལ་ཚོར་བ་སྙི་མོ་འདུག  །ལྷག་པར་བུ་མོ་ཚོ། ངས་ཁོང་ཚོའི་སེམས་ནང་དེ་འདྲའི་དངངས་སྐྲག་ཐེབས་སུ་འཇུག་མི་འདོད། འོན་ཀྱང་གློག་བརྙན་འདི་གལ་ཆེན་པོ་ཞིག་ཡིན་པ་ངས་ཁོང་ཚོར་གསལ་འདེབས་བྱ་ངེས། མ་ཟད་སྤོབས་པ་ཅན་ཚོར་བལྟ་རུ་འཇུག་ངེས། རང་རང་སོ་སོས་བདམ་ག་བཟོ་ཆོག་གི་རེད། ངས་སུའང་རང་ཤེད་ལ་འཇོག་ངེས་མིན། 

མི་མང་བོས་«སྡིག་པའི་རྩེད་མོ»དང་«སོ་ཌོམ་གྱི་ཉིན༡༢༠»གཉིས་མཉམ་དུ་བསྡུར་གི་འདུག དེར་ཁྱེད་རང་མོས་ཀྱི་འདུག་གམ།

རེད་དེ། གློག་བརྙན་འདི་གཉིས་ཀྱིས་དམིགས་པའི་ཡུལ་གཅིག་པ་རེད། འོན་ཀྱང་མཚོན་ཐབས་དང་རྣམ་པ་མི་འདྲ་བ་རེད། མ་མཐའ་ཡང་ངས་བསམ་པར་«སོ་ཌོམ་གྱི་ཉིན༡༢༠»ནི་དངོས་གནས་ཀྱི་དྲག་ཤུགས་གསལ་རྗེན་པར་ཕྱིར་བཏོན་པའི་གློག་བརྙན་ཉག་གཅིག་པུ་རེད། དུས་རྒྱུན་དྲག་ཤུགས་གློག་བརྙན་དག ལྷག་པར་ཏུ་ཨ་རིའི་གློག་བརྙན་དག དེ་དག་ནང་སྟོན་པའི་དྲག་ཤུགས་ནི་འཛད་སྤྱོད་ཁེ་ཕན་གྱི་དྲག་ཤུགས་ཁོ་ན་རང་རེད། གློག་བརྙན་ཁང་ནས་ཕྱིར་ཐོན་པ་དང་ཅི་ཡང་མ་བྱུང་བ་ལྟར་སྣང་། «སོ་ཌོམ་གྱི་ཉིན༡༢༠»ནི་དེ་དག་དང་མི་འདྲ། དེས་ངེད་ཅག་ལ་དོན་ངེས་པའི་དྲག་ཤུགས་ཀྱི་སྤྱོད་པ་ནི་ག་འདྲ་ཞིག་ཡིན་པ་ཤེས་སུ་འཇུག མ་ཟད་དེ་ནི་ཤུན་ཏུ་བཟོད་ཐབས་བྲལ་བ་ཞིག་རེད། ངའི་རེ་བ་ནི་«སྡིག་པའི་རྩེད་མོ»ཡང་ཚད་དེ་འདྲ་ཞིག་ལ་སྙེག་ཐུབ་ན་བསམ་བྱུང་། འོན་ཀྱང་ངས་གློག་བརྙན་འདི་གཉིས་གང་བྱས་ཀྱང་མཉམ་དུ་བསྡུར་བ་བཟོ་ཐབས་བྲལ། རྒྱུ་མཚན། གཅིག་ཤོས་ཕ་སོ་ལེ་ནི་ཡིས་ཕབ་པ་རེད། གཅིག་ཤོས་ནི་ངས་ཕབ་པ་རེད།
 
* «驴子巴特萨»1966 ཧྥ་རན་སི། Robert Bresson
* «镜子»1975 ཨུ་རུ་སི། Andrei Tarkovsky
* «索多玛120天»1976 ཨེ་ཊ་ལི། Pier Paolo Pasolini
* «趣味游戏»1997 ཨོ་སི་ཁྲི་རི་ཡ། Michael Haneke

 
(བཅར་འདྲིའི་རྩོམ་དུམ་འདི་ནི་རྒྱ་ཡིག་གི་འགྱུར་དེབ་«哈内克论哈内克»ཞེས་པ་ལས་བཏུས་ཤིང་བསྒྱུར།)

* ཞར་བཀོད། «ས་ལོ»ཡང་ན«སོ་ཌོམ་གྱི་ཉིན༡༢༠»

1482416546175139.jpg

(Salo, or the 120 days of Sodom. 1976. Pier Paolo Pasolini.)

འཁྲུག་ཆེན་གཉིས་པ་མཇུག་རྫོགས་མ་ཐག ཨེ་ཊ་ལིའི་བྱང་ཕྱོགས་ཀྱི་ཧྥ་ཤི་སི་བ་ཚོས་ས་ལོ་སྤྱི་མཐུན་རྒྱལ་ཁབ་ཞེས་པ་བཙུགས། དེ་གའི་དབང་བསྒྱུར་བ་དག་གིས་གཏུམ་དྲག་དང་གདུག་གཙུབ་ཀྱི་སྦྱོར་བས་མི་རྣམས་མནར། གློག་བརྙན་འདིས་ང་ཚོར་བསམ་གཞིག་མང་བོ་ཞིག་སློང་བར་བྱེད། དཔེར་ན་དུས་ཚོད་ཀྱིས་མནར་བའི་དབང་བསྒྱུར་བ་དག་གིས་འཇིག་རྟེན་འདིའི་རྒྱས་སྤྲོས་མ་ལུས་རོལ་ཡང་དུས་ཚོད་གཏོང་ཐབས་ལ་གང་བྱ་དགོས་མ་ཤེས་པར། བག་གཞའ་ཞིང་ཤེས་པ་འཐོམ། སྙིང་རྗེ་བོར། ཉོན་མོངས་འབའ་ཞིག་ནང་ཚུད། དེ་བས་ཁོ་ཚོའི་མིའི་རིགས་ཀྱི་བག་ཆགས་དང་འདུ་ཤེས་ལས་བརྒལ་ལ་མི་ཆོས་དང་བྲལ་བའི་རྩེད་མོ་སྣ་ཚོགས་པའི་ནང་གཡེང་། ཁོ་ཚོས་ཁང་བ་ཆེན་པོ་ཞིག་ཏུ་གཞོན་ནུ་ཕོ་མོ་མང་བོ་བསྡུས་ཤིང་གོས་སོགས་གྱོན་པ་གང་ཡང་མེད་པར་གཅེར་བུ་རྗེན་ནེར་གཤིན་འདྲེ་ལྟ་བུའི་སྤྱོད་པ་ཡིས་ཁོ་ཚོའི་ལུས་སེམས་མནར་ཞིང་དེ་ལས་རང་ཉིད་ལ་སྤྲོ་བ་དང་སྙིང་བོ་བཙལ།

ཉིན་མ་རེ་རེར། སྨད་འཚོང་མ་དག་གིས་རོལ་དབྱངས་ཀྱི་འགྲོས་དང་མཉམ་དུ་ཚོགས་སུ་ཆགས་སྒྲུང་འཆད། དབང་བསྒྱུར་བ་དག་བག་མེད་ལ་གཡེང་ཞིང་གཞོན་ནུ་ཕོ་མོ་ཚོ་པང་ལ་བླངས་ཏེ་མཆུ་སྦྱོར་ལ་རྒྱོ་རྒྱག སྐབས་རེར་གཞོན་ནུ་ཕོ་མོ་མཉམ་དུ་སྦྱར་ཞིང་རྒྱོ་རྒྱག་ཏུ་བཅུག་ནས་ལྟད་མོར་གཡེང་། གཞོན་ནུ་ཚོའི་སྐེ་ལ་ལྕགས་ཐག་བསྐོན་ཞིང་ཁྱི་བཞིན་ཁྲིད་ཅིང་ཟུག་ཏུ་བཅུག ཕྱིར་ངོ་ལོག་མཁན་ནི་འཆི་བ་ལས་ཐར་བ་གང་ཡང་མེད། ཁོ་ཚོས་མཉམ་དུ་གཅིན་སྐྱག་ཁ་ཟས་སུ་བྱས། དེ་ལྟ་བུའི་སྐྱུག་བྲོ་ལ་བཟོད་དཀའ་བའི་ཚོད་ལྟའི་འཚོ་བ་སྣ་ཚོགས་ཀྱིས་ཉི་མ་འདའ་བར་བྱས་པའི་མཐའ་མར་གཞོན་ནུ་དེ་ཚོར་དམྱལ་བའི་བཙོ་ཟངས་ནང་སྦྱོང་བ་ལྟ་བུའི་ཉེས་ཆད་བཅད། མིག་རྡོ་དྲུས་ནས་ཕྱིར་བཏོན། ཕོ་མཚན་ནི་བཅད། མོ་མཚན་ནང་ལ་མེ་ཡིས་ངར་བའི་ལྕགས་ནར་དང་གྲི་སོགས་བཙུད། ཀླད་པགས་དང་ནུ་མ་ལ་སོགས་གསོན་བཤུ་གསོན་སྲེག་བྱས། དེ་འདྲའི་ཐལ་དྲག་པ་དང་གདུག་རྩུབ་ཆེན་པོའི་སྤྱོད་པ་དང་ལྟད་མོ་ཡིས་ད་བཟོད་ཁོ་ཅག་གི་ཚོར་བ་མགུ་བར་བྱེད་ནུས། གཅན་གཟན་གྱི་འཚོ་བ་འདི་འདྲ་ནི་ཁོ་ཚོའི་འཇིག་རྟེན་གྱི་ཆེས་མཆོག་གྱུར་གྱི་རྒྱས་སྤྲོས་ལྟ་བུར་ཆགས།

གློག་བརྙན་འདི་ནི་འཛམ་གླིང་ཁྱོན་ནང་བཀག་སྡོམ་བཟོས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་གི་གཏམ་རྒྱུད་དང་རྣམ་པ་ནི་དངོས་ནས་བཟོད་ཐབས་བྲལ་བ་ཞིག་རེད་མོད། འོན་ཀྱང་གློག་བརྙན་འདིའི་ཤུགས་རྐྱེན་དང་བརྗོད་བྱ་ནི་གཏམ་རྒྱུད་ཙམ་ལས་ཡོངས་སུ་འགོངས་ཤིང་། ཆབ་སྲིད་དང་མི་ཆོས། དད་མོས་དང་རང་དབང་། དུས་ཚོད་དང་སྐད་ཆ་ལ་སོགས་པར་བསམ་གཞིག་གི་སྣེ་མོ་གསར་བ་ཞིག་སྤྲད་ཡོད་པ་རེད། མིའི་རིགས་འཚོ་བ་ལ་ཀུན་དང་མཐུན་པའི་ཚད་ཅིག་དགོས་སམ། རང་དབང་ནི་ག་འདྲ་ཞིག་ལ་ཟེར། ཆབ་སྲིད་དང་ལུགས་སྲོལ་ནི་དོན་དམ་ག་འདྲ་བའི་ལམ་ཞིག་ལ་འགྲོ་འོས། དུས་ཚོད་ཀྱིས་དོན་དམ་ང་ཚོར་ཅི་ཞིག་བསྐྱལ་འོང་གིན་འདུག འདི་དག་ལས་གཞན་ཤེར་རྟོག་རིག་པའི་གནས་ལུགས་ཀྱིས་ཀྱང་སྡོམ་དཀའ་བའི་དྲི་བ་མང་བོ་ཞིག་གིས་ང་ཚོའི་ཀླད་པའི་ནང་འགེངས་པར་བྱེད། འདི་ནི་གློག་བརྙན་འདིའི་དོན་ངེས་པའི་རིན་ཐང་ཡང་རེད།

མང་བོ་ཞིག་གིས་གློག་བརྙན་འདིའི་ནང་ཧྥ་ཤི་སའི་དབང་བསྒྱུར་མཁན་ཚོའི་དྲག་པོའི་རྩུབ་སྤྱོད་ལ་མཚང་འབྱིན་དང་སྐྱོན་བརྗོད་ཚ་ནན་བྱས་འདུག་ཅེས་འགྲེལ་འོང་། དེ་བདེན་ཡང་། དེ་ཙམ་གྱིས་གློག་བརྙན་འདིའི་ལྗིད་ཚད་ཁྱོན་ནས་འཇོག་ཐུབ་གི་མེད། དབང་བསྒྱུར་མཁན་ནི་མི་རེད། མི་ཙམ་ལ་མཚང་འབྱིན་དང་སྐྱོན་བརྗོད་བྱས་པ་ཡིས་ཅི་ཡང་མི་འོང་། དབང་བསྒྱུར་མཁན་དེ་དག་ཅིའི་ཕྱིར་དེ་འདྲ་ཞིག་ལ་གྱུར་སོང་བ་རེད། འདི་ནི་གནད་རེད། ངས་བསམ་ན་གློག་བརྙན་འདིའི་ནང་མི་ནི་ཧ་ཅང་ཉམ་ཆུང་འཁོས་ཞན་དང་རྨོངས་པས་ཁེངས་པ་ཞིག་ལ་སྣང་། མི་རྣམས་བྲན་བསྒྱུར་དང་གཟེབ་ལ་འཇུག་པའི་གཟུགས་མེད་པའི་དངོས་པོ་སྟེ། བག་ཆགས་དང་འདུ་ཤེས་དང་དད་མོས་དང་ལུགས་སྲོལ་ལ་སོགས་པའི་བསམ་བློའི་དྲ་རྒྱ་དེ་ནི་གློག་བརྙན་འདིའི་དོན་ངེས་པའི་ཐེར་འདོན་བྱ་ཡུལ་རེད་བསམ་བྱུང་། ཨེ་ཊ་ལིའི་དེང་རབས་ཤེར་རྟོགས་སྨྲ་བ་ལྗི་ཨོར་ལྗོ་ཨ་རྒམ་བྷིན་ལ་སྐད་ཆ་ཞིག་ཡོད་དེ། "དེང་རབས་ཆབ་སྲིད་རིག་པ་ནི་ཉམས་དམས་རང་བཞིན་གྱི་ཚོད་བགམ་ཐེངས་ཤིག་དང་འདྲ། དེས་གོ་ལ་འདིའི་སྟེང་གི་ལམ་ལུགས་དང་དད་མོས། འདུ་ཤེས་འཛིན་སྟངས་དང་ཆོས་ལུགས། ཐོབ་ཐང་དང་རིགས་རུས་སྤྱི་ཚོགས་མཐའ་དག་ལ་གོ་འཛོལ་ཐེབས་སུ་འཇུག་པར་མ་ཟད་རྩ་བ་ནས་ཉམ་དམས་སུ་གཏོང་བར་བྱེད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་ཁོག་པ་སྟོང་པའི་ཕྱི་ཤུན་གསར་བ་ཞིག་གིས་སྔར་ཡོད་པ་དག་གི་ཚབ་བྱེད་པའོ།།"* ཏག་ཏག་གློག་བརྙན་འདིའི་ནང་གི་དབང་བསྒྱུར་བ་དག་ནི་ཨ་རྒམ་བྷིན་གྱིས་བསྟན་པའི་ཕྱི་རྣམ་གྱི་ཤུན་གོག་དེའི་ནང་ཚུད་པའི་མི་དག་ཅི་ལ་མིན། དེ་དང་འདྲ་བར་ངེད་ཅག་ཞེད་སྔངས་སྐྱེ་དགོས་ས་ནི་མི་མ་ཡིན་པར་མི་རྣམས་ཀྱི་འཚོ་བ་དང་འདུ་ཤེས་ལ་འདྲིས་པའི་ཆབ་སྲིད་དང་ཆོས་ལུགས་དང་སློབ་གསོ་ལ་སོགས་པའི་ལམ་ལུགས་དག་རེད། འདི་དག་ཐམས་ཅད་མིས་བཟོས་པ་ཡིན་པ་བདེན་མོད། མི་བཟོས་པ་དག་མི་རང་ལས་བརྒལ་བའི་སྐབས་སུ་ད་གཟོད་འཇིགས་ཉེན་བསྐྱལ་འོང་གི་རེད། འདི་ནི་བསམ་གཞིག་གནང་སའི་གནད་དམ་རྩ་བའང་རེད། གློག་བརྙན་འདི་དུས་ཚོད་ཀྱིས་ཟད་དཀའ་བའི་རིན་ཐང་ལྡན་པ་ཞིག་ལ་གྱུར་བའི་རྩ་བའང་འདི་ལས་མངོན་ནོ།།

(ཆོག་མཆན་མེད་པར་གང་བྱུང་དགོལ་མི་ཆོག)

དཔྱད་མཆན་ཡོད།