རྒྱ་གར་གྱི་གློག་བརྙན་སྐད་གྲགས་ཅན་བྷ་ཧུ་བྷ་ལི་ལེའུ་གཉིས་པ།

baahubali-2-em.jpg

ཉིན་འདི་སྐད་གྲགས་འབར་བཞིན་པའི་རྒྱ་གར་གྱི་གློག་བརྙན་བྷ་ཧུ་བྷ་ལི་གཉིས་པ་(Baahubali 2)བསྟན་པའི་གཟའ་འཁོར་དང་པོར།ད་སྔའི་རྒྱ་གར་གློག་བརྙན་ཚང་མའི་ནང་གི་ཡོང་འབབ་ཆེ་ཤོས་ཨང་དང་པོ་དེ་ཆགས་ཡོད་པ་དང་། རྒྱ་གར་གྱི་(India Today Report)ཞེས་པའི་གསར་ཤོག་སྟེང་།བྷ་ཧུ་བྷ་ལི་གཉིས་པར་ཧིན་སྒོར་ས་ཡ་༤༥༠༠ལྷག་བྱུང་ཡོད་ཚུལ་བཀོད་ཡོད།

གློག་བརྙན་དེ་མ་རྩ་ཧིན་སྒོར་ས་ཡ་༢༥༠༠ཡིས་བཟོས་ཡོད་པ་དང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུའི་གློག་བརྙན་ཁང་༩༠༠༠ལྷག་གི་ནང་བསྟན་ཡོད་འདུག

རྒྱ་གར་གྱི་གློག་བརྙན་མཐུན་ཚོགས་ཀྱིས་བསྒྲགས་པ་ལྟར་ན། བྷ་ཧུ་བྷ་ལི་བསྟན་པའི་ཉིན་གཉིས་ཀྱི་ཡོང་འབབ་ཧིན་སྒོར་ས་ཡ་༢༢༢༠བྱུང་ཡོད་སྟབས།དེ་སྔ་གློག་བརྙན་སྐད་གྲགས་ཆེ་ཤོས་རཱ་ཡེ་སི་(Raees)ཞེས་པར་ཧིན་སྒོར་ས་ཡ་༡༢༩༠དང་། ཀཱ་དྷི་༡༥༠ (Khaidi No.150)ཞེས་པར་སྒོར་ས་ཡ་༡༢༠༠། བྷ་ཌི་ནཱ་ཐི་ཀཱི་ཌུ་ལེ་ཡ་(Badrinath Ki Dulhaia)ཞེས་པར་སྒོར་ས་ཡ་༡༡༤༠བཅས་བྱུང་བའི་གྲགས་པ་ཐམས་ཅད་ཉམས་པར་བྱས་ཡོད།

བྷ་ཧུ་བྷ་ལི་དང་པོ་དེ་༢༠༡༥ལོའི་ཟླ་༧ཚེས་༡༠ཉིན་འགྲེམ་སྤེལ་བྱས་ཡོད་ཅིང་། སྐབས་དེར་འབབ་ཧིན་སྒོར་ས་ཡ་༦༥༠༠བྱུང་ཡོད། ཐེངས་འདིར་བྷ་ཧུ་བྷ་ལི་གཉིས་པའི་གཟའ་འཁོར་དང་པོའི་ཡོང་འབབ་ལ་གཞིགས་ན། སྔར་གྱི་སྐད་གྲགས་ཆེ་བའི་ཡོང་འབབ་མང་ཤོས་ཡོངས་ལས་བརྒལ་ཏེ། རྒྱ་གར་ལོ་རྒྱུས་ནང་གི་ཡོང་འབབ་ཆེ་ཤོས་ཀྱི་གློག་བརྙན་དེ་ཆགས་རྒྱུའི་རེ་བ་ཡོད་འདུག ད་སྔ་རྒྱ་གར་གྱི་གློག་བརྙན་ཡོང་འབབ་ཆེ་ཤོས་པཱི་ཀེ་(PK)ཞེས་པ་དེ་ཡིན་ཞིང་།དེར་ཡོང་འབབ་ཧིན་སྒོར་ས་ཡ་༧༩༢༠བྱུང་ཡོད་པ་རེད།

བྷ་ཧུ་བྷ་ལི་གློག་བརྙན་གྱི་འཁྲབ་གཞུང་རྩོམ་པ་པོ་སྐུ་ཞབས་ཀེ་ཝི་ཝི་ཇེ་ཨན་ཌ་ར་པྲ་པཏ་(K.V. Vijayendra Prasad)ལགས་ཡིན་པ་དང་། ཁོང་ལ་དེ་སྔ་འཁྲབ་ཚན་འབྲི་མཁན་ཕུལ་འབྱུང་གི་རྟགས་མ་མང་པོ་ཐོབ་ཡོད་འདུག་ལ།བྷ་ཧུ་བྷ་ལི་གློག་བརྙན་དང་པོ་དང་གཉིས་པ་བཟོ་མཁན་ར་མཱའོ་ལི་ནི་ཁོང་གི་བུ་ཡིན་འདུག གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་བྷ་ཧུ་བྷ་ལི་ཡི་འཁྲབ་སྟོན་པ་ནི་པྲ་བྷས་(Prabhas)ཡིན་པ་དང་། ཁོ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་ཏལ་ལི་གཱུ་(Telegu)གློག་བརྙན་འཁྲབ་མཁན་ཞིག་ཡིན་པ་དང་། ༢༠༠༢ལོ་ནས་གློག་བརྙན་འཁྲབ་མགོ་བཙུགས་ཏེ། ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་ཐེངས་མང་པོར་ཐོབ་ཡོད་པ་དང་། ད་སྔ་གློག་བརྙན་༢༡ཙམ་གྱི་ཐོག་ཕྱག་ལས་གནང་ཡོད་འདུག

གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་སྐུ་ཞབས་ཨེས་ཨེས་རཱ་ཇ་མཱའོ་ལི་(SS Rajamouli)དང་། འཁྲབ་སྟོན་པ་གཙོ་བོ་དག་ནི་པྲ་བྷས་(Prabhas)། རཱ་ན་དྷ་གུ་བྷ་ཏི་(Rana Daggubati)། སཱཏ་ཡ་རཱཇ་(Sathyaraj)། ཏཱ་མན་ནཧ་(Tamannaah)། ཨ་ནུས་ཀཱ་(Anushka)དང་། ནཱ་སིར་(Nasser)བཅས་ཡིན་འདུག བྷ་ཧུ་བྷ་ལི་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་ཞིག་ཡིན་སྟབས་ཐོག་མ་ལྷོ་ཕྱོགས་ཀྱི་སྐད་ཡིག་ནང་བཟོས་ཡོད་ཅིང་། ཀཱ་རན་ཇོ་ཧར་(Karan Johar)གློག་བརྙན་ཕབ་སྐྲུན་ཁང་གིས་སྤྱི་སྐད་ཧིན་རྡིའི་སྐད་ནང་ཕབ་སྒྱུར་བྱས་པ་ཡིན་འདུག

གསར་ལམ་ཁག་གིས་གློག་བརྙན་དེའི་སྐོར་ལ་དཔྱད་བརྗོད་སྤེལ་བ་ལྟར་ན། བྷ་ཧུ་བྷ་ལི་གཉིས་པ་ནི་བྷ་ཧུ་བྷ་ལི་དང་པོ་ལས་ཀྱང་གཟི་ཉམས་དང་འོད་རླབས་བཀྲག་མདངས་འཚེར་བ། འཁྲབ་སྟོན་པའི་འཕག་མཆོང་ངོ་མཚར་ཆེ་བ་དང་།འཁྲབ་ཚན་རྩོམ་སྒྲིག་འབྲེལ་ཆགས་པ། རྙོག་འཛིང་གི་འཁྲུག་རྩོད་ལ་ཡིད་འགུག་གི་ནུས་པ་ལྡན་ཚུལ་སོགས་བཀོད་ཡོད།

1506411543369384.jpg

དཔལ་འབྱོར་ཁེ་ལས་བ་ཚོས་བྷ་ཧུ་བྷ་ལི་གཉིས་པའི་ཡོང་འབབ་བྷ་ཧུ་བྷ་ལི་དང་པོ་ལས་ཀྱང་བརྒལ་ཏེ། མི་འགྱངས་བར་ཡོང་འབབ་ཧིན་སྒོར་ས་ཡ་༡༠༠༠༠ཟིན་རྒྱུ་ཡིན་པ་དང་། རྒྱ་གར་གློག་བརྙན་མཐུན་ཚོགས་ཀྱི་དངུལ་གྱི་ཡོང་འབབ་མང་ཤོས་དེ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུགའདས་པའི་ལོ་ངོ་གཉིས་ནང་བྷ་ཧུ་བྷ་ལི་དང་པོའི་འགྲན་ཡར་ཡོང་བའི་གློག་བརྙན་གཅིག་ཀྱང་བྱུང་མེད་པ་དང་། བྷ་ཧུ་བྷ་ལི་དང་པོ་༢༠༡༥ལོར་ཐོན་སྐབས་རྒྱ་གར་གྱི་གློག་བརྙན་ཁང་༤༠༠༠ནང་བསྟན་ཏེ་ཉིན་དང་པོ་རང་ལ་ཧིན་སྒོར་ས་ཡ་༥༠༠བྱུང་ཡོད་འདུག

ཐེངས་འདིའི་བྷ་ཧུ་བྷ་ལི་གཉིས་པ་སྒོ་འབྱེད་སྐབས།མི་མང་གིས་དངུལ་སྤྲད་དེ་བརྙན་འཕྲིན་བརྒྱུད་ནས་ཐད་གཏོང་ལ་ལྟ་མཁན་དང་། གློག་བརྙན་ཁང་དུ་ལྟ་མཁན་གཉིས་བསྡོམས་པའི་ཉིན་དང་པོའི་ཡོང་འབབ་ཧིན་སྒོར་ས་ཡ་༥༠༠༠བྱུང་ཡོད་འདུག རྒྱ་གར་གྱི་སཱོ་ནཱི་བརྙན་འཕྲིན་(Sony TV)ཁང་གིས་གློག་བརྙན་དེ་ཐད་གཏོང་བདག་དབང་ལ་ཧིན་སྒོར་ས་ཡ་༥༡༠སྤྲད་དེ་ཉོས་ཡོད་ཅིང་། རྒྱ་གར་གྱི་གློག་བརྙན་ལོ་རྒྱུས་ནང་ཡུལ་བྱེ་བྲག་པའི་གློག་བརྙན་ཐད་གཏོང་བདག་དབང་ཉོས་པའི་རིན་གོང་ཐོ་ཤོས་དེ་ཆགས་ཡོད་འདུག

བྷ་ཧུ་བྷ་ལི་གློག་བརྙན་གཉིས་པ་དེ་༢༠༡༧ཟླ་༤ཚེས་༢༨ཉིན་ཉིན་དབུ་འབྱེད་བྱས་ཡོད་པ་དང་། དེ་རིང་བར་གྱི་ཉིན་བཅུའི་ནང་སྤྱིའི་ཡོང་བབ་ཧིན་སྒོར་ས་ཡ་ཆིག་ཁྲི་ལས་བརྒལ་ཡོད་འདུག

བྷ་ཧུ་བྷ་ལི་ཞེས་པའི་གློག་བརྙན་དེའི་ནང་དོན་རྟོག་བཟོ་རང་བཞིན་གྱི་འཁྲབ་གཞུང་ཞིག་ཡིན་པ་དང་། མཱ་ཧིཤ་མ་ཊི་(Mahishmati)ཞེས་པའི་རྒྱལ་སྲིད་ལ་སྲས་གཉིས་ཡོད་པ་དང་། སྲས་དེ་གཉིས་ལའང་སྲས་རེ་ཡོད་འདུག སྲས་དེ་གཉིས་རིམ་པས་ན་སོན་རྗེས་ཁོ་རང་གཉིས་ཀ་རྒྱལ་ཕྲན་གཞན་པ་ཀཱུན་ཏ་ལཱ་(Kuntala)ཡི་རྒྱལ་པོའི་སྲས་མོ་དྷེ་ཝ་སེ་ནཱ་(Devasena)ཞེས་པ་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད་པ་དེར་སེམས་ཤོར་ཡོད་འདུག རྒྱལ་པོའི་རྒྱལ་སྲིད་སྲས་བྷ་ལ་དྷེ་ཝ་(Bhalladeva)ལ་སྤྲད་ཡོད་ཀྱང་། སྲས་མོ་དྷེ་ཝ་སེ་ནཱ་ཡིས་རྒྱལ་སྲས་བྷ་ཧུ་བྷ་ལི་(Amarendra Bahubali)ལ་བློ་ཐད་བཅོལ་ཏེ་ཁོང་ལ་གཉེན་སྒྲིག་བྱས་ཡོད། བྷ་ཧུ་བྷ་ལི་ནི་མི་གཞུང་དྲང་སེམས་བཟང་། དཔའ་མཛངས་རྟུལ་ཕོད་ལྡན་པ་ཞིག་ཡིན་ཞིང་། ཁོ་རང་གིས་དམག་དཔོན་གྱི་མགོ་གནས་བཟུང་ཡོད་ཀྱང་མི་མང་གི་སེམས་ནང་ཁོ་རང་རྒྱལ་པོ་ལྟ་བུར་བརྩི་བཞིན་ཡོད་སྟབས། བྷ་ལ་དྷེ་ཝས་ཕྲག་དོག་སྐྱེས་ཏེ་བྷ་ཧུ་བྷ་ལི་ལ་ཉེས་འདོག་སྣ་ཚོགས་བྱས་ཏེ་རྒྱང་འཕུད་བཏང་ཡོད།

d2deef102343ad63d5fc1872ab493ba3.jpg

བྷ་ཧུ་བྷ་ལི་དང་དྷེ་ཝ་སེ་ནཱ་གཉིས་མི་མང་དཀྱུས་མའི་ཁྲོད་སྔར་ལྟར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་པ་ཐོས་ཏེ། བྷ་ས་དྷེ་ཝ་སྔར་ལས་ལྷག་གི་ཕྲག་དོག་དང་ཁོང་ཁྲོ་ལངས་ཏེ། བྷ་ཧུ་བྷ་ལི་ཡིས་རྒྱལ་སྲིད་འཕྲོག་རྒྱུའི་ལྐོག་ཇུས་འཐེན་བཞིན་ཡོད་པའི་ཉེས་འཛུགས་བྱས་ཏེ། དམག་སྤྱི་ཀཱ་ཏམ་པར་(Kattappa)ལ་བཀའ་བཏང་སྟེ་བྷ་ཧུ་བྷ་ལི་གསོད་དུ་བཅུག་ཡོད། འོན་ཀྱང་། རྗེས་སུ་དམག་སྤྱི་ཀཱ་ཏམ་པ་ཡིས་རྒྱལ་བོ་བྷ་ལ་དྷེ་ཝ་ཡི་གཡོ་སྒྱུ་དེ་དག་ཧ་གོ་སྟེ་རྒྱལ་མོལ་སྦེད་གསང་མེད་པར་བཤད་ཡོད་སྟབས། རྒྱལ་མོ་ཡིས་བྷ་ཧུ་བྷ་ལི་ཡི་གྲོངས་རྐྱེན་མི་མང་ལ་གསལ་བཤད་དང་། མ་འོངས་པའི་རྒྱལ་པོ་བྷ་ཧུ་བྷ་ལི་ལ་གསར་དུ་འཁྲུངས་པའི་སྲས་དམར་འབྱར་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས། བྷ་ལ་དྷེ་ཝས་རང་གི་ཨ་མས་དེ་ལྟར་ཁྱབ་བསྒྲགས་བྱས་བ་ཐོས་རྗེས་བྷ་ཧུ་བྷ་ལིའི་ཆུང་མ་འཛིན་བཟུང་བྱས་པར་བཏང་སྐབས། བྷ་ཧུ་བྷ་ལིའི་ཆུང་མས་སྔ་ས་ནས་ཤེས་ཏེ་རང་ཉིད་འཛིན་བཟུང་མ་བྱས་སྔོན་ནས་ཕྲུ་གུ་མཱ་ཧིན་ཌ་ར་བྷ་ཧུ་བྷ་ལི་(Mahendra Bahubali)ཡུལ་མི་རྣམས་ལ་བཅོལ་ཡོད་འདུགལོ་ངོ་༢༥ཡི་རྗེས་ལ་བྷ་ཧུ་བྷ་ལི་གཞོན་པས་རང་གི་ཁྱིམ་རྒྱུད་ཀྱི་འདས་དོན་རྣམས་ཧ་གོ་སྟེ་སླར་རྒྱལ་ཁབ་ཏུ་ལོག་སྟེ་རང་གི་ཕ་མ་གཉིས་ཀྱི་དགྲ་ཤ་བླངས་ཡོད་པ་རེད།

དཔྱད་མཆན་ཡོད།